ཨེ་མ་ཧོ།
ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྗེས་དྲན་དབྱངས་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨ་བྷྱེ་ལཀྵཾ་ཀ་ར་ཡེ།
ཀ་དག་ལྷུན་གྲུབ་དགོངས་པ་བརྙེས་པའི་སྐུ། །
ཁ་བའི་ལྗོངས་ཀྱི་ཡིད་བཞིན་ནོར་བུ་ཉིད། །
ག་དུས་དྲན་ཚེ་ཐབས་ཤེས་སྩོལ་མཛད་པའི། །
ང་ཡི་རིག་པའི་ཡེ་ཤེས་རྒྱལ་པོ་རྒྱུན་དུ་དྲན། །
ཅ་དག་དགེ་སྦྱོང་རྣལ་མའི་རྣམ་ཐར་ཅན། །
ཆ་ལུགས་ཆོས་བཞིན་སྤྱོད་པས་འགྲོ་འདུལ་བ། །
ཇ་སོགས་བཟའ་བཏུང་རྒྱུ་ནོར་སྟེར་བའི་མགོན། །
ཉམ་ཆུང་བདག་གིས་ཡིད་བཞིན་ནོར་བུ་དྲན། །
ཏ་ཐྰ་ག་ཏའི་རྒྱལ་ཚབ་རིན་པོ་ཆེ། །
ཐ་དག་མགོན་དུ་སྣང་བའི་ཆོས་ཀྱི་རྗེ། །
ད་ལྟའི་དུས་རབས་བྱོན་པའི་སངས་རྒྱས་དངོས། །
ན་མོ་སྒོ་གསུམ་དད་ཅིང་གུས་པས་དྲན། །
པ་ར་མི་ཏྰའི་ཕྱིན་བཅུའི་ས་མཐོར་གཤེགས། །
ཕ་མའི་རྒྱུད་སྡེ་རྫོགས་ཆེན་དགོངས་པར་བརྙེས། །
བ་དན་བཞིན་དུ་བསྟན་སྲིད་དགུང་དུ་བསྒྲེངས། །
མ་ལུས་འགྲོ་བའི་སྐྱབས་གནས་སྙིང་ནས་དྲན། །
ཙ་ར་ཁུང་དག་བརྒྱུད་པའི་བྱིན་རླབས་གཙང་། །
ཚ་གྲང་ཀུན་སེལ་ཉི་ཟླ་ནོར་བུ་མཚུངས། །
ཛ་ཡའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཚུལ། །
ཝ་ལེར་བསམ་ཚེ་ཀུན་བཟང་བླ་མ་དྲན། །
ཞྭ་དམར་སྔ་འགྱུར་ཐེག་པའི་གཏེར་ཆེན་རྗེ། །
ཟ་ཧོར་མཁན་པོའི་རྒྱུན་སྐྱོང་འདུལ་འཛིན་ཆེ། །
འ་ཅག་རིག་འཛིན་བརྒྱུད་པའི་རྣལ་འབྱོར་པ། །
ཡ་མཚན་དམ་པ་སངས་རྒྱས་ཡེ་ཤེས་དྲན། །
ར་ལུག་དུད་འགྲོར་ཆོས་ཀྱིས་སྨིན་པར་མཛད། །
ལ་ལུང་མེད་པར་རྒྱལ་བསྟན་གཞིར་བཞེངས་བསླངས། །
ཤ་ཞེན་ཆེན་པོས་བསྟན་སྲིད་རྨད་བྱུང་བརྡལ། །
ས་བཅུའི་མགོན་པོ་རྒྱལ་བ་རིན་ཆེན་དྲན། །
ཧ་ཅང་དྲན་པའི་གདུང་བ་མ་བཟོད་ནས། །
ཨ་ཏིའི་ཟབ་དོན་མཁྱེན་པའི་བླ་མ་ལ། །
ཨི་ལྡན་དབྱངས་གསལ་རྗེས་དྲན་མེ་ལོང་འདི། །
ཨུ་རྒྱན་སྒྲོལ་མས་བསྐུལ་ལྟར་སྙིང་ནས་ཕུལ། །
ཨེ་ཝྃ་རིག་པའི་དེ་ཉིད་ཀུན་ཏུ་བཟང་། །
ཨོ་རྒྱན་རིག་འཛིན་མཁས་གྲུབ་རྒྱལ་བའི་སྲས། །
འཇིག་རྟེན་མུན་པ་བསལ་བའི་གཉེན་གཅིག་པུ། །
ཆོས་རྗེ་ཡིད་བཞིན་ནོར་བུ་སྙིང་ནས་དྲན། །
མཐོ་ལ་རྒྱལ་པན་དམ་པར་དམ་ཆོས་བསྩལ། །
དམའ་བར་ཉམས་ཐག་འགྲོ་བར་བུ་བཞིན་གཅེས། །
མཐོ་དམན་དྲག་ཞན་མེད་པར་བྱམས་ཆེན་མཆོག །
མ་མཇལ་ལོ་བཅུ་སོང་ཡང་བརྗེད་མེད་དྲན། །
སྔ་མོར་སྔོན་འགྲོའི་སྐབས་སུ་བསམ་བཞིན་དྲན། །
ཉིན་མོར་སྤྱོད་ལམ་འཇུག་ཀྱང་བླ་མ་དྲན། །
མཚན་མོའི་རྨི་ལམ་ནང་ནས་ཡང་ཡང་དྲན། །
རྟག་ཏུ་བླ་མ་ཡིད་བཞིན་ནོར་བུ་དྲན། །
དྲན་དྲན་རྒྱལ་ཀུན་སྤྱི་གཟུགས་ཁྱེད་ཉིད་དྲན། །
དྲན་པའི་ཡེ་ཤེས་ཐབས་ཤེས་དངོས་གྲུབ་ཀུན། །
ཀུན་བཟང་རྒྱལ་བའི་དགོངས་ཡོངས་སུ་རྫོགས། །
རྫོགས་ཆེན་བསྟན་པས་འགྲོ་རྣམས་སྨིན་གྲོལ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་རྒྱལ་ཟླའི་ཉ་གང་ཉིན་ཆོས་རྗེ་ཡིད་བཞིན་ནོར་བུའི་འདས་མཆོད་ཡིན་པར་བྲེལ་བ་དང་།དྲིན་ཆེན་ཨ་མ་ཨོ་རྒྱན་སྒྲོན་མས་བསྐུལ་བ་བཞིན་དུ་དུང་ཞེན་དད་པའི་དབྱངས་གསལ་ཤེལ་དཀར་གྱི་ཕྲེང་བ་ལྟ་བུ་གཙང་དག་མཛེས་པའི་འཆར་སྣང་བཞིན་ཨེ་ཝྃ་སྨན་ཁང་ནས་ཤྲྰིཿསྨྱོན་ཨེ་མ་ཧོས་སྙིང་ནས་གསོལ་བ་འདེབས་པར་དགེའོ། །
ཁ་བརྡ་སང་དང་མཁན་ཆེན་སང་ལ་བཀའ་དྲིན་ཆེ་ཞུ། འདིས་ཚེས་པ་བཅོ་ལྔའི་ཉིན་མོ་རེད། ང་ཚོའི་བླ་མ་ཁོང་ལྟ་བུ་ལ་རྗེས་དྲན་ཞུ་དགོས་ཡ།
ང་ཡི་རིག་པའི་ཡེ་ཤེས་རྒྱལ་པོ་རྒྱུན་དུ་དྲན།
ཚིག་རྐང་འདི་ལ་ཚིག་བཅུ་གཅིག་འབྲི་དགོས་པའི་རྒྱུ་མཚན་གང་ཡིན་ནམ
སྔོན་མ་ཡིན་ན་རྙིང་མའི་བླ་མ་མང་པོར་དད་གུས་ཡོད་་་འོན་ཀྱང་རྗེས་སུ་་་ཁ་བརྡ་སོགས་ཀྱི་ནང་དུ་རྙིང་མའི་རྗེས་འཛིན་དུ་ཁས་མཆེ་བ་ཨོ་ཉི་དང་དཔལ་དགྱེས་སྤོབས་མཐའ་པདྨ་ལས་སོགས་ཀྱི་མང་ཅན་པ་ཚོས་གཞན་གྱི་ཆོས་ལུགས་ལ་སྨ་འབེབས་ཚད་མེད་བྱས་པར་ཞེན་པ་གཏིང་ན་ལོག་དགོས་པ་ཞིག་བྱུང། འོན་ཀྱང་བླ་མ་ཁོང་དང་གྲུབ་དབང་པད་ནོར་སོགས་ལ་ད་ལྟའང་གུས་ཞབས་དང་གུདང་སེམས་མཉམ་བསྐྱེད་ཡོད།
གུས་པས་བླ་མ་ཁོང་གི་ལོ་རྒྱུས་དང་སྐུ་ཡོན་རྟོགས་པ་སོགས་ཧ་མི་གོ་ཡང་ཁོང་གིས་བྲིས་པའི་དུས་རབ་ཉེར་ཅིག་པ་ཕུལ་བའི་རོལ་དབྱང་ཞེས་པའི་དེབ་དེ་མཐོང་སྐབས་བླ་མ་ཁོང་ལ་སེམས་སྟིང་ནས་གུས་ཞབས་དང་ཡིད་ཆས་གཙང་མ་ཡོད།
ཆོས་ཀྱི་སྐུ་དངོས་དཔལ་གྱི་དགྱེས་བ་དངོས།
ལོངས་སྤྱོད་རྫོགས་པར་ཨ་ཕྱི་མ་ཡི་མཚན།
སྤྲུལ་པའི་སྐུ་རུ་སྣ་ཚོགས་པདྨའི་མཚན།
སྐུ་གསུམ་གཅིག་འདུས་་ཤྲཱི་ཧེ་རུ་ཀ།
བླ་མའི་དགོངས་པ་རྫོགས་པ་ཐེ་ཚོམ་མེད།
བླ་མའི་སྙིང་ནས་དྲན་པ་ཐེ་ཚོམ་མེད།
བླ་མ་གསོལ་འདེབས་པ་ཐེ་ཚོམ་མེད།།
སྔ་འགྱུར་བསྟན་པ་འཛིན་ལ་ཐེ་ཚོམ་མེད།
མཐོ་ལ་རྒྱལ་པན་དམ་པར་དམ་ཆོས་བསྩལ། །
འདི་ལ་གོ་བ་་ཞིག་ཐེབས་མ་སོང་།
མཐོ་ལ་རྒྱལ་པཎ་དམ་པར་དམ་ཆོས་བསྩལ། །ཅེས་པའི་གོ་དོན་འདི་ལྟར་ཡིན་འདྲ། མཐོ་ས་ནས་བཤད་ན་རྒྱལ་བ་དང་པཎ་ཆེན་སོགས་སྐྱེས་བུ་དམ་པ་རྣམས་ལའང་དམ་པའི་ཆོས་ཀྱི་བཀའ་ཁྲིད་བསྩལ་ཅེས་གོ་དགོས་པ་འདྲ།
ཀ་རྩོམ་འདི་འདྲ་ཁ་ནས་ཐོན་ལུགས་ལ། །ག་ལེར་བསམ་ན་ང་ལས་མཁས་ཤིག་འདྲ།།
་་་་་ ར་ལུག་དུད་འགྲོར་ཆོས་ཀྱིས་སྨིན་པར་མཛད། ། ་་་་་་་་་་
་་་་་་་་་་ སྔོན་མ་ཡིན་ན་རྙིང་མའི་བླ་མ་མང་པོར་དད་གུས་ཡོད་་་འོན་ཀྱང་རྗེས་སུ་་་ཁ་བརྡ་སོགས་ཀྱི་ནང་དུ་རྙིང་མའི་རྗེས་འཛིན་དུ་ཁས་མཆེ་བ་ཨོ་ཉི་དང་དཔལ་དགྱེས་སྤོབས་མཐའ་པདྨ་ལས་སོགས་ཀྱི་མང་ཅན་པ་ཚོས་གཞན་གྱི་ཆོས་ལུགས་ལ་སྨ་འབེབས་ཚད་མེད་བྱས་པར་ཞེན་པ་གཏིང་ན་ལོག་དགོས་པ་ཞིག་བྱུང། འོན་ཀྱང་བླ་མ་ཁོང་དང་གྲུབ་དབང་པད་ནོར་སོགས་ལ་ད་ལྟའང་གུས་ཞབས་དང་གུདང་སེམས་མཉམ་བསྐྱེད་ཡོད། ་་་་་་་་་
པདྨའི་མིང་ཅན་འདི་ཡང་གཉིས་གསུམ་ཡོད་པ་འདྲ། ངས་བོན་ལ་སྨད་པ་ལྟ་ཅི་ཟུར་ཟ་ཙམ་ཡང་བཤད་མྱོང་མེད། གསར་འབྱོར་བ་ཞིག་ཡིན། བན་དེ་ཡིན་ན་བོན་པོ་གང་ལྟར་ཨོ་ཉི་ཟེར་བ་དེ་འདྲའི་ལུས་བརྟེན་མི་ལེན་པར་ཤོག་ཅེས་སྨོན་ལམ་འདེབས་མཁན་ཞིག་ཡིན། ཡིན་ན་ཡང་ཁ་བརྡ་སང་གི་དྲ་ཐག་འདི་མཁན་ཆེན་སང་གི་ངོ་དེབ་ཐོག་ནས་མཇལ་བ་ཡིན་པས་དྲ་གྲོགས་ཚོས་དེ་ལུགས་གནང་རོགས།
བོན་པོ་ཚོས་སུ་དང་གང་ལའང་ཕར་སེན་བཏོག་གཅིག་བརྒྱབ་པའི་དགྲ་བསགས་མ་མྱོང་། ཉམས་ཆུང་གི་སྡོད་སྟངས་བྱས་ནས་བསྡད་ཡོད་པ་རེད། ཡིན་ནའང་ཆགས་སྡང་གིས་རང་རྒྱུད་འཁྲུགས་པའི་གང་ཟག་འགས་བོན་ལ་ཚུར་སྡང་གཟུག་བྱེད་པ་འདི་དག་ནི་རང་རྒྱུད་རང་ཁ་མ་མ་དུལ་བའི་སྐྱོན་ཁོ་ན་ཡིན་འགྲོ། རང་འདྲས་སྔོན་གྱི་བྱས་ཉེས་བཤད་ཉེས་ལ་བསམ་བློ་ཡག་པོ་བཏང་ནས་མ་འོངས་པའི་མདུན་ལམ་བཙལ་ན་ཀུན་ལ་ཕན་ཆེ་བར་སེམས་སོ། །
ཀ་རྡོ་གཉེར་ཕྱག་པ་ང་དད་པ་མེད་པ་འདྲ། ད་ཚར་སོང་། ཧཧཧཧཧཧཧཧཧཧ
་་་་་་་ འོན་ཀྱང་བླ་མ་ཁོང་དང་གྲུབ་དབང་པད་ནོར་སོགས་ལ་ད་ལྟའང་གུས་ཞབས་དང་གུདང་སེམས་མཉམ་བསྐྱེད་ཡོད། ་་་་་་་་་
ཆོས་ལུགས་ཆོས་བརྒྱུད་ཁག་གི་གྲུབ་མཐའ་ལ་དགག་བཞག་སྤོང་གསུམ་བྱས་ན་འགྲིགས་པ་རེད། འོན་ཀྱང་གྲུབ་མཐའ་སྨྲ་བའམ། ཆོས་ལུགས་པ་གཞན་ལ་ངན་དམོད་བྱས་ན་ནོར་བ་རེད།
ཨོ་ཉི་ལགས།
དཔེར་ན། ང་ཁྱེད་རང་གི་ཆོས་རྗེ་ཡིད་བཞིན་ནོར་བུ་ལ་ང་ཡང་། དད་པ་ཡོད་ཀྱང་།
ཁྱེད་ཀྱིས།
་་་་་ ར་ལུག་དུད་འགྲོར་ཆོས་ཀྱིས་སྨིན་པར་མཛད། ། ་་་་་་་་་ཅེས་པ་འདིས་དད་པ་ཕར་བཞག དད་ལོག་ཀྱང་འདྲེན་མི་སྲིད་པ་མ་རེད།
ཆོས་ལུགས་ཆོས་བརྒྱུད་ཁག་གི་གྲུབ་མཐའམ་ལྟ་སྤྱོད་ལ། དགག་བཞག་སྤོང་གསུམ་བྱས་ན་འགྲིགས་པ་རེད། འོན་ཀྱང་གྲུབ་མཐའ་སྨྲ་བ་པོའམ། ཆོས་ལུགས་པ་གཞན་པའི་ཕྱི་ནང་བོན་གསུམ་སུ་ལ་ཡང་། ངན་དམོད་བྱས་ན་ནོར་བ་རེད་དོ། ཨོ་ཉི་ལགས།
མདོར་བསྡུས་ནས་བཤད་ན། ཕྱི་ཆོས། ནང་ཆོས། བོན་ཆོས་གང་ལ་ཡང་། དགག་པ་བྱེད་ཆོག་ཀྱང་། ཕྱི་པ། ནང་པ། བོན་པོ་སུ་ལ་ཡང་། སྐྱོན་བརྗོད་བྱེད་མི་རུང་།
བཀའ་ཁྲིད་བསྩལ་ཅེས་གོ་དགོས་པ་འདྲ། དེ་ལྟར་ན། བསྩལ་ཅེས་པའི་དོན་ཅི་ནམ།
ཁྱེད་རྣམ་པས་འདིར་གཟིགས་དང་མཁན་ཆེན་སང་གིས་བརྩམས་པ་རེད་འདུག
http://www.rangwang.net/index.php?essayId=1086
༄༅། །ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྣམ་ཐར་རྗེས་དྲན་རིག་པའི་མེ་ལོང་ཞེས་བྱ་བ། །
དཔལ་དགྱེས་པ་རྡོ་རྗེ།
ན་མོ་མ་ཧྰ་གུ་རུ་ཨ་བྷྱ་ལཀྵྃ་ཀ་ར་ཡེ། །
༡
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་འབྱུང་། །
འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །
༢
རབ་འབྱམས་སྲས་བཅས་རྒྱལ་བའི་མཁྱེན་རབ་ཉིད། །
སྨིན་གྲོལ་ཡོན་ཏན་གཅིག་ཏུ་འདུས་པའི་སྐུ། །
བཀའ་གཏེར་དག་སྣང་མ་ལུས་འཆད་པའི་གསུང་། །
བརྒྱུད་གསུམ་བླ་མ་ཀུན་འདུས་རྒྱལ་གྱུར་ཅིག །
༣
མཆོག་གི་དཔལ་ཡོན་ཟབ་རྒྱས་ཆུ་གཏེར་ལ། །
གཞལ་འདོད་བྱིས་ཆུང་བློ་ཡིས་དཔག་དཀའ་ཡང་། །
བདག་ཡིད་དད་གུས་གདུང་བ་སྐྲ་རྩེའི་ཆབ། །
པདྨ་གེ་སར་དགྱེས་པའི་དཔྱིད་དུ་ཕུལ། །
༤
འཇིགས༵་མེད༵་འཆད་རྩོད་རྩོམ་གསུམ་ངག༷་ལ་དབང༷་། །
ཕུན༵་ཚོགས༵་དགེ་ལེགས་ཡོན་ཏན་འབྱུང༵་བའི་གནས༵། །
དཔལ་ལྡན་བློ༷་གྲོས༷་མཚུངས༷་མེད༷་ཆོས་ཀྱི་རྗེ། །
ཡིད་བཞིན་ནོར་བུ་རིན་ཆེན་ཕྱག་གིས་མཆོད། །
༥
གང་ཞིག་གཟུར་གནས་བློ་ལྡན་དོན་གཉེར་བའི། །
སྐལ་བཟང་ཆོས་མཆེད་ཀུན་བཟང་དགྱེས་པའི་དབྱངས། །
མི་ཟད་དགའ་བའི་སྒྲ་སྙན་འདི་དཀྲོལ་བས། །
ཆོས་རྔ་སྒྲོགས་པས་འཁོར་འདས་མཛེས་གྱུར་ཅིག །
༦
ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་། །
ལོངས་སྐུའི་ཞིང་དུ་རྡོ་རྗེ་སྙིང་པོའི་གར། །
སྤྲུལ་བའི་ཞིང་དུ་ཁྱེའུ་ཆུང་ཤེད་ལ་རོལ། །
ཡང་སྤྲུལ་བསམ་ཡས་མཛད་པའི་ཕྲིན་ལས་ཅན། །
༧
སྐྱེ་དགུའི་བདག་མོ་བདེ་ལྡན་དབང་མོ་དང་། །
ཡིད་བཞིན་དཔལ་དང་ཆོས་བློན་མཆོག་གི་སྐུ། །
ཤྰཀྱ་མི་ཏྲ་ཛི་ན་མི་ཏྲ་དང་། །
རྡོ་རྗེ་བདུད་འཇོམས་ལ་སོགས་མངོན་པར་སྤྲུལ། །
༨
གཞན་ཡང་འཕགས་བོད་མཁས་གྲུབ་ཐམས་ཅད་དང་། །
གསར་རྙིང་བཤད་སྒྲུབ་བསྟན་པའི་བརྒྱུད་འཛིན་རིགས། །
བསམ་བཞིན་སྲིད་པར་བཟུང་བའི་དགེ་བཤེས་ཞེས། །
འབྲེལ་ཚད་དོན་ལྡན་རྡོ་རྗེའི་ལུང་གིས་བསྔགས། །
༩
ཁྱད་པར་གཏེར་ཆེན་ལས་རབ་གླིང་པ་ཡིས། །
གནས་ཡུལ་རིགས་སྤྲུལ་ལོ་དུས་མ་འདྲེས་པར། །
བརྡ་རྟགས་གསང་གསུམ་ཀུན་གསལ་མེ་ལོང་བཞིན། །
མི་འགྱུར་རྟགས་བདུན་དམ་ཚིག་རི་མོ་བཀྲ། །
༡༠
དེ་བཞིན་པདྨའི་ལུང་བྱང་རབ་གསལ་དང་། །
རྡོ་གྲུབ་ཀུན་བཟང་གཞན་ཕན་ལུང་བསྟན་སོགས། །
མཁས་གྲུབ་རིག་འཛིན་བགྲང་ཡུལ་འདས་པ་ཡིས། །
ཕུན་ཚོགས་བསྔགས་པའི་ཡོན་ཏན་ཁྱེད་ལ་ཕྱོགས། །
༡༡
སྐུ་ཉིད་ཕན་བདེ་བྱེ་བའི་འོད་སྟོང་བདག །
ལེགས་སྨོན་རྟ་བདུན་ཁྱོགས་ཀྱིས་ཉེར་དྲངས་ཚེ། །
འགྲོ་ཀུན་མོས་བློའི་རྫིང་བུ་དང་འཚམས་པར། །
འགོག་མེད་སྣང་ཡང་ཀུན་རྟོག་ཟུག་རྔུས་དབེན། །
༡༢
དེ་ལྟར་རིགས་ཆོས་ཕུན་ཚོགས་ཡབ་ཡུམ་ལ། །
རབ་རྒྱལ་ཆུ་བྱའི་ཆོ་འཕྲུལ་ཟླ་བ་ཡི། །
རྒྱལ་བ་དང་པོ་ལེགས་པ་བརྒྱད་འཛོམས་ཉིན། །
ཤར་ཕྱོགས་ཆོས་ལྷས་དཔལ་དུ་སྐུ་མཆོག་བལྟམས། །
༡༣
མི་གཡོ་སྐུ་ཡི་བཞུགས་སྟངས་དྲང་པོར་བསྲངས། །
ཞལ་འཛུམ་སྤྱན་ཕྱེས་རིགས་སྔགས་ལན་བདུན་བཟླས། །
ངོ་མཚར་བལྟས་བཟང་འོད་ཆེན་རང་གསལ་བཅས། །
འཇིགས་མེད་རྒྱལ་བའི་མྱུ་གུ་ཞིང་འདིར་འཁྲུངས། །
༡༤
སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྲུལ་སྐུ་ཉིད། །
འཕགས་དང་སོ་སྐྱེའི་གཟུགས་སུ་ཡོངས་བསྒྱུར་ནས། །
འགྲོ་ཀུན་བྱང་ཆུབ་ལམ་ལ་དཀྲི་མཛད་པ། །
ཁེངས་ཞུམ་མེད་པར་རྒྱལ་སྲས་ཁྱེད་མིན་སུ། །
༡༥
རང་ལས་གཞན་གཅེས་གནང་བའི་སྙིང་རྗེ་དང་། །
གསང་རབ་དགོངས་འགྲེལ་མཁྱེན་པའི་ཤེས་རབ་ཅན། །
ཟབ་གཏེར་བཅོ་བརྒྱད་དབང་བའི་རིག་པ་འཛིན། །
པདྨའི་ཐུགས་སྲས་དམ་པའི་ཁྱད་ཆོས་ལགས། །
༡༦
མདོ་སྔགས་རིག་གཞུང་རྒྱ་མཚོའི་ཚིག་དོན་ལ། །
འབད་བརྩོན་ངལ་བའི་ཁུར་ལ་མ་ལྟོས་མིན་པར། །
སྙིང་དབུས་མི་ཤིགས་གཉུག་མའི་དོན་མཐོང་བས། །
གཟུངས་སྤོབས་གཏེར་ཆེན་ཀུན་ལ་མངའ་དབང་འབྱོར། །
༡༧
ནམ་མཁའ་ལག་མཐིལ་མཉམ་པའི་ཏིང་འཛིན་གྱིས། །
རྡུལ་ཕྲན་ཁྱོན་ལ་རྡུལ་སྙེད་ཞིང་ཁམས་བཀོད། །
བསྐལ་མང་མཛད་པ་སྐད་ཅིག་ལ་ཡང་སྟོན། །
སྣང་སྲིད་མངའ་དབང་བསྒྱུར་བའི་རྩེད་མོ་རོལ། །
༡༨
ཟབ་རྒྱས་གདམས་པའི་མན་ངག་མ་ལུས་པ། །
ཨོ་རྒྱན་རྗེ་དང་ཞབས་དཀར་ཀོང་སྤྲུལ་སོགས། །
མཁས་གྲུབ་དམ་པའི་མདུན་ནས་མནོས་ཚུལ་དང་། །
བརྗེད་མེད་དྲན་པའི་དབང་ཕྱུག་འདན་སྲས་དངོས། །
༡༩
བྱིས་པའི་དུས་ནས་མཁྱེན་པའི་རྩལ་རྫོགས་པས། །
ངེས་འབྱུང་རྣལ་མའི་ཐུགས་རྒྱུད་རབ་བསྐུལ་ནས། །
བྲག་རྫོང་མཁན་པོ་བསོད་ནམས་རིན་ཆེན་ལས། །
རབ་བྱུང་ཐུབ༵་བསྟན༵་དགེ༵་ལེགས༵་དཔལ༵་བཟང༵་པོ༵། །
༢༠
ཚུལ་གནས་ཐོས་བསམ་སྒོམ་པར་རབ་སྦྱོར་བས། །
ཐུབ་བསྟན་འཛིན་སྐྱོང་སྤེལ་ལ་ཟླ་བྲལ་ཞིང་། །
ཁྱད་པར་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཡིས། །
ཡེ་ཤེས་བླ་མས་རྗེས་བཟུང་དབྱེར་མེད་གྱུར། །
༢༡
ཆོས་ཉིད་གཉུག་མ་དོན་གྱི་ཡེ་ཤེས་ཉིད། །
རིག་སྟོང་རིག་པའི་རང་གཤིས་འཇམ་དཔལ་དབྱངས། །
མཚོན་བྱ་དོན་གྱི་ཡོངས་འཛིན་རྣམ་རོལ་བས། །
ངག༵་དབང༵་བློ༵་གྲོས༵་མཚུངས༵་མེད༵་ཡོངས་སུ་གྲགས། །
༢༢
ངེས་དོན་རྒྱལ་བའི་རྒྱལ་ཚབ་མངའ་གསོལ་བས། །
ཡོངས་འཛིན་བསྟེན་པའི་ངལ་བ་མི་དགོས་ཀྱང་། །
གདུལ་བྱའི་སྣང་ངོར་མཆོག་གསུམ་གལ་ཆེ་བར། །
སྟོན་ཕྱིར་དཀའ་སྤྱད་བླ་མ་མང་དུ་བསྟེན། །
༢༣
སྤྲོས་བྲལ་རིག་པའི་གནད་གསང་ལེགས་རྟོགས་ནས། །
རྨི་ལམ་སྤྲུལ་བསྒྱུར་འོད་གསལ་འབྱམས་སུ་ཀླས། །
མཁའ་སྤྱོད་ས་སྤྱོད་ཞིང་ཁམས་རྣམས་སུ་ཕེབས། །
སངས་རྒྱས་མཇལ་དང་གདམས་ངན་ནོད་པར་བྱུང་། །
༢༤
ཚེ་རབས་ལས་ཀྱི་རྟེན་འབྲེལ་ལ་དགོངས་ནས། །
དཀའ་བ་སྤྱད་ནས་རྫ་སྟོད་ལྕང་མར་ཕྱིན། །
བཤེས་གཉེན་དམ་པ་ཐུབ་བསྟན་ཆོས་འཕེལ་ལ། །
མཉེས་པ་གསུམ་གྱིས་སྒོ་ནས་ཚུལ་བཞིན་བསྟེན། །
༢༥
ཐུན་མོང་གཙུག་ལག་རིག་པའི་བཤད་རྒྱུན་དང་། །
ཐུན་མིན་རྡོ་རྗེ་ཐེག་པའི་སྨིན་གྲོལ་དང་། །
རྒྱབ་བརྟེན་མན་ངག་རྫོགས་ཆེན་ཆ་ལག་བཅས། །
རྒྱལ་ཐབས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། །
༢༦
མི་ལ་ལྟ་བུའི་དཀའ་སྤྱད་བདག་གིར་བཞེས། །
ཞི་བ་ལྷ་ལྟར་བྱང་ཆུབ་མངོན་སུམ་ཐོབ། །
གནས་བརྟན་འོད་སྲུང་ལྟ་བུར་བསྙེན་པར་རྫོགས། །
བསླབ་གསུམ་ལྡན་པའི་རྣལ་འབྱོར་རིན་པོ་ཆེ། །
༢༧
ཚར་གཅོད་རིག་པར་ཕྱོགས་ཆོས་ཐོན་མི་དངོས། །
རྗེས་འཛིན་རིག་པར་གཡུ་ཐོག་བཟོ་རྒྱལ་བཞིན། །
ཟབ་རྒྱས་རིག་པར་མཁན་སློབ་ཆོས་གསུམ་དཔལ། །
ཀུན་འདུས་པན་ཆེན་དམ་པ་ཁྱེད་མིན་སུ། །
༢༨
ལྟ་བ་ཀློང་ཆེན་དགོངས་པ་མངོན་གྱུར་ཀྱང་། །
སྤྱོད་པ་གནང་བཀག་བཅས་མཚམས་མ་ནོར་བར། །
འདུལ་འཛིན་གྲུབ་པའི་དབང་ཕྱུག་དགེ་སློང་ཆེས། །
བསྟན་པའི་མིག་ལྟོས་ཁོ་ནར་རྟག་ཏུ་དགོངས། །
༢༩
བརྩེ་ཆེན་སྙིང་རྗེའི་རང་གཟུགས་མིག་མི་འཛུམ། །
མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །
མཐུ་སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཛིན། །
རིགས་གསུམ་ཀུན་འདུས་པདྨའི་རྒྱལ་ཚབ་རྗེ། །
༣༠
རིགས་བདག་བླ་མ་ཡིད་བཞིན་ནོར་བུའི་བཀས། །
ང་ཡི་སྤྲུལ་སྐུ་རྒྱ་སྒོང་མ་ཡིས་ནི། །
མཛད་ཕྲིན་ཅི་བསྟན་ཨེ་ཐོན་ལྟོས་ཞིག་ཅེས། །
འདུས་པ་རྒྱ་མཚོའི་དཀྱིལ་ནས་དགྱེས་ཉམས་གནང་། །
༣༡
མ་ཚད་ཡབ་སྲས་དམ་ཚིག་བརྩེ་གདུང་ཡང་། །
ཤ་ཁྲག་ལུས་ལས་ཆད་པའི་བུ་རྒྱུད་དང་། །
ཁྱད་པར་མེད་ཅེས་རྡོ་རྗེའི་བདེན་གསུང་དང་། །
འབྲལ་དཀའི་མི་རྟག་གདམས་པ་མཐར་ཐུག་གནང་། །
༣༢
བླ་མར་སངས་རྒྱས་མཇལ་བའི་དག་སྣང་དང་། །
ཆོས་མཆེད་སེམས་དཔའ་མཐོང་བའི་མོས་གུས་ལས། །
ཐ་མའི་རྟོག་ངན་སྐད་ཅིག་ཙམ་ལ་ཡང་། །
སྐྱེ་མ་མྱོང་བའི་དམ་པ་ཨེ་མ་ཧོ། །
༣༣
དེ་བཞིན་གྲུབ་དབང་ནམ་མཁའ་འཇིགས་མེད་དང་། །
ཡོན་ཏན་མགོན་པོ་མདོ་སྔགས་བསྟན་ཉི་སོགས། །
མཁན་སྤྲུལ་བླ་མ་དམ་པའི་སྐུ་མདུན་ནས། །
མདོ་སྔགས་རིག་གཞུང་ཀུན་ལ་གསན་བཞེས་མཛད། །
༣༤
དགེ་བའི་བཤེས་གཉེན་དེ་དག་ཐམས་ཅད་ལ། །
བསམ་སྦྱོར་ཟོལ་མེད་བསྙེན་པས་ཐུགས་དགྱེས་ཏེ། །
བདག་ལ་འབྲི་འོས་རྣམ་ཐར་གཞན་མེད་ཀྱང་། །
བླ་མ་དམ་པའི་ཐུགས་ཟིན་བྱུང་ལགས་གསུངས། །
༣༥
རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན། །
རིས་མེད་བསྟན་པའི་བདག་པོ་ཆོས་ཀྱི་རྗེ། །
གངས་ལྗོངས་བསོད་ནམས་གསར་བའི་ལང་ཚོ་ཅན། །
ལུང་རིགས་མན་ངག་འདོམས་པའི་མཁས་གྲུབ་རྒྱལ། །
༣༦
བཀའ་དང་བསྟན་བཅོས་ཇི་སྙེད་བཞུགས་ཀུན་གྱི། །
དགོངས་པའི་གནད་གསང་ཚང་ལ་མ་ནོར་བ། །
ཉུང་ངུའི་ངག་གིས་བདེ་ལེགས་སྟོན་མཛད་པའི། །
རླབས་ཆེན་ཐུགས་བསྐྱེད་སྨོན་པའི་རྟེན་འབྲེལ་ཤར། །
༣༧
ཁྱད་པར་ཡང་གསང་རྫོགས་པ་ཆེན་པོ་ཡི། །
སེམས་ཀློང་མན་ངག་སྡེ་བའི་གསང་གསུམ་སྐོར། །
སྐོར་ཚོ་ཆེན་པོ་བཞི་ཡི་དགོངས་གནད་ཀུན། །
རང་བྱུང་རིག་པའི་ཀློང་ནས་རྡོལ་འདི་རྨད། །
༣༨
ཐོག་མར་བློ་ལྡོག་རྣམ་བཞིར་ཐུགས་ཉམས་བསྟར། །
བར་དུ་ནང་རྒྱུད་སྡེ་གསུམ་ཐུགས་དམ་མཛད། །
མཐར་ཕྱིན་བསྐྱེད་རྫོགས་ཟུང་འཇུག་གྲུབ་པའི་འབྲས། །
སྣང་སྲིད་ཡེ་སངས་རྒྱས་པའི་དགོངས་པར་ཅན། །
༣༩
ཟབ་རྒྱས་གསང་ཆེན་རྒྱུད་ལུང་མན་ངག་ལ། །
བཤད་པའི་བཀའ་བབས་རྣམ་འདྲེན་བཞི་བ་དང་། །
བཀའ་ཡི་སྡུད་པོ་གསང་བདག་རྡོ་རྗེ་ཉིད། །
བཤེས་གཉེན་ཟོལ་དུ་བསྒྱུར་བ་ཁྱོད་མིན་སུ། །
༤༠
སྣང་སྤྱོད་ཐམས་ཅད་ལྷ་སྐུའི་རོལ་བར་འཆར། །
བསྙེན་སྒྲུབ་དུང་ཕྱུར་ལྗགས་བཟླས་ཚད་དུ་འཁྱོལ། །
རླུང་སེམས་སྲོག་རྩོལ་རྒྱུ་བ་དབུ་མར་ཐིམ། །
འཕོ་མེད་ཚུལ་ཁྲིམས་དམ་པར་མངའ་དབང་འབྱོར། །
༤༡
བོགས་འདོན་ཐབས་ལྡན་ཕྱག་རྒྱའི་ཉེ་རྒྱུ་ཡི། །
རོལ་བའི་དུས་རྟགས་རྟེན་འབྲེལ་མངོན་གྱུར་ཀྱང་། །
ཇི་བཞིན་བདག་གིར་མ་མཛད་སྤྱི་མཐུན་ལས། །
སྲོལ་རྒྱུན་ཡབ་མེས་རིག་གནས་དུང་དུ་བླངས། །
༤༢
རང་བཞིན་ཡེ་གནས་ཏིང་འཛིན་རྒྱལ་པོ་ལ། །
རང་གསལ་ལྷག་མཐོང་ཟུང་འཇུག་རྗོགས་པ་ཆེའི། །
ཀ་དག་ཁྲེགས་ཆོད་ཆོས་སྐུའི་ངོ་བོ་ལས། །
ལྷུན་གྲུབ་ཐོད་རྒལ་ལོངས་སྐུའི་ཞིང་སྣང་རོལ། །
༤༣
སྒོམ་བྱུང་ཀློང་ནས་ཐོགས་མེད་མཁྱེན་རབ་ལས། །
གསོ་བྱེད་ཡན་ལག་བརྒྱད་པའི་མན་ངག་དང་། །
ཀ་ཙན་དབྱངས་གསུམ་གནད་འདུས་བསྟན་བཅོས་དག །
དུས་རྐྱེན་རྟེན་འབྲེལ་སྣ་རལ་འཕྲོ་ཅན་ལྷག །
༤༤
ཕུལ་བྱུང་བསྟན་བཅོས་དུས་ཀྱི་འཁོར་ལོ་དང་། །
གཡུལ་ལས་རྣམ་རྒྱལ་མུ་ཏིག་ཕྲེང་མཛེས་བརྩམས། །
བརྡ་རྟགས་དོན་གྱི་ངོ་མཚད་རྨད་བྱུང་བས། །
ཀུན་མཁྱེན་བླ་མའི་གསུང་དང་རྣམ་དབྱེར་མེད། །
༤༥
མདོར་ན་མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི། །
རྩ་ཁམས་ཡི་གེ་སྤྲིན་དུ་དག་པ་ལས། །
དགོངས་གཏེར་བསྟན་བཅོས་ཚུལ་དུ་སྤེལ་བ་འདི། །
བརྒྱུད་གསུམ་བླ་མ་བྱིན་རླབས་ཁོ་ནར་གསུངས། །
༤༦
དམ་ཆོས་ཉམས་སུ་ལེན་པོས་ཕོངས་པ་ལས། །
དམ་པའི་ཆོས་ཀྱི་ཕོངས་པ་མི་འདུག་པས། །
སྔོན་བྱོན་མཁས་གྲུབ་དག་གི་གསུང་ཆོས་རྣམས། །
གཙོ་བོར་དགོས་ཞེས་ཡང་དང་ཡང་དུ་གསུངས། །
༤༧
གསེར་ལྗོངས་གནུབས་ཟུར་གསང་ཆེན་དགོན་པ་རུ། །
མི་འཇིགས་ཆོས་ཀྱི་ཁྲི་ལ་དགྱེས་རོལ་ནས། །
གཞུང་ཆེན་པོད་ལྔར་སྒྲ་ཚད་རིག་གནས་བཅས། །
འཆད་རྩད་རྩོམ་པའི་མཛད་པ་རླབས་ཆེན་གནང་། །
༤༨
བསྟན་དང་འགྲོ་བའི་ཕན་བདེ་ལ་དགོངས་ནས། །
ཟང་ཟིང་མ་ལྟོས་དམ་ཆོས་སྦྱིན་པར་བསྩལ། །
སྐལ་བཟང་སློབ་བུ་ཆོས་ཀྱིས་ཚིམ་པར་བསྐྱངས། །
སྨིན་གྲོལ་ལམ་གྱི་སྒོ་ཆེན་་ཡངས་པར་མཛད། །
༤༩
དགོན་ལུང་བུམ་པའི་ཁ་ནས་ཆུ་གཏེར་བླངས། །
གནུབས་ལུང་སྟོད་ནས་གནས་ཀྱི་སྒོ་ཆེན་ཞིག །
འབྱེད་དུ་ཡོད་ཀྱང་རྟེན་འབྲེལ་འཕྱུགས་རྐྱེན་གྱིས། །
མ་འགྲུབ་ཡིན་ཡང་སྒྲུབ་ཕུག་དངོས་སུ་བཏོད། །
༥༠
སྔོན་སྨོན་ལས་རྒྱའི་གཏད་རྒྱ་དུས་སུ་སྨིན། །
དངོས་རིག་ལས་ཀྱི་ཕྱག་རྒྱ་མདུན་དུ་ལྷགས། །
ཟབ་མོའི་ལམ་གྱི་མན་ངག་བརྟེན་གསུངས་ཀྱང་། །
ཐ་སྙད་བསྟན་པའི་མིག་ལྟོས་དགོངས་ནས་བརླགས། །
༥༡
ཀྱེ་མ་གངས་ལྗོངས་ལས་དབང་བསོད་ནམས་ཞན། །
གངས་ཅན་བདེ་བའི་ཉི་མའི་དུས་ཚོད་ཡོལ། །
དུས་འཁྲུགས་རྒུད་པའི་མུན་པ་ཤིན་ཏུ་འཁྲིགས། །
ཟབ་གཏེར་སྒོ་ལྔའི་ལྡེའུ་མིག་དབྱིངས་སུ་ཡལ། །
༥༢
དེ་ལྟར་གཏད་རྒྱའི་རྟེན་འབྲེལ་རལ་རྐྱེན་ལས། །
རི་བྲག་མཚོ་གནས་ས་གཏེར་མི་དབང་བས། །
ངེས་མེད་བྱ་བྲལ་གནང་ནས་དབེན་པར་བྱོན།།
ལྷང་བྲག་སོགས་སུ་ཕེབས་ནས་འགྲོ་དོན་སྐྱོང་། །
༥༣
སླར་ཡང་མདོ་སྨད་སེངྒེའི་ཡང་རྫོང་དུ། །
རི་ཁྲོད་བཏབ་ནས་སྐལ་ལྡན་སློབ་མ་ལ། །
མདོ་སྔགས་སྤྱི་དང་ཁྱད་པར་མཛོད་བདུན་སོགས། །
རིག་སྟོང་ཆོས་སྐུའི་དགོངས་དོན་རྩལ་གཏོན་སྤེལ། །
༥༤
དེ་དུས་འོད་གསལ་ངང་ནས་དཔལ་རིར་བྱོན། །
རིག་འཛིན་མཁའ་འགྲོ་རྣམས་ལས་གདམས་པ་ནོད། །
ཁྱད་པར་ཨོ་རྒྱན་རཀྴ་ཐོད་ཕྲེང་གི །
སྐུ་དྲུང་ལྷགས་ཏེ་ཚོགས་འཁོར་དགྱེས་རོལ་གནང་། །
༥༥
གུ་རུ་མཚན་བརྒྱད་བྱིན་རླབས་ཐུགས་ལ་འཁྲུངས། །
ཉེ་སྲས་བརྒྱད་ཀྱི་ཐབས་མཁས་དཔལ་ལ་འགྲན། །
རིག་འཛིན་རྣམ་བརྒྱད་དགོངས་པའི་གཏེར་བདག་མཆོག །
མགོན་འདིས་ཡོན་ཏན་བསམ་བཞིན་སྙིང་ནས་དད། །
༥༦
མི་རུང་དུས་ཀྱི་འཕོ་འགྱུར་ཆེན་པོའི་འོག །
ཆོས་བཞིན་སྤྱོད་པའི་སྐྱེ་བོ་ཕལ་མོ་ཆེ། །
ཉམ་ཉེས་མིང་གི་ལྷག་མ་གྱུར་པའི་ཚེ། །
རྗེ་ཉིད་རྩ་གསུམ་སྲུང་མས་བར་ཆད་བསལ། །
༥༧
སྡིག་ཅན་མི་ཡིས་མཇལ་ན་སྔངས་སྐྲགས་གྱུར། །
དད་ལྡན་གཉེན་གྱིས་མཇལ་དུས་བཞིན་བཟང་སྐུ། །
དྲག་ཆས་དམག་མིས་བཙལ་ཀྱང་མི་རྙེད་པའི། །
ངོ་མཚར་སྦས་པའི་རྣལ་འབྱོར་ཁྱེད་ལ་གུས། །
༥༨
རབ་རྒྱལ་ས་བྱའི་ཟླ༧་ཚེས་༢༥་དགེ་བ་ལ། །
ཐོ་རེངས་རྨི་ལམ་འོད་གསལ་འདྲེས་པའི་སྐབས། །
གཏན་གྲོགས་བསྐུལ་མས་གླིང་དཀར་ཞིང་དུ་ཕེབས། །
ཡབ་སྲས་དགོངས་ཀློང་བྱིན་རླབས་མངོན་དུ་གྱུར། །
༥༩
དེ་བཞིན་རབ་རྒྱན་ས་སྦྲུལ་ཟླ༡༡་ཚེས་༡༡་ཀྱི། །
སྔ་གྲོར་དག་སྣང་འཇའ་འོད་ཟེར་ཀློང་ནས། །
འཛམ་གླིང་གེ་སར་སྐུ་འཁོར་མངོན་སུམ་མཇལ། །
དགྲ་བླའི་གད་རྒྱངས་དོ་ཧའི་བསྟོད་བསྐུལ་མཛད། །
༦༠
དེ་བཞིན་དག་མཉམ་ཀེེ་ལ་ཤ་ཡི་མདངས། །
དྲི་བྲལ་ཐུགས་རྗེ་ཉིན་བྱེད་སྣང་བ་ཡིས། །
གསལ་བྱེད་མཛེས་པའི་ཞིང་ཁམས་རབ་འབྱམས་ཚུལ། །
སྣ་ཚོགས་བཀོད་པ་སྲིད་གསུམ་ཁྱོན་ན་དཀོན། །
༦༡
ཆོས་པ་གཤེ་བརྡེགས་གོ་རར་གཞུག་པའི་ཚེ། །
རྗེ་ཉིད་ཞུམ་མེད་རླབས་ཆེན་ཐུགས་བསྐྱེད་དང་། །
རྩ་གསུམ་སྲུང་མས་ཕྲིན་ལས་སྒྲུབ་པའི་མཐུས། །
ཆོས་ཁྲིད་སྒོམ་རྒྱུན་མ་ཆད་ཨེ་མ་ཧོ། །
༦༢
ཟབ་གསལ་གཉིས་མེད་སྟོན་པའི་རྒྱུད་ཀྱི་དོན། །
གྲུབ་བརྒྱའི་སྤྱི་མེས་མཆོག་གི་མན་ངག་བཞིན། །
ཡང་གསང་སྙིང་ཐིག་ལམ་དུ་བཀྲལ་བའི་གཞུང་། །
དབང་ལུང་ཁྲིད་འཆད་སྤེལ་བས་དུས་སུ་སྣང་། །
༦༣
གཟུངས་སྤོབས་གཏེར་ལ་དབང་བའི་ཆོས་རྗེ་ཡིས། །
ཚིག་གཅིག་དོན་ཡང་བསྐལ་མང་བརྗོད་བྱས་ཀྱང་། །
མི་བཟློག་ཟད་པ་མེད་པའི་རྣམ་ཐར་སྒོ། །
རིས་མེད་འགྲོ་བའི་མངོན་སུམ་དཔལ་དུ་བཞག །
༦༤
འཕགས་བོད་རྒྱ་ནག་ཤམ་བྷ་ལ་སོགས་ཀྱི། །
སྒྲ་རིགས་མཐའ་དག་ཐུགས་ཀྱི་དབུས་སུ་འཆང་། །
ཀ་ཙན་དབྱངས་ཀྱི་རི་མོར་བྱང་ཆུབ་པས། །
མཁས་རློམ་དག་གི་འགྲན་པའི་ཡུལ་ལས་འདས། །
༦༥
གསོ་རིག་ཡན་ལག་བརྒྱད་པའི་རྒྱ་མཚོ་ཆེ། །
རྣམ་དཔྱོད་ཧུབ་ཀྱིས་ལྷག་མེད་དྲངས་མཁས་པས། །
འཆི་གསོས་བདུད་རྩིའི་ཐུགས་ཀྱི་དཔལ་དུ་གཏམས། །
རོ་བརྒྱའི་ཞལ་ཆབ་སྐལ་བཟང་དཔྱིད་དུ་སྨིན། །
༦༦
བཟོ་འཕྲུལ་སྒྱུ་རྩལ་རྩེད་མོ་ཐབས་ཤེས་འབུམ། །
རིག་རྩལ་དབྱིངས་ལ་ཤར་བ་རྨད་བྱུང་བ། །
ཕྱོགས་བཅུའི་རྒྱལ་ཁམས་གང་དུ་དབེན་པའི་ཕྱིར། །
ཐབས་མཁས་བཟོ་རྒྱལ་བཀའ་དྲིན་སུ་ཡིས་གཞལ། །
༦༧
བཅུ་གཉིས་ཁྱིམ་ལ་རྒྱུ་བ་གཟའ་དགུའི་འགྲོས། །
སྒྱུར་བགོད་རི་མོས་འཇལ་བ་ཙམ་མིན་པར། །
ལས་རླུང་དབུ་མར་སོན་པའི་ཨྰ་དར་ཤར། །
ཞག་གསུམ་ཡུལ་དུས་སྣང་བརྙན་ཇི་བཞིན་གསལ། །
༦༨
སྭོ་རོ་དོ་ཡི་རྒྱུད་གཞུང་གཟའ་སྐར་ཚོགས། །
ཁྱོད་ཐུགས་མཁའ་དབྱིངས་ལྟོ་བར་སྦྲུམ་པ་དང་། །
ཆབ་གཅིག་ཚར་གཅོད་རྗེས་འཛིན་ཟེར་ཕྲེང་དག །
མ་འབད་གླིང་བཞི་གསལ་བའི་རྒྱན་དུ་ཆེ། །
༦༩
སྡེབ་སྦྱོར་རྒྱན་གྱིས་སྤུད་པའི་སྙན་འཇེབས་ངག །
བྱ་དཀའ་མཁས་མང་ལོ་ཟླར་བསྒྲིག་དགོས་གནས། །
མཉམ་པར་བཞག་པ་ཁོ་ནའི་ལག་རྗེས་སུ། །
མིག་འཕྲུལ་བཞིན་དུ་སྐད་ཅིག་ཡུན་ལ་བསྐྲུན། །
༧༠
སྐད་ཅིག་རེ་ཡང་ཕྱོགས་བཅུའི་ཡིད་ཅན་ལ། །
རང་རང་སྐད་དང་སྤྱོད་པའི་ཆོས་སྟོན་ཕྱིར། །
མངོན་བརྗོད་ཟློས་གར་གཏམ་གྱི་རྣམ་འགྱུར་ཀུན། །
གང་གི་ཞལ་ལས་འོངས་མོད་ངོ་མཚར་ཅི། །
༧༡
དཔྱད་གསུམ་དག་པ་ཉིད་ཀྱི་ལེགས་བཤད་ཀུན། །
ཀུན་རྟོག་བློ་ཡིས་ཆེད་དུ་སྒྲིགས་མིན་པར། །
འཁྲུལ་མེད་དགོངས་པའི་གཏེར་ལ་དབང་བའི་ཚུལ། །
བདེན་གསུང་དྲི་བྲལ་ཕྱི་རབས་དཔལ་དུ་བཞག །
༧༢
ཕྱི་གནོད་དམར་ཕྱོགས་སྡིག་སྤྱོད་དམ་དྲག་ཀྱང་། །
མ་གནོད་སྦས་ཡུལ་རི་སུལ་གང་དགའ་རུ། །
ཡིད་རྟོན་སློབ་ཚོགས་སྐྱོང་བའི་ངོ་མཚར་གཏམ། །
ཕྱི་རབས་སྐལ་བཟང་རྣམ་ཐར་རྒྱན་དུ་བཞག །
༧༣
སྡིག་ལ་རྔམ་པའི་ཏང་ཡན་ཤན་པ་དག །
ང་རྒྱལ་ཁོང་ཁྲོ་དབུགས་རྒོད་སྟོང་འཚང་ཡང་། །
རྗེ་ཉིད་མཇལ་བས་གདུག་རྩུབ་རང་སར་ཞི། །
རབ་དགའ་མཆི་མས་མིག་བརླན་རིམ་གྲོར་བརྩོན། །
༧༤
དེ་བཞིན་དྲུང་ན་གནས་པའི་སྲོག་ཆགས་རིགས། །
སྔོན་བྱོན་དམ་པའི་རྣམ་ཐར་ཇི་ལྟ་བར། །
ཕན་ཚུན་བྱམས་བརྩེ་སྙིང་རྗེའི་སེམས་གནས་ཏེ། །
ཤ་གཟན་རི་དྭགས་ཀུན་མཐུན་ལྷན་ཅིག་འགྲོགས། །
༧༥
ར་དང་སྤྱང་ཀི་སྦྲུལ་དང་སྲེ་མོང་དང་། །
ཁྱི་དང་རི་བོང་འཚེ་མེད་མཐུན་སྣང་གྲུབ། །
ར་ཡིས་ཆོས་ཉན་ཤམ་བྷ་ལ་སོགས་ཕེབས། །
མངོན་དགའི་ཞིང་ནས་བརྡ་ལུང་གསང་རྒྱ་གནང་། །
༧༦
བླུན་དམན་སྤྱོད་པའི་སྲོག་ཆགས་དུད་འགྲོའི་ཡང་། །
སངས་རྒྱས་མཚན་ཐོས་གཟུགས་སྔགས་བྱིན་རླབས་ཅན་། །
ཐོས་པའི་ཕན་ཡོན་ཤེས་པ་གལ་ཆེ་ཞེས། །
ལས་འབྲས་བསླུ་མེད་བསྟན་པའི་བཀའ་ཆོས་བསྩལ། །
༧༧
ཆོས་རྗེ་དམ་པའི་དྲུང་དུ་སྐལ་ལྡན་ལས། །
གངས་ལྗོངས་ཡུལ་གྲུའི་བསྟན་པ་རིན་པོ་ཆེ། །
ཕལ་ཆེར་མིང་གི་ལྷག་མ་ཙམ་དུ་བསྒྱུར། །
ཆོས་མེད་ཀླ་ཀློས་མུན་པའི་གླིང་དུ་གྱུར། །
༧༨
དམ་པ་ཕལ་ཆེར་ཞི་བའི་དབྱིངས་སུ་གཤེགས། །
ལ་ལ་རང་ཡུལ་བསྐྱུར་ནས་གཞན་དུ་བཞུད། །
ཁ་བའི་ཞིང་དུ་བདུད་ཀྱི་རྒྱལ་མཚན་སྒྲེང་། །
ཆོས་བཞིན་སྤྱོད་པ་ཉིན་སྐར་ལས་ཀྱང་དཀོན། །
༧༩
རྗེ་ཉིད་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན། །
རབ་རྒྱལ་ལྕགས་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ། །
འཇའ་ལུས་གྲུབ་པའི་གདན་ས་ཁྱད་པར་ཅན། །
གསང་ཆེན་འོད་སྐུར་གྲོལ་བའི་དབེན་སར་བྱོན། །
༨༠
སྔོན་དུས་གཤིན་རྗེ་དམར་པོ་ས་གནད་བཙལ། །
དེང་དུས་འཇའ་ལུས་གྲུབ་པ་བཅུ་གསུམ་བྱོན། །
དམ་སེལ་སྐྱོན་གྱིས་མ་གོས་དབང་གནས་མཆོག །
གསེར་ལྗོངས་བླ་མ་རུང་དུ་བཤད་སྒྲུབ་གཙུགས། །
༨༡
སྒྱུ་འཕྲུལ་དྲ་བའི་སྨིན་གྲོལ་དབང་བསྐུར་བསྩལ། །
དུས་གསུམ་སྒྲིབ་མེད་མཁྱེན་པའི་ལུང་བསྟན་གནང་། །
རྩ་རླུང་བདེ་སྟོང་རྡོ་རྗེའི་རྣལ་འབྱོར་མཐུས། །
ལས་བཞི་གྲུབ་པས་གདོན་བགེགས་བར་ཆད་སེལ། །
༨༢
སྡོམ་གསུམ་གནང་བཀག་གཙང་མའི་ནོར་འཛིན་གཞིར། །
ཕན་བདེ་བྱང་སེམས་འཁྲུངས་པའི་དགེ་བའི་བཤེས། །
གསང་ཆེན་བསྟན་པའི་བདག་པོ་རིག་འཛིན་རྗེ། །
མགོན་ཁྱེད་རྡོ་རྗེ་འཆང་དང་དབྱེར་མ་མཆིས། །
༨༣
སྔོན་བྱོན་འཇམ་དཔལ་གཞོན་ནུའི་སྐུར་བཞེངས་དུས། །
གང་གི་མཛད་སྤྱོད་དྲི་བྲལ་ནམ་མཁའི་ཁྱོན། །
བསྟན་པའི་བདག་པོ་ཉན་རང་རྣམས་ཀྱིས་ཀྱང་། །
གཞལ་དཀའི་གནས་སུ་མཐོང་བར་ཡིད་སྣང་འཆར། །
༨༤
སྒྲིབ་གཉིས་ཟད་པ་སྤངས་བའི་སེམས་དཔའ་ཁྱོད། །
སྒྲིམ་པོའི་སྤྱོད་ལ་དགྱེས་ཚུལ་མི་དགོས་ཀྱང་། །
དོན་མཐུན་སྤྱོད་པའི་ཚུལ་འདི་བསམ་བྱས་ཚེ། །
ཟ་ཧོར་མཁན་ཆེན་མཆོག་དང་དབྱེར་མ་མཆིས། །
༨༥
གསང་ཆེན་སྔ་འགྱུར་བསྟན་པའི་ཉིན་བྱེད་འོད། །
ལྔ་བདོའི་སྤྲིན་ནག་རུམ་དུ་གཟིམས་པའི་ཚེ། །
གང་གི་ཐུགས་བསྐྱེད་དྲི་གཞོན་ཕོ་ཉ་ཡིས། །
སླར་ཡང་སྣང་བའི་སྒོ་འབྱེད་པད་འབྱུང་དངོས། །
༨༦
ཆོས་ཁྲིམས་དར་གྱི་མདུད་པ་སླར་ཡང་བཅས། །
རྒྱལ་ཁྲིགས་གསེར་གྱི་གཉའ་ཤིང་ཕྲག་ལ་བླངས། །
ཐབས་མཁས་རིག་པས་བོད་འབངས་བདེ་ལ་བཀོད། །
མཉམ་མེད་ཆོས་རྒྱལ་ཆེན་པོ་སླར་ཡང་དྲན། །
༨༧
ཟབ་མོའི་གཏེར་གྱི་སྒྲོམ་བུ་ཕྱག་ཏུ་བབས། །
རྟེན་འབྲེལ་སློབ་མའི་འདུ་བ་མཚོ་བཞིན་རྒྱས། །
མདོ་སྔགས་བསྟན་པའི་ཉི་ཟླ་རབ་ཏུ་གསལ། །
ཐེག་རྩེ་ཡིད་བཞིན་ནོར་བུའི་གཏེར་སྒོ་ཕྱེས། །
༨༨
རྒྱལ་དང་རྒྱལ་སྲས་ཕལ་ཆེར་ཞི་བ་གཤེགས། །
རྒྱལ་བའི་བཀའ་བསྟན་འབྱུང་བཞིའི་རྡུལ་དང་བསྲེས། །
འཆད་ཉན་བྱེད་མཁན་འཆི་ཁའི་ནད་པ་ལ། །
འཆི་མེད་བསྟན་པའི་མེ་རོ་རྨང་ནས་བསླངས། །
༨༩
འོད་གསལ་ངང་ནས་གཏེར་ཆེན་ཆོས་བདག་གནང་། །
ཀློང་ཆེན་རབ་འབྱམས་ཡེ་ཤེས་མཚོ་རྒྱལ་གཉིས། །
ཞལ་གཟིགས་སྒྱུ་འཕྲུལ་དབང་བསྐུར་སྒྲུབ་ཐབས་མཛད། །
ཟུར་ལུགས་རང་ཀློང་དགོངས་པ་འགལ་མེད་བསྒྲུབས། །
༩༠
འདུལ་བསྟན་སྲོག་གི་རིན་ཐང་ཆེ་དགོངས་ནས། །
རྒྱལ་བསྟན་ཞབས་ཏོག་བསྒྲུབ་པར་ཐུགས་ལ་བཅགས། །
བསྟན་པ་དག་ཐེར་མདོ་ཁམས་ལྗོངས་སུ་སྤེལ། །
ཕལ་ཆེར་བློ་ཁ་ལེགས་པའི་ལམ་དུ་བསྒྱུར། །
༩༡
ཟབ་གཏེར་རྫས་གཏེར་དགོངས་གཏེར་ལ་སོགས་པ། །
གཏེར་རིགས་བཅོ་བརྒྱད་དབང་བའི་བཀའ་རྟགས་དང། །
རིས་མེད་གྲུབ་མཐའ་བསྟན་པའི་བདག་པོ་རུ། །
མ་བསྐོས་དབང་གི་རྒྱལ་པོའི་སྐུ་རུ་སྣང་། །
༩༢
ཙོང་ཁ་བླ་མས་ཞལ་གཟིགས་ལུང་བསྟན་གནང་། །
ས་པན་བླ་མས་ལུང་ཕོག་བྱིན་རླབས་མཛད། །
འཇམ་མགོན་བླ་མས་རྗེ་བཟུང་ཐུགས་སྲས་མཆོག །
རྩ་གསུམ་རྒྱལ་བའི་སྤྱི་གཟུགས་དམ་པ་ལགས། །
༩༣
རི་བོ་རྩེ་ལྔར་ཆོས་གཏེར་སྒོ་མོ་ཕྱེས། །
བཟང་སྤྱོད་དུང་ཚོགས་སྨོན་ལམ་གསར་དུ་བསྐྲུན། །
དེ་བཞིན་སེམས་དཔའ་བརྒྱད་ཀྱི་སྒྲུབ་གནས་སུ། །
ཐུགས་བསྐྱེད་བསྙེན་སྒྲུབ་བརྩོན་པར་ཨེ་མ་ཧོ། །
༩༤
ཀུན་གཟིགས་བཅུ་བས་གདན་དྲངས་གསོལ་འདེབས་བཞིན། །
ས་འབྲུག་ལོ་ལ་ནང་བསྟན་སློབ་གླིང་དུ། །
ཐུབ་བསྟན་ཡོངས་ཀྱི་བདག་པོ་མངའ་གསོལ་ཚེ། །
སྒྲུབ་བརྒྱུད་བརྒྱད་ཀྱི་ཟབ་གནད་བསྡུས་ཏེ་གསུངས། །
༩༥
སྣོད་བཅུད་རྒུད་པའི་གདུང་བ་གཞོམ་པའི་ཕྱིར། །
ཡུལ་ཕྱོགས་ཀུན་ཏུ་གཏེར་གྱིས་ཕྱུར་བུར་གཏམས། །
དགེ་ལེགས་སྲིད་གསུམ་ཁྱབ་པའི་ཐུགས་སྨོན་མཆོག །
པདྨའི་སྲས་མཆོག་ཁྱོད་མིན་སུ་ལ་དབང་། །
༩༦
ཐུགས་སྲས་དམ་པ་མཁས་གྲུབ་ཉེར་ལྔ་དང་། །
གསུང་སྲས་ས་ཡ་བྱེ་བ་བསམ་ཡུལ་འདས། །
མཐོང་གྲོལ་འབྲེལ་ཚད་ཡིད་བཞིན་ནོར་བུ་ཉིད། །
བདེ་ཆེན་ཞིང་གི་འདྲེན་པ་ཁྱེད་མིན་སུ། །
༩༧
ཆོས་ཀྱི་རྒྱལ་མཚན་ལམ་རིམ་གདམས་པ་གཏད། །
བསྟན་འཛིན་རྒྱ་མཚོར་རིག་པ་ངོ་སྤྲོད་གནང་། །
བདུད་འཇོམས་ལམ་མཁྱེན་སྨིན་གྲོལ་ལམ་ལ་བཀོད། །
གོ་ལ་ཟླུམ་པོར་སློབ་ཚོགས་ཕྱུར་བུར་གཏམས། །
༩༨
མདོར་ན་འཛམ་གླིང་ཤར་ནུབ་ཐམས་ཅད་དུ། །
རྒྱལ་བསྟན་ཞུགས་པའི་གང་ཟག་ཡིན་ནས་བཟུང་། །
མཆོག་གི་སློབ་མ་མ་གྱུར་ཅིག་ཀྱང་མེད། །
སྐྱེས་རབས་རྟོགས་བརྗོད་འདི་འདྲ་སྲིད་ན་དཀོན། །
༩༩
བསམ་ཡས་གཙུག་ལག་ཁང་གི་དབུ་རྩེ་རུ། །
མི་ནུབ་གསེར་གྱི་རྒྱལ་མཚན་གསར་དུ་བསྒྲེངས། །
རྒྱལ་བསྟན་སྤྱི་དང་སྔ་འགྱུར་བསྟན་པ་ཉིད། །
ཕྱོགས་དུས་དར་རྒྱས་ཡོངས་ཁྱབ་རྟེན་འབྲེལ་བསྒྲིགས། །
༡༠༠
དེང་དུས་འཛམ་གླིང་ཤར་ནུབ་མཁས་བླུན་ཀུན། །
ཡང་གསང་རྫོགས་ཆེན་མན་ངག་དྲི་མེད་ལ། །
སྡང་ཞུགས་ལོག་ལྟའི་གདོན་ཆེན་སྤངས་པ་འདི། །
ཆོས་རྗེ་དམ་པ་ཁྱེད་ཀྱི་དྲིན་ལས་བྱུང་།
༡༠༡
དུས་གསུམ་ཀུན་མཁྱེན་པདྨ་སམ་བྷ་ཝས། །
སྤངས་རྟོགས་མཐར་སོན་ཁྱེད་ཀྱི་བསྟོད་བསྔགས་ཚོགས། །
ལན་བརྒྱར་བརྗོད་པའི་དྲི་བྲལ་ལུང་བྱང་རྣམས། །
རྗེ་འབངས་གྲོགས་ལ་གཅེས་ནོར་ཚུལ་དུ་གདམས། །
༡༠༢
མཛད་པ་མཐའ་མའི་ཚུལ་ལ་དགྱེས་དགོངས་ཚེ། །
དབང་བཅུ་མཐའ་རུ་ཕྱིན་པའི་འབྲས་རྟགས་འབུམ། །
དད་ལྡན་འགྲོ་ལ་སྣང་བའི་རྣམ་ཐར་འདི། །
ཡང་ཡང་བསམས་ཚེ་སངས་རྒྱས་དངོས་དང་མཉམ། །
༡༠༣
གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་ཚེ། །
སྐུ་གདུང་འཇའ་འོད་རིང་བསྲེལ་ལ་སོགས་པ། །
གསང་ཆེན་གཞུང་ལས་བཤད་པའི་གྲོལ་རྟགས་ཀུན། །
མ་ཚང་མེད་པ་འགྲོ་ཀུན་དཔལ་དུ་ཤར། །
༡༠༤
རང་སྣང་རྣམ་དག་བདེ་ཆེན་ཞིང་ཁམས་སུ། །
རྫོགས་སྨིན་སྦྱངས་བ་རྒྱ་མཚོ་མངོན་བྱས་ནས། །
ནམ་མཁའ་སྲིད་དུ་དཔག་ཡས་སྤྲུལ་བ་ཡིས། །
འགྲོ་རྣམས་འདྲེན་པའི་ཞལ་ཆེམས་དགྱེས་བཞིན་བསྩལ། །
༡༠༥
ཉིད་ལ་འབྲེལ་བ་ཐོགས་པ་ཇི་སྙེད་ཀུན། །
མི་རིང་བདེ་ཆེན་དག་པའི་ཞིང་ཁམས་སུ། །
མཇལ་བར་འགྱུར་ཞེས་དྲི་མེད་རྡོ་རྗེའི་གསུང་། །
སྐལ་བཟང་ཡིད་ཀྱི་དཔལ་དུ་ཡང་ཡང་གནང་། །
༡༠༦
མ་འོངས་རིགས་ལྡན་ཕྲིན་ལས་སྤེལ་བའི་དུས། །
ཉིད་ཀྱི་ཆོས་བརྒྱུད་འཛིན་པ་མཐའ་དག་ཀུན། །
ཚོམ་བུ་གཅིག་ཏུ་འདུ་མངོན་པར་སངས་རྒྱས་གསུང་། །
མི་འཇིགས་སེངྒེའི་ང་རོ་ཡང་ཡང་དྲན། །
༡༠༧
སྐྱེས་སྦྱང་ཤེས་རབ་དམན་པ་བདག་ལྟ་བུས། །
རྣམ་ཐར་དྲན་པའི་རིག་པའི་མེ་ལོང་ལ། །
མ་རྟོགས་ལོག་རྟོག་ཉེས་འགལ་གང་མཆིས་པ། །
གཟུར་གནས་བློ་ལྡན་ཀུན་ལ་སྙིང་ནས་བཤགས། །
༡༠༨
འདིར་སྨྲས་དགེ་བས་བདག་གཞན་མཁའ་མཉམ་འགྲོ། །
ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ཡིས། །
སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྟག་ཞུགས་ནས། །
བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་ཤོག །
ཅེས་པའང་རབ་རྒྱན་ལྕགས་སྟག་མགོ་ཟླ་བའི་ཉའམ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་སྐབས་སུ་རྗེས་དྲན་དུ་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པ་སྐྱབས་འོག་པ་རྨོངས་རྟུལ་གྱི་ན་བ་དཔལ་དགྱེས་པ་རྡོ་རྗེས་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས་པར་དགེའོ། དགེའོ། དགེའོ། ཤྲྰི་སརྦ་མངྒ་ལཾ་བི་ཛ་ཡནྟུ།། །།
(སྦྱིར་རྩོམ་ཡིག་འདི་ཁ་སྔོན་ནས་འདི་གར་འབྱོར་ཡང་རྩོམ་པ་པོས་རྩོམ་ཡིག་དང་འདྲ་པར་ལྷན་དུ་སྦྱར་ནས་བསྐུར་འདུག་པས། འདྲ་པར་དྲ་ངོས་སུ་ལེན་མ་ཐུབ་པར་དེ་མུར་ལུས། དེ་རིང་རྩོམ་པ་པོས་བསྐྱུར་གནང་བའི་འདྲ་པར་དེ་ག་རང་ལག་སོན་བྱུང་མ་ཐག་རྩོམ་ཡིག་དང་ལྷན་དུ་ཀློག་པ་པོའི་སྤྱན་ལན་དུ་བསྟར་ཐུབ་པ་བྱུང་སོང་། འོན་ཀྱང་རྩོན་ཡིག་དུས་ལྟར་དྲ་ངོས་སུ་འགོད་ན་ཐུབ་པར་རྩོམ་པ་པོ་དང་ཀློག་མཁན་རྣམ་པར་དགོངས་དག་ཞུས་པ་ཡིན། )ཞེས་རང་དབང་དྲ་ཞབས་པས།
ཤོག་ངོས་འདི་ཐེངས་ (༡༧༡༩༤) ལ་བཀླགས་འདུག
ཡར་འཇོག་མཁན་། : དྲ་ཞབས་སེང་གེ
རྩོམ་པ་པོ། : དཔལ་དགྱེས་པ་རྡོ་རྗེ།
ཡོང་ཁུངས། : དཔལ་དགྱེས་པ་རྡོ་རྗེ།
༄༅། །ཆོས་རྗེ་ཡིད་བཞིན་ནོར་བུའི་ཞབས་ལ་གསོལ་བ་འདེབས་པ་རྣམ་གསུམ་དད་པའི་ཤིང་རྟ་ཞེས་བྱ་བ། །
རྒྱལ་ཀུན་ཡེ་ཤེས་གཞོན་ནུའི་རོལ་བ་ཅན། །
འགྲོ་བའི་ཁམས་ལ་འཇིགས་མེད་ལྷུན་གྱིས་གྲུབ། །
ཕུན་ཚོགས་དགེ་ལེགས་སྟོང་གི་འབྱུང་གནས་ཆེ། །
འདྲེན་མཆོག་བླ་མའི་ཞབས་ལ་གསོལ་བ་བའདེབས། །
མཉམ་མེད་སྟོན་མཆོག་ལྷ་མིའི་རྣམ་འདྲེན་དང༌། །
དཔལ་ལྡན་སངས་རྒྱས་པད་མ་ཀ་ར་སོགས། །
རྒྱལ་རྣམས་ལུང་གིས་བསྟན་འགྲོའི་དཔལ་མགོན་དུ། །
ཡང་ཡང་བསྔགས་པར་མཛད་ལ་གསོལ་བ་འདེབས། །
རྡོ་རྗེ་བདུད་འཇོམས་རིག་འཛིན་རྒོད་ལྡེམ་ཅན། །
པད་མ་ཕྲིན་ལས་ལས་རབ་གླིང་པ་སོགས། །
སྤྲུལ་རབས་ནོར་བུའི་ཕྲེང་བ་ལྟ་བུ་ཡིས། །
བསྟན་འགྲོའི་དོན་ཆེན་མཛད་ལ་གསོལ་བ་འདེབས། །
རྨད་བྱུང་ཐུགས་བསྐྱེད་དམ་བཅའི་མཐུ་གྲུབ་པས། །
གདུལ་དཀའི་འགྲོ་བ་འདྲེན་པའི་སེམས་དཔའ་ཆེ། །
སྡོམ་བརྩོན་ངུར་སྨྲིག་འཛིན་པའི་རོལ་གར་གྱིས། །
བསྟན་པའི་མེ་རོ་སློང་ལ་གསོལ་བ་འདེབས། །
བཟང་ངན་ལས་ཀྱིས་འབྲེལ་བའི་ཡིད་ཅན་ཀུན། །
ཐབས་མཁས་ཐུགས་རྗེའི་མཛད་པ་བསམ་ཡས་མཐུས། །
བདེ་ལྡན་མགོན་པོའི་དྲུང་དུ་དབུགས་འབྱིན་པའི། །
སྙིགས་མའི་འདྲེན་པ་མཆོག་དེར་གསོལ་བ་འདེབས། །
ཐུན་མོང་ཐུན་མིན་ཐེག་པའི་རིམ་པ་རྣམས། །
གང་ལ་གང་འོས་དེ་ལ་དེར་འདོམས་པར། །
ཐུབ་པ་དངོས་དང་རྣམ་དབྱེར་མ་མཆིས་པས། །
རྒྱལ་བསྟན་ཉིན་མོར་བྱེད་ལ་གསོལ་བ་འདེབས། །
གང་གང་ནང་གི་མུན་པ་སེལ་བ་ལ། །
དེ་དེར་ཡེ་ཤེས་སྣང་བའི་དཔལ་སྩོལ་བ། །
ངག་གི་དབང་ཕྱུག་སྙིང་ལ་དགྱེས་རོལ་བའི། །
མཚུངས་མེད་སྨྲ་བའི་ཉི་མར་གསོལ་འདེབས། །
བརྩེ་ཆེན་ག་བུར་ཞུན་མའི་ཆུ་ཀླུང་རྒྱུན། །
གང་འདུལ་ཕྲིན་ལས་རླབས་ཕྲེང་མི་ཟད་པ། །
སྡུག་བསྔལ་ཚ་གདུང་སྐྱོབས་པའི་བསིལ་ངད་ཅན། །
ཐུགས་རྗེའི་གཏེར་ཆེན་དེ་ལ་གསོལ་བ་འདེབས། །
གནོད་སེམས་དུག་ཆུས་སྙིང་ཁམས་ཆེར་བརྟས་ཏེ། །
འགྲོ་བའི་བདེ་སྐྱིད་འཕྲོག་པའི་ནག་པོའི་དཔུང༌། །
དམིགས་མེད་སྙིང་རྗེའི་མཚོན་གྱིས་ཡོངས་སྒྲོལ་བའི། །
རྡོ་རྗེ་ཅན་དངོས་བླ་མར་གསོལ་བ་འདེབས། །
མཁའ་ལ་སྡིག་པའི་ན་བུན་འཐིབ་པ་དང༌། །
ས་ལ་ཁྲག་གི་དམར་ཞག་ཆགས་པའི་སར། །
ཐུགས་རྗེ་བསིལ་བའི་གྲུ་ཆར་རྟག་ཕབ་ཏེ། །
མི་འཇིགས་སྐྱབས་སྦྱིན་མཛད་ལ་གསོལ་བ་འདེབས། །
གང་ཞིག་བླུན་ཅིང་རྨོངས་ལ་ཤེས་རབ་མིག །
ཐར་ལམ་ཡོངས་སུ་འཚོལ་ལ་དགེ་བའི་བཤེས། །
འཇིགས་ཤིང་སྐྲག་པས་ཉེན་ལ་སྐྱབས་ཀྱི་མཆོག །
འགྲོ་བའི་རེ་སྐོང་དམ་པར་གསོལ་བ་འདེབས། །
དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་གིས། །
མཚུངས་མེད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
དྲི་མེད་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཏེ། །
དོན་གཉིས་འདོད་པ་ཡིད་བཞིན་འགྲུབ་པར་ཤོག །
ཅེས་མགོན་པོ་གང་ཉིད་རིགས་ཀྱི་ཅོད་པན་དུ་ཐོབ་པའི་སྐལ་བ་མཆོག་དང་ལྡན་པ་ཐུབ་བསྟན་ནོར་བུ་ནས་སྤྱི་ལོ་༢༠༠༡ཟླ་༩ ཚེས་༡༤ཉིནཤེས་ནས་དད་པས་ཀུན་ནས་བསླངས་ཏེ་གསོལ་བ་བཏབ་པ་དགེ་ལེགས་འཕེལ། །
བསྩལ། ཅེས་པའི་དོན་དྲིས་ཀྱང་ལན་མ་བྱུང། བསྩལ། ཞེས་པ་སེལ་བའི་འདས་ཚིག་ཡིན་པ། བཀའ་འགྱུར་གྱི་དཔེ་ཆ་འགའ་རེ་ན་བྲིས་ཡོད་པ་དང་། སྩེལ་བནི་སེལ་བ། ཞེས་བརྡ་གསར་རྙིང་གི་ཐ་སྙད་བཤད་པ། ལི་ཤི་གུར་ཁང་ན། སྐྱོགས་སྟོན་ལོ་ཙ་པས་་བཀོད་པར་མཛད་དོ།
༉ གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།། འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན།། འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས།། དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།། དྲིན་ཆེ་རྩ་བའི་བླ་མ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཐའ་དག་བདག་གི་རྒྱུད་ལ་འཕོས་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།།
ལ་དྭགས་འཇལ་དཔལ་ལགས། བསྩལ་དེ་དཔེར་ན་་་་བྱིན་རླབས་དང་བཀའ་ཆོས་ལྟ་བུ་བསྩལ་ཟིན་པ། བསྩལ་བཞིན་པ། བསྩལ་བར་འགྱུར། སྩོལ་ཅིག་ཅེས་སྩོལ་ཀྱི་འདས་ཚིག་བསྩལ་ཅེས་པ་ཡིན་ས་རེད་དྲན། དགོངས་དག དེ་མིན་ཞུ་ཤེས་མ་སོང་ལགས་སོ།།
པདྨ་མཆོག་ལ་བཀྲ་ཤིས་བདེ་ལེགས། བཀའ་བསྟན་གསུང་འབུམ་གང་དུ་ཡང་། སྩོལ་བའི་འདས་དང་མ་འོངས་བཅས་ལ་བ་ཡིག་སྔོན་འཇུག་ཏུ་བྲིས་པ་ཞིག་མེད། ཇི་སྐད་དུ་དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་དུ་རིམ་པ་བཞིན་འདི་ལྟར།
་
བཀའ་སྩལ་པ་དང་དངོས་གྲུབ་སྩལ།
དངོས་གྲུབ་སྩོ་ལ་དང་སྩལ་དུ་གསོལ།
སྦྱིན་པ་ཚུལ་བཞིན་སྩལ་བགྱི་སོགས།
ས་མགོ་ལྡན་པའི་ཙ་ཡིག་གོ།།
་
འདིར་འདས་དང་མ་འོངས་པར་ད་ཡང་འཇུག་་ཡོད་མེད་ཀྱི་ཁྱད་པར་འདས་པ་ལ་ཡོད་པ་དང་། མ་འོངས་པ་ལ་མེད། སྩོལ། ཞེས་པར་ད་ལྟ་བ་ལ་ཡང་འཇུག་མེད་པ་དང་། བསྐུལ་ཚིག་ལ་ཡང་འཇུག་ཡོད་པས། སྩོལ་ཅིག ཅེས་པ་འབྱུང་།
ངག་སྒྲོན་དུ། འདི་ནས་ཇི་ལྟ་བ་བཞིན་བཤུས་པར་མངོན། བགྱིད་དུ་སྩལ། ཞེས་པ་ཁོ་ན་སྣོན་ཁ་ཡོད་པ་མ་གཏོགས་ཁྱད་ཅང་མ་མཆིས།
ཉེ་དུས་བཟོ་བསྐྲུན་ཚིག་མཛོད་དག་ན། བསྩལ། ཅེས་བ་ཡིག་གི་སྔོན་འཇུག་ཡོད་པས། རིག་གཞུང་སྐད་ཀྱི་དག་ཆ་ལ་གནོད། མ་འོངས་པ་ན། རིག་གཞུང་སྐད་ཀྱི་དག་ཆ་ལ་གཅེས་པ་རྣམས་ཀྱིས་དེ་སོགས་ལ་ཞུས་དག་མཛད་པའི་རེ་བ་ལགས་སོ།
དྲ་གྲོགས་ལྷག་བསམ་ལྡན་པ་རྣམས་ལ་ཞུ་རྒྱུ། ཕྲན་སྡོད་སའི་ཡུལ་འདི་ནས་བོད་ཀྱི་ལི་ཐོ་མི་རྙེད་པས། ལྷ་སའི་སྐར་ཡིག་ཚད་ལྡན་ཡོད་པའི་དྲ་གནས་རེ་བཞུགས་ན་ངོ་སྤྲོད་གནང་རོགས་ཞུ༎
༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་བཞུགས་སོ།།
ཨ་འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་།།
རང་མདངས་མ་འགགས་ཡེ་ཤེས་འོད་ལྔའི་ཀློང་།།
ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ།།
རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད།།
དཀར་གསལ་མཛེས་མཛུམ་པཎཌི་ཏ་ཡི་ཆས།།
ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས།།
ཞབས་གཉིས་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ།།
རང་སྣང་དག་པའི་རྒྱན་ཏུ་ལམ་མེར་གསལ།།
གསོལ་བ་འདེབས་པ་ནི།
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན།།
འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས།།
དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།
སོགས་ཅི་ནུས་བསགས།
མཐར་ནི་བླ་མ་འོད་ལྔའི་ཐིག་ལེར་གྱུར།།
རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ།།
རྒྱལ་ཀུན་ཡེ་ཤེས་གཅིག་འདུས་བླ་མ་དང་།།
སྐལ་བ་མཉམ་པའི་བྱིན་རླབས་ཐོབ་པར་བསམ།།
ཞེས་བློ་འདས་ཆོས་སྐུའི་ངང་དུ་མཉམ་པར་བཞག དེ་ལས་ལྡང་བ་ན་སྣང་སྲིད་བླ་མའི་ངོ་བོར་བལྟས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པར་བྱའོ།།ཞེས་རབ་བྱུང་བཅུ་བདུན་པའི་ཤིང་ཕག་ཟླ་༦་ཚེས་༢༥་དུས་སུ་གངས་ལྗོངས་སྨྲ་བའི་དབང་ཕྱུག་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྒྱ་མཚོས་རང་དང་སློབ་ཚོགས་ཡོངས་ལ་ཕན་པའི་ཕྱིར་དུ་འདི་འདྲ་ཞིག་དགོས་ཞེས་སྐུལ་མ་མཛད་པའི་དེ་མ་ཐག་རིག་སྟོང་འཇམ་པའི་དབྱངས་ཀྱི་རང་སྒྲ་རྩོལ་མེད་དུ་ཤར་བ་བཞིན་མཁས་བཙུན་གྲུབ་པའི་དབང་ཕྱུག་སྤྲུལ་ལུང་རྟོགས་རྒྱ་མཚོས་ཡི་གེ་པ་བྱས་ཏེ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་མཁའ་དབྱིངས་འཇའ་སྤྲིན་འཁྱིལ་བའི་རི་ཁྲོད་ནས་སྤེལ་བ་དགེ། །།
སངས་རྒྱས་ཀྱིས་བཀའ་བསྩལ་ཏོ། ཞེས་བཀའ་འགྱུར་ནང་མང་པོ་འདུག་དྲན། ཡང་དྲ་ཐོག་ནས་ལ་དྭགས་འཇམ་དཔལ་སང་གིས་འདི་ཚོ་ཚང་མ་བཅོས་དགོས་གསུང་གི་ཡོད་དམ།
https://www.google.com/webhp?sourceid=navclient&ie=UTF-8#q=%E0%BD%96%E0%BD%A6%E0%BE%A9%E0%BD%A3
བོད་ཀྱི་ལོ་ཐོ།
http://www.men-tsee-khang.org/calendar/calendar-2013/index2.htm
པདྨ་མཆོག་ལ་ཞུ་བ།
ངས་ཞུས་པ་དེ་ལ་གཞིར་བཟུང་། བཀའ་བསྟན་གསུང་འབུམ། སྔར་བོད་ཀྱི་མཁས་པ་རྣམས་ཀྱི་ཕྱག་རྗེས་རྣམས་ལས་པོ་ཏི་ཁ་ཤས་ལ་གཟིགས་རྟོག་མཛད་དེ། སྩལ་ལ་སྔོན་འཇུག་ཡོད་མེད་ཀྱི་ཐོ་བརྒྱབས་ཏེ། གང་མང་བ་དེ་ལ་མོས་པ་མཛད་དེ་སྤེལ་བར་མཛོད། ངས་ནི་མེད་པ་ཁོ་ན་མཐོང་བས་དེ་ལ་མོས་པ་བྱེད་དོ།
“སངས་རྒྱས་ཀྱིས་བཀའ་བསྩལ་ཏོ། ཞེས་བཀའ་འགྱུར་ནང་མང་པོ་འདུག་དྲན། ཡང་དྲ་ཐོག་ནས་ལ་དྭགས་འཇམ་དཔལ་སང་གིས་འདི་ཚོ་ཚང་མ་བཅོས་དགོས་གསུང་གི་ཡོད་དམ།”
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན།།
འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས།།
དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།
自大聖鏡五台山
文殊加持入心者
祈禱晉美彭措足
证悟意传求加持
Arrogant mirrors Wen Shujia pray into the heart of Wutai Great Mountain H.H.Jigme Phuntsok full enlightenment, please bless
མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་རྗེས་སུ་དྲན་པ།
བྱིས་དུས་སུ
ཁྱེད་ཀྱི་སྐུ་འདྲ་གོར་མ་དེ་ཚིལ་དྲེག་ཆགས་པའི་ཕྱག་མདུད་དང་ལྷན་སྐེ་ལ་བཏེགས་ཏེ།
ཀ་ཁ་གྱེར་ནས་རྨི་ལམ་རྨིས་མྱོང་།
སྐབས་དེར་ང་རང་ཀ་ཁའི་ལུག་རྫི་དེ་ཡིན།
བྱིས་དུས་སུ
ཁྱེད་ཀྱི་སྐུ་འདྲའི་འཛུམ་ཞལ་ལ་སེམས་པ་ཁེན་ནས་བསྟན་བཤིག་ཚ་བའི་གླུ་ཆུང་བླངས་མྱོང་།
སྐབས་དེར་ང་ལ་ང་རྒྱལ་ཞིག་དང་སྤོབས་པ་ཞིག་ཡོད།
དེ་རིང་གཞན་སེམས་མ་དཀྲུག་ཅེས་པའི་ནམ་མཁའ་ཆེན་པོ་ཞིག་གོས་སུ་གྱོན་ན།
དེ་རིང་རང་ཚུགས་མ་ཤོར་ཞེས་པའི་རི་བོ་མཐོན་པོ་ཞིག་སྔས་སུ་བྱས་ན།
ང་རང་ཡང་ཡབ་ཆེན་ནང་བཞིན
རྒྱབ་རིའི་སྒང་ན་རེ་སྒུག་གི་ལྷ་བསངས་གཏོང་བའི་འཇིག་རྟེན་འདིའི་མེལ་ཚེར་གྱུར།
ང་རང་ཡང་ཡུམ་ཆེན་ནང་བཞིན
མཆོད་ཁྲིའི་མདུན་ན་གསོལ་འདེབས་དང་སྐྱབས་འཇུག་ཞུ་གིན་པའི་རྣལ་འབྱོར་མར་གྱུར།
དོན་དམ་དུ།
ང་ཚོས་མི་རབས་ག་ཚོད་ལ་སྒུག་དགོས་སམ།
དོན་དམ་དུ།
ང་ཚོ་ཉིན་མཚན་ག་ཚོད་ལ་ཁུ་སིམ་མེར་འདུག་དགོས་སམ།
ཞིབ་ཏུ་བསམ་ན་དྲན་འོང་བ་ཚང་མ་སྡུག་བསྔལ་རེད་།
ཁྱེད་ཚོ་སྟེ། འཇིག་རྟེན་གྱི་ཉི་མ་རེ་རེ
ཁྱེད་ཚོ་སྟེ། ས་ཆེན་གྱི་ཀ་བ་རེ་རེ
ཕྱིར་མིག་མེད་པར
འཁྲེང་སེམས་མེད་པར
ཧི་མ་ལ་ཡའི་རི་བརྒྱུད་དེད་དེ་ཕེབས་སོང་ན།
རི་བོ་ཉི་ཟླའི་ཉག་ག་བརྒྱུད་ནས་གཤེགས་སོང་ན།
ཡར་ཀླུང་གཙང་པོའི་རབ་ཁ་བརྒལ་ནས་གཟིམས་སོང་ན།
མོན་ཕྲུག་ཡལ་བོར་གྱི་ཁ་ཕྱོགས་དེ་སུ་ཡིས་སྟོན།
མགོན་མེད་དྭ་ཕྲུག་གི་དུ་ཁཿདེ་སུ་ཡིས་སེལ།
བཤད་དང་ན་ཚང་མ་མིག་ཆུ་རེད།
ལན་ཅིག་འབྱོན་པར་ཞུའོ།།
མཁན་ཆེན་པོ་ལགས།
ལན་ཅིག་གཟིགས་པར་ཞུའོ།།
མཁན་ཆེན་པོ་ལགས།
ཟླ་བ་ཟླ་བར་མི་མཐོང་ཞིང་།
ཉི་མ་ཉི་མར་མི་སྣང་པའི་ཁ་སང་དང་དེ་རིང་།
ཨ་ཕའི་སེམས་ལ་ན་ཟུག་གི་མུན་པ་འཐིབ་གིན་ཡོད།
ཨ་མའི་གདོང་ན་མིག་ཆུ་ཡི་གཙང་པོ་བཞུར་གིན་ཡོད།
ང་ཚོར་ཁྱེད་ཚོ་ལྟ་བུའི་རི་རབ་པང་ལ་ལེན་མཁན་གྱི་རྩལ་ཆེན་མཁོ་ཨང་།
ང་ཚོར་ཁྱེད་ཚོ་ལྟ་བུའི་རྒྱ་མཚོ་ཧུབ་ཀྱིས་འདྲེན་མཁན་གྱི་སྟོབས་ཆེན་མཁོ་ཨང་།
ཇི་འདྲའི་མཁོ་ཨང་།
དུས་ཚོད་ཀྱིས་ཉིན་མཚན་དེད་དེ་སོང་ནའང་།
ལོ་ཟླས་དབྱར་དགུན་ཟོས་ཏེ་རྒྱུགས་ནའང་།
ཁྱེད་ང་ཚོའི་དད་པའི་རྩེ་ན་བཞུགས་ཡོད་།
གསེར་གྱི་ལེར་བཞུགས་ཡོད།
ཁྱེད་ང་ཚོའི་སྤྱི་བོའི་བརྒྱན་ལ་བྱོན་ཡོད།
འཛུམ་དམུལ་ལེར་བྱོན་ཡོད།
2014/1/15
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་རྒྱལ་ཟླའི་ཉ་གང་ཉིན་ཆོས་རྗེ་ཡིད་བཞིན་ནོར་བུའི་རྗེས་དྲན་དུ་ཕ་ཡུལ་བྱ་མདོ་ནས་ཡིན་པ་བྱ་གཞུང་ལྷ་རྒྱལ་འབུམ་དུ་འབོད་པས་རྒྱང་རིང་གི་ཉི་ཧོང་རྒྱལ་ཁབ་ནས་བྲིས་པ་འདིས་ཀྱང་ལེགས་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
༧སྐྱབས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་རྗེས་སུ་དྲན་པ།
འཇིགས་མེད་སྟོབས་བཅུ་མངའ་བ་རྒྱལ་བའི་ཕུལ།།
ཕུན་ཚོགས་ལེགས་བྱས་རྒྱ་མཚོས་བསྐྲུན་པའི་སྐུ།
བརྒྱ་ཁྲི་བཞི་སྟོང་ཆོས་སྒོ་འབྱེད་པའི་གསུང་།།
རྨད་བྱུང་ཐུགས་བསྐྱེད་མངའ་བ་ཁྱེད་ལ་འདུད།།
འཆད་པས་གཞུང་བརྒྱའི་དཀའ་གནས་ཐང་མར་བརྡལ།།
རྩོད་པས་ཕྱི་རྒོལ་སྟོང་གི་ལྕེ་རྩ་བཅད།།
རྩོམ་པའི་གཙུག་ལག་རི་བོའི་གཏོས་དང་མཉམ།།
འཆད་རྩོད་རྩོམ་མཁས་བཤེས་གཉེེན་གཙུག་ན་རྒྱལ།།
བརྩེ་ཆེན་རྒྱལ་ཚབ་གཉིས་པ་ཉིན་མོའི་མགོན།།
གློ་བུར་ནུབ་རིར་ཡིབས་པའི་དུས་དེ་ནས།།
མགོན་མེད་ཉམ་ཆུང་སློབ་བུའི་ཡ་ཆུང་གི།
སྡུག་གི་མུན་པ་སངས་བའི་ཐབས་རེ་དཀོན།།
འགྲོ་བའི་སྐྱབས་གཅིག་ཆོས་རྗེ་ཡིད་བཞིན་ནོར།།
དགོངས་པ་དབྱིངས་སུ་འཐིམ་པའི་དུས་ངན་འདིར།།
ཤུལ་ལུས་དྭ་ཕྲུག་སྟོང་ཕྲག་དུ་མ་ཡིས།།
སྐྱོ་སྡུག་མིག་ཆུས་ས་གཞི་བརླན་པར་བྱས།།
གངས་ཅན་ཉི་མ་དེ་ལྟར་ནུབ་གྱུར་བས།།
རྗེས་ལུས་རྨོངས་མུན་འཐིབས་པའི་ཡུལ་གྲུ་འདིར།།
ཉམ་ཐག་འགྲོ་བ་སྡུག་བསྔལ་དྲག་པོས་གཟིར།།
གདུང་འབོད་འོ་དོད་མཐོ་སྒང་བྲག་ཅར་འཁོར།།
ཁྱེད་སྐུ་དེ་ལྟར་ནུབ་རིར་ཡིབས་གྱུར་ན།།
ཉམ་ཐག་འགྲོ་བའི་སྐྱབས་འཇུག་སུ་ལ་ཞུ།།
སྙིང་གི་དྲི་མེད་ཁ་བཏགས་སུ་ལ་འབུལ།།
དད་ལྡན་བོད་མིའི་བློ་གཏད་སུ་ལ་བྱེད།།
ཀྱེ་མ་གངས་ཅན་བསོད་ནམས་དམན་པ་ལ།།
བླ་མའི་གསེར་ཞལ་མཇལ་བས་སྐབས་ཕྲ་བས།།
དད་ལྡན་ཕོ་མོ་ཡོངས་ཀྱི་སེམས་ཁོང་ལ།།
དུས་ཀུན་སྤྲོ་བ་འཕེལ་བའི་སྐབས་མ་མཆིས།།
འགྲོ་དྲུག་འདྲེན་མཆོག་སྐྱེས་ཆེན་རིན་པོ་ཆེ།།
སྐུ་ཉིད་དག་ཞིང་གཞན་དུ་གཤེགས་པ་ནས།།
ཉམ་ཐག་འགྲོ་བས་སྐྱོ་སྡུག་མིག་ཆུའི་ཁྲོད།།
ཉིད་ཀྱི་མགུར་དབྱངས་དྲོན་མོ་སྙིང་ལ་སྦྱར།།
གནས་འདིར་མི་ཁའི་རླུང་དམར་དྲག་ཏུ་འཚུབས།
ཐན་བྱ་འུག་པའི་དཔུང་ཚོགས་མང་དུ་ཕྱིན།།
དེའི་ཕྱིར་སྐྱབས་རྗེ་དམ་སྐུ་ཉིད་ཀྱིས།།
མི་མངོན་ཆོས་ཀྱི་དབྱིངས་ནས་གཟིགས་པར་འཚལ།།
མཐོ་སྒང་པང་ན་འཚོ་བའི་ཉམ་ཐག་ཚོས།།
སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་བ་དང་།
དུས་ཀུན་སྙིང་གི་འཕར་སྒྲ་འཇགས་མེད་ངང་།།
བླ་མར་མྱུར་མཇལ་སྙིང་ནས་གསོལ་བ་འདེབས།།
དུས་ཀྱི་ལྷགས་རླུང་བཙན་པོ་གློ་བུར་ལྡང་།།
ཉམ་ཐག་འགྲོ་བ་ཙག་གིས་རབ་ཏུ་གཙེས།།
ཞི་དབྱིངས་བདེ་བ་ཆེན་པོའི་ཞིང་ཁམས་ནས།།
ཁྱེད་ཐུགས་དྲོད་ཀྱི་འོད་ཞགས་མི་ལྷོད་འཚལ།།
གནས་འདིར་མགོན་མེད་དྭ་ཕྲུག་ཁྲི་མ་འབུམ།།
མུན་པའི་ཀློང་ནས་སྐྱོ་སྡུག་མྱོང་ཐེངས་རེར།།
སྐྱེས་བུ་ཁྱོད་ཀྱི་མཛད་འཕྲིན་དྲན་དྲགས་པས།།
རེ་སྒུག་སྟོང་གི་སེམས་ངལ་སུ་ཡིས་གསོ།།
དེའི་ཕྱིར་རྒྱལ་སྲས་དམ་པ་སྐུ་ཉིད་ཀྱིས།།
ཉམ་ཐག་འགྲོ་བའི་དོན་དུ་ཉེར་དགོངས་ནས།།
ཡང་སྤྲུལ་ཉི་མ་གཞོན་ནུའི་འཛུམ་མདངས་དེ།།
མི་རིང་ཁ་བའི་ལྗོངས་སུ་འཆར་བར་སྨོན།།
མཁན་ཆེན་འཇིགས་མེད་ཕུན་ཚོགས།
ང་ཚོ་མི་རིགས་གང་ཞིག་ལྷན་ཅིག་ཏུ་གནས་ཀྱང༌། བསམ་སྤྱོད་དང༌། ལྟ་བ༑ དེ་མིན་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རྣམ་པ་འདྲ་བ་དང་མི་འདྲ་བ་གང་ཡིན་ཡང༌། ཕན་ཚུན་ཞིབ་འཇུག་དང༌། དོ་སྣང་བྱས་པ་ལས་རྟོགས་དགོས་པ་ལས། གཞན་གྱི་ཕྱོགས་རེ་བའི་ཁ་སྐད་སོགས་ལས་དངོས་ཡོད་ཀྱི་གནས་ཚུལ་དེ་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པ་མ་ཟད་དེ་ལྟར་འཆད་པའང༌། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས། གཞན་ཟེར་ཟློས་ནས་འཆད་པ་ལ། །བླུན་པོ་མགུ་ཡི་མཁས་རྣམས་མིན། །ཞེས་གསུངས་པ་ལྟར་ཡིན། དེར་བརྟེན་ཁོ་བོས་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་སྐོར་རྣ་ཐོས་འགའ་ཞིག་སྔ་མོ་ནས་ཡོད་ཀྱང་ཡིད་རྟོན་རུང་བ་ཞིག་བྱུང་མེད་པ་ནི་ཁོང་གི་རྣམ་ཐར་དངོས་མཇལ་ཚེ་གཞི་ནས་ཤེས་རྟོགས་ནུས།
ང་ཚོས་གནས་ཚུལ་གང་ཡིན་ཡང་ཞིབ་འཇུག་བྱེད་པའི་ཐོབ་ཐང་ཡོད་པར་བརྟེན་རང་ཉིད་ཁོ་ནས་དངོས་སུ་ཞིབ་འཇུག་བྱས་ཏེ་རང་ལ་གདེང་ཐོབ་པའི་ངེས་ཤེས་རྙེད་པ་ཞིག་བྱུང་ན་ངག་དཔལ་དུ་འགྲེམས་དགོས་པས། ཞིབ་འཇུག་གང་ཡིན་པའམ་བརྗོད་བྱ་གང་ཡིན་པ་དེའམ་དེའི་ཁོར་ཡུག་དངོས་ལ་འགྲོ་བསྐྱོད་བྱེད་དེ་རྒྱུས་ལོན་དང༌། ཉམས་མྱོང་དུ་མ་ཞིག་དུས་ཐུང་ཞིག་དང༌། ཉི་ཚེ་བ་ཙམ་མིན་པར་འཇུག་དགོས་མོད། ད་ཆར་ཕྲན་ནས་དེ་ལྟ་བུའི་གོ་སྐབས་མ་བྱུང་ནའང༌། མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་རྣམ་ཐར་ཞིག་རྣ་བའི་རྒྱན་དུ་ཐོབ་པ་འདིའི་ནང་ཇི་ལྟར་གསལ་བ་གཙོ་བོར་བཟུང་སྟེ་བརྗོད་བྱ་རགས་ཙམ་ཞིག་ལྷུག་རྩོམ་དུ་སྤེལ་རྒྱུ་ལགས།
སྤྱིར་ན་དེང་གི་དུས་སུུ་དངོས་ཡོད་རང་བཞིན་དང༌། ཚན་རིག་རང་བཞིན་སོགས་ལ་བསྙད་ནས་སློབ་མས་བརྩམས་པའི་བླ་མའི་རྣམ་ཐར་རིགས་ཕྱི་ནང་གསང་བ་སོགས་ཀྱི་རྣམ་དབྱེའི་ཐོག་ཐུན་མོང་བའི་སྣང་ངོར་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ལྐོག་གྱུར་གྱི་རང་བཞིན་དང་ལྡན་པའི་གནས་མང་པོ་ཞིག་སྟོན་བཞིན་ཡོད་པས་རྗོད་བྱེད་ཀྱི་ཆ་མཐའ་དག་ལ་ཡིད་རྟོན་ཆེ་ཙམ་བྱེད་མཁན་དཀོན་པར་སྣང་བ་མ་ཟད་སྔ་མོའི་དུས་ནས་ཀྱང༌། གཡུང་སྟོན་རྡོ་རྗེ་དཔལ་བས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲགས་པས་བླ་མ་ཟོག་པོར་བཏང༌། །ཞེས་པ་སོགས་བཤད་ཡོད་ནའང༌། སྐབས་འདིར་བརྗོད་པར་བྱ་བ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་སྲིད་དོན་གྱི་གཡོ་འཕྲུལ་སོགས་ལ་བརྟེན་པ་མ་ཡིན་པར་རིས་མེད་ཀྱི་སློབ་ཚོགས་རྣམས་བུང་བ་སྐྱེད་ཚལ་དུ་རོལ་བ་ལྟར་བཅོས་མིན་དད་པས་འདུས་པའི་དགེ་འདུན་འདུས་པ་རྒྱ་མཚོ་ཁྲི་ཁྲག་ལྷག་ཙམ་ལ་རང་རང་གང་འདོད་ཀྱི་མདོ་སྔགས་གསུང་རབ་ལ་ཚུལ་གནས་ཐོས་བསམ་དང༌། སྤོང་བ་བསམ་གཏན་ལ་རོལ་ཆོག་གི་བཀའ་དྲིན་བསྩལ་བའི་ཚུལ་སོགས་རྣམ་ཐར་ནས་འབྱུང་བ་ལྟར་དོན་ལ་གནས་པར་ཅུང་ཟད་རྗེས་སུ་དཔོགས་ཐུབ་པར་བརྟེན་ད་ལམ་བརྗོད་བྱ་འདི་ལྷུག་རྩོམ་དུ་སྤེལ་རྒྱུ་ཡིན།
དེ་ཡང་གཏེར་ལུང་སྣ་ཚོགས་ནས་སྔོན་གྱི་སངས་རྒྱས་དང༌། བྱང་སེམས་དུ་མའི་རྣམ་སྤྲུལ་དུ་གསུངས་པ་དང་མཐུན་པར། ཡབ་ཡུམ་དང༌། རིགས་རུས། འཁྲུངས་ཡུལ་གྱི་གནས་བབས་སོགས་ཀྱི་མིང་གི་ལྡོག་པ་སོགས་ནས་གསལ་སྟོན་ར་སྤྲོད་ཡིད་ལ་འཐད་པ་དུ་མ་ཞིག་འདུག་པ་ནི་ངོ་མཚར་ཆེ་བའི་གནས་ཤིག་ཏུ་གོ དེ་ལས་ཀྱང་ཤིན་ཏུ་ནས་ངོ་མཚར་བ་ཞིག་ལ་འགྲོ་བ་རང་མཐུན་དང་མི་འདྲ་བར་འཁྲུངས་པའི་ཚེ་ན་དབུ་གྱེན་དུ་ཕྱོགས་ཏེ་སྐུ་བལྟམས་པ་དང་ཞལ་ནས། ཨ་ར་པ་ཙའི་སྔགས་ཕྲེང་བདུན་བརྒྱད་ཙམ་གསལ་པོར་གསུངས་པ་དེ་ཤིན་ཏུ་ངོ་མཚར་བར་མི་མཐོང་ངམ།
དགུང་གྲངས་དྲུག་བདུན་ནས་ཡི་གེའི་ཕྱི་མོ་ཙམ་རེ་བསླབས་ཀྱང་ཀློག་ལེགས་པོ་མི་མཁྱེན་ཡང་རྗེས་སུ་འཇམ་དཔལ་བསྒྲུབས་པ་གནང་ཚེ་མཁྱེན་པ་ཐམས་ཅད་རང་བརྡོལ་དུ་བྱུང་བའི་ཚུལ་བསྟན་པ་ནི་བླ་མ་གང་ཞིག་གི་སྤྲུལ་པ་ཡིན་ཡང་འབད་རྩོལ་ལ་ལྟོས་དགོས་པ་གོ་བའི་ཆེད་ཨེ་ཡིན་སྙམ།
ཁོང་དགུང་ལོ་བཅུ་བཞི་པར་ངེས་འབྱུང་གིས་བསྐུལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་སྐུ་ཚེའི་ནང་གི་བདེ་ལེགས་ཀྱི་སྒོ་འཕར་ཐོག་མར་ཕྱེ་བ་ཞིག་ཏུ་གོར་མ་ཆག དེ་ནས་ཕྱི་ནང་གི་ཡོངས་འཛིན་དུ་མ་དང༌། ལྷག་པའི་ལྷ་ལ་བརྟེན་ནས་ཟབ་ལམ་རྫོགས་པ་ཆེན་པོའི་གཉུག་མའི་གནས་ལུགས་ལ་མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ཀྱང་དེ་ལས་གཞན་དུ་མ་དམིགས་པའི་ངེས་ཤེས་དང་ཁོ་ཐག་ནང་ནས་ཆོད་དེ་རྟོགས་པའི་གོ་འཕང་མཆོག་ཏུ་གཤེགས་པ་ནི་ཁོང་གི་སྒྲུབ་པ་སྟོང་གི་སྙིང་པོ་དེ་ཨེ་ཡིན་སྙམ།
དེ་ནས་ཁོང་གིས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་དང༌། ཐུན་མོང་རིག་གནས་སོགས་ལ་གསན་བསམ་ཕྱོགས་མེད་དུ་གནང་བ་ནི་ཁོང་གི་རྣམ་དཔྱོད་ཀྱི་ལྷ་ལམ་དུ་འཇིག་རྟེན་ཐམས་ཅད་མ་ཤོང་བ་མེད་པར་མཛད་པའི་སྙིང་སྟོབས་ཀྱི་སྲོག་ཅིག་ཐུགས་ལ་འཁྲུངས་ཡོད་པར་ནེམ་ནུར་ག་ལ་དགོས།
སློབ་མ་རྣམས་ཀྱིས་ཁོང་ལ་རྣམ་ཐར་རྩོམ་པར་ཞུས་ཚེ། ང་ལ་འབྲི་འོས་ཀྱི་རྣམ་ཐར་གཞན་མེད། བླ་མ་རྣམས་ཀྱི་ཐུགས་ཟིན་པ་དེ་ངའི་མི་ཚེ་གང་པོའི་རྣམ་ཐར་ཆེ་ཤོས་ཡིན། ཞེས་གསུངས་པ་འདིས་ཁོང་གིས་རང་གི་བླ་མ་ལ་ཇི་ལྟར་གཉན་པར་བཟུང་ཡོད་པ་དཔོགས་ཐུབ་ལ། ཁོང་གིས་བཤེས་གཉེན་བསྟེན་ཚུལ་ལ་ངོས་འཛིན་ཇི་ལྟར་གནང་ཡོད་པའི་ཚུལ་ནི། སམྦྷུ་ཊིའི་རྒྱུད་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་བསོད་ནམས་བས། །སློབ་དཔོན་བ་སྤུའི་ཁུངས་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་འབྱུང་བ་སྒྲ་བཞིན་དུ་ཁས་ལེན་ཞིང་དེ་དོན་ཉམས་ལེན་གནང་མཁན་ཞིག་ཨེ་ཡིན་སྙམ། །
ཁོང་གིས་གསར་རྙིང་དང་རིས་མེད་ཀྱི་བླ་མ་མང་པོ་བསྟེན་ནས་གཞུང་ཆེན་མོ་སྤྱི་དང༌། གྲུབ་མཐའ་སོ་སོའི་རྣམ་པར་འཇོག་ཚུལ། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་སེམས་ཀློང་མན་ངག་གི་སྡེ་གསུམ་སོགས་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་རྩལ་གྱིས་གཏན་ལ་འབེབས་ནུས་པ་ནི་གཞན་གྱིས་བསྒྲུན་པར་ག་ལ་ནུས་ཏེ། དེང་དུས་གཞུང་ཆེན་ལ་མཁས་པར་བརྩི་བ་དག་རང་ལུགས་ཡིག་ཆ་ཙམ་ཡང་ཁུངས་འཁྱོལ་བ་ཤིན་ཏུ་དཀའ་བའི་ཕྱིར་རོ།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཆོས་བཤད་ཀྱིས་གཞན་སེམས་བསྒྱུར་མཁན་ཡང༌། །རང་རྒྱུད་ཀྱི་ཀོ་སྐམ་གྱོང་པོར་ལུས། །གླུ་མཁན་དང་ནེ་ཙོའི་ཆོས་བཤད་བཞིན། །ཆོས་རྒྱུས་མཁན་ཆོས་ཀྱིས་ཕོངས་ཉེན་གདའ། །ཞེས་ཐོས་བསམ་གྱི་སྙིང་པོ་ཉམས་ལེན་དུ་བསྒྲིལ་དགོས་པ་ཇི་ལྟར་གདམས་པ་བཞིན། མཁན་འཇིགས་མེད་ཕུན་ཚོགས་མཆོག་ནས་ཀྱང༌། ཁོང་གི་གསུང་རྩོམ་དུ་གཞན་ལ་མེད་པའི་ཁྱད་ཆོས་འབུར་ཐོན་མང་དུ་ཡོད་པར་མངོན་ཡང༌། མདོ་དོན། ཆོས་ཉམས་སུ་ལེན་པས་ཕོངས་པ་ལས། ཆོས་ཀྱིས་ཕོངས་པ་སུ་ལའང་མི་འདུག ཅེས་བཀའ་སློབ་བསྩལ་འདུག་པ་ནི་ང་ཚོ་གངས་ཅན་པའི་ཆོས་བྱེད་ཡོངས་ལ་རྗེས་སུ་བཞག་པའི་གདམས་ངག་རིན་ཐང་བླ་ན་མེད་པ་ཞིག་ཏུ་ཁོ་བོས་གོའོ།
ཁོང་གི་ལྗགས་རྩོམ་གནང་བའི་ཚེ་ན་དཔེ་ལ་གཟིགས་མི་དགོས་ཤིང༌། ཚིག་དང་སྡེབས་སྦྱོར་གྱི་ལྷུ་འགྲིགས་མིན་ལ་འབད་རྩོལ་བྱེད་མི་དགོས་པར་གཞན་དང་གསུང་གླེང་མཛད་བཞིན་ཐོལ་བྱུང་དུ་འབྲི་གནང་གིན་ཡོད་པ་ནི། རྣལ་འབྱོར་བ་ཞབས་དཀར་བས། མགྲིན་པ་ལོངས་སྤྱོད་རྩ་ཁ་བྱེ། །རྡོ་རྗེའི་གླུ་ལ་ཐོགས་པ་མེད། །ཅེས་གསུངས་པ་ལྟར། ཁོང་ཉིད་རྩ་རླུང་ཐིག་གསུམ་ལ་དབང་འབྱོར་ཏེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་ཁ་བྱེ་བའི་རྟགས་མཚན་ཐུན་མོང་མ་ཡིན་པ་ཞིག་ཏུ་གོ་ནའང་མི་ཆོག་པ་མེད། །
དུས་འགྱུར་གྱི་གོད་ཆག་སྐབས་མི་བསྲུན་སྐྱེ་བོས་གླགས་མི་རྙེད་པའི་རྟགས་མཚན་ཁྱད་པར་བ་དུ་མ་ལ་བརྟེན་ནས་ཁོང་གི་དགེ་སྦྱོར་སྤྱི་དང་འཆད་ཉན་གྱི་རྒྱུན་ཡང་མ་ཆད་པ་ནི་ཁོང་གིས་སྐུ་ཚེ་མང་པོས་བསགས་ཟིན་པའི་ཚོགས་གཉིས་རླབས་པོ་ཆེ་དག་ལས་བྱུང་བ་གོར་མ་ཆག
ཁོང་གིས་གསེར་ལྗོངས་བླ་མ་རུང་དུུ་བཤད་སྒྲུབ་ཀྱི་རྒྱལ་མཚན་ཆེས་ཆེར་བསྒྲེངས་ཏེ་རིས་སུ་མ་ཆད་པའི་དགེ་འདུན་ཁྲི་ཁྲག་གི་ཆོས་སྡེ་བཙུགས་གནང་བ་ནི་སྤྱིར་འཛམ་བུ་གླིང་དང༌། བྱེ་བྲག་གངས་ཅན་བོད་དུ་ཁོང་ཉིད་ཁོ་ནའོ་ཞེས་བརྗོད་ན་དོན་ལ་གནས་པར་འཁུམས། དེར་མ་ཟད། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། དུས་དེང་སང་སངས་རྒྱས་བསྟན་པ་འདི། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་སྙམ་ཡང༌། །ཕྱིའི་དགོན་ལྷག་རྒྱས་པ་མ་གཏོགས་པ། །དོན་རྒྱུད་ལ་རྒྱས་པ་དཀའ་མོར་གདའ། །ཞེས་ཐུགས་སྐྱོ་གནང་བའི་ཚུལ་དང་མི་འདྲ་ཞིང༌། དགེ་འདུན་རྣམ་གྲངས་མང་བ་ཙམ་མ་ཡིན་པར་དེ་རྣམས་ཐོས་པའི་སྙིང་པོ་བསྒྲུབ་པ་གཙོ་བོར་བྱ་དགོས་པར་མཆོག་ཉིད་ཀྱིས་ཇི་ལྟར་གདམས་པ་ལྟར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་ཐོས་དོན་རྒྱུད་ལ་འབྱོར་བའི་ཉམས་ལེན་ལ་གཙོ་བོར་གཞོལ་བ་མ་ཟད། ཉེ་འཁོར་ན་གནས་པའི་དུད་འགྲོ་དང༌། གཅན་གཟན་ཡང་ཞི་དུལ་བག་ཕེབས་སུ་གནས་པ་སོགས་རྣ་བའི་རྒྱན་དུ་སོན་པ་རྣམས་ནི་འབྲས་རྟགས་སྨ་མེད་པ་ཞིག་གོ །
སྐབས་འདིར་ཁོང་གིས། བདག་གིས་བསྟན་པ་ལ་དག་ཐེར་འདི་མ་བྱས་པའི་སྔ་རོལ་ན་སེར་སྐྱ་ཀུན་གྱི་ཁྲོད་དུ་མི་དགའ་མཁན་གཅིག་ཀྱང་མེད། ཅེས་གསུངས་འདུག་པ་ལྟར་ན་ཁོང་གིས་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་གང་ཞིག་རྩལ་དུ་བཏོན་ནས་བགྱི་སྒོ་རྒྱ་ཆེན་པོ་ཞིག་བགྱིས་ཕྱིན་ཆད། ཁོང་ལ་མ་དགའ་བའམ། ངན་སྨྲས་བྱེད་མཁན་རིགས་ཤིག་བྱུང་ཡོད་པ་སྨྲོས་མེད་དུ་འདུག་པས། དོན་དངོས་དང་མཐུན་ཞིང་གཟུར་གནས་ཀྱི་བློས། ཡུལ་དུས་གནས་སྐབས་གང་ཞིག་ཏུ་ལེགས་པའི་ལམ་སྟོན་པ་ལ་མི་དགའ་བའི་སྐྱེ་བོའི་ཚོགས་ཇི་ཙམ་བྱུང་ནའང་སྐྱོན་མེད་པ་ཡིན་ཏེ། གང་ཟག་ཕལ་མོ་ཆེ་ནི་དེ་ལས་ལྡོག་སྟེ་ལམ་ལོག་པར་ཞུགས་པའི་ཕྱིར་རོ། དེ་ལྟར་ཡང་ཡིན་ཏེ། པན་ཆེན་མི་ཕམ་ཟླ་བས། འོན་ཀྱང་ཀུན་ཡིད་འཚམས་པ་སུས་ཀྱང་དཀའ། །བླུན་པོའི་ཡིད་ལ་མ་བབས་སྐྱོན་དུ་ཆུང༌། །མཁས་པས་ཁྲེལ་ན་གསོན་པོ་སྲོག་བྲལ་དང༌། །མཚུངས། ཞེས་དང༌། བཞི་བརྒྱ་པ་ལས། ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོ། །ཞེས་ཇི་ལྟར་གསུངས་པ་ལྟར་ལགས།
གཞན་ཡང་ཁོང་གིས་གཞན་དང་མི་མཉམ་པའི་མཛད་པ་གཅིག་ནི། ཁོང་གི་རྟེན་གསུམ་མ་ཡིན་པའི་ཕྱག་རྫས་ཅི་ཡོད་སློབ་ཚོགས་རྣམས་ལ་ལན་གསུམ་གྱི་བར་དུ་སྤོང་དག་མཛད་འདུག་པ་འདི་ནི། དེང་དུས་དཔལ་འབྱོར་འདུ་འགོད་ཀྱི་ཡོ་ལང་ལ་མགོ་བོ་མགལ་མེ་ལྟར་འཁོར་བའི་ཆེན་པོ་གཞན་དང་བསྡུར་ཐབས་མེད་པ་མ་ཟད། གཞན་དག་ལ་དཔེ་ལྟོས་བཟང་པོ་ཞིག་ཀྱང་བཞག་པ་རེད་སྙམ།
ཁོང་གི་བཀའ་ལས། གངས་ཅན་འདིར་དར་བའི་གྲུབ་མཐའ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གདུལ་བྱ་སོ་སོའི་དབང་དུ་བྱས་ཏེ་མཛད་པའི་ཆོས་རྣམ་དག་ཤ་སྟག་ཡིན་པར་བདག་གཅིག་པུས་ལུང་དང་རིགས་པས་བསྒྲུབ་དགོས་ནའང་ནུས་ལ། ཆོས་དེ་དག་གདུལ་བྱ་སོ་སོར་མི་ཕན་པ་ཚིག་གཅིག་ཀྱང་མེད། དེ་ལ་སྡང་ཞུགས་བྱས་ན་རང་ཉིད་ཀྱིས་ཆོས་སྤངས་ཏེ་རང་བརླག་པ་ལས་ཅི་ཡང་མེད། ཁྱད་པར་བསྟན་པ་ཉམས་དམའ་བའི་དུས་ན་ཕྱོགས་ཞེན་དེ་ལྟ་བུས་དགོས་པ་གཏན་ནས་མེད། ཅེས་ལན་གཅིག་མིན་པར་རྟག་ཏུ་྄གསུངས་པར་མཛད་པ་ལྟར་ཁོང་གི་ཆོས་སྡེ་ཆེན་པོར་ཡང༌། གངས་རིའི་ལྗོངས་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་དང༌། གཡུང་དྲུང་བོན་དང་དགུའི་གཞུང་ལུགས་ལ་གསན་བསམ་དང༌། སྒྲུབ་པ་ཉམས་ལེན་བྱེད་ཆོག་ཏུ་ཡོད་འདུག་པ་སོགས་ནི་བོད་ཀྱི་ཆེན་པོར་རློམ་པ་ཕལ་གྱིས་བགྱི་བར་མི་ནུས་པའི་རླབས་ཆེན་གྱི་ལས་དོན་སྨ་མེད་པ་ཡིན་ཏེ། ཇིསྐད་དུ། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཞེས་དང༌། རྒྱུད་བླ་མ་ལས། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་བ་དང༌། །དེ་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །ཞེས་དང༌། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ཆོས་ལ་ཕྱོགས་རིས་བྱེད་མཁན་རྣམས། །དམྱལ་བར་སྐྱེ་བའི་ལུང་བསྟན་འབྱུང༌། །ཞེས་ཇི་ལྟར་གསུངས་པའི་གནད་ལ་དཔྱད་པ་མཐིལ་ཕྱིན་གནང་ཡོད་པར་གོར་མ་ཆག་ལ། ཁོང་གི་མཛད་པ་འདི་ལྟ་བུའི་ཐོག་ནས་ཁོང་ལ་གཞན་དང་མཉམ་པ་མེད་པའི་ལོ་རྒྱུས་ཀྱི་གདེང་འཇོག་ཅིག་ཐོབ་ཡོད་པ་ཡིན་ཏེ། ཇི་སྐད་དུ། ལོ་རྒྱུས་ཐོག་གི་མཛད་རྗེས་ལ་གདེང་འཇོག་བྱེད་དགོས་ན། ལོ་རྒྱུས་འགུལ་སྐྱོད་མཁན་གྱིས་ད་ལྟའི་དགོས་མཁོའི་ཚད་གཞི་ལྟར་འདོན་སྤྲོད་གསར་པ་བྱས་ཡོད་མེད་ལ་མི་བལྟ་བར། ཁོ་ཚོ་རང་ལས་སྔ་བའི་དུས་སྐབས་ཀྱི་མེས་པོ་དག་དང་བསྡུར་ན་འདོན་སྤྲོད་གསར་པ་བྱས་ཡོད་མེད་ལ་བལྟ་དགོས། ཞེས་པ་ལྟར་རོ།
གཞན་ཡང་ཁོང་གིས་ཟབ་གཏེར་ཅི་རིགས་ཤིག་བཞེས་ཡོད་པའི་ཚུལ་རྣམ་ཐར་དུ་གསལ་བའང་ཤིན་ཏུ་རུང་སྟེ། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང༌། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོར་བྱས། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་གྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང༌། ཏིང་ངེ་འཛིན་གྱི་མདོ་ལས། བཟང་སྐྱོང་ལ་སོགས་པ་རྒྱལ་སྲས་དུ་མས། མདོ་དེ་དག་སངས་རྒྱས་དངོས་ལས་བླངས་ཏེ། སླར་བྲིས་ཤིང་སྒྲོམ་དུ་བཅུག་སྟེ་མཆོད་རྟེན་དང༌། རི་བྲག་སོགས་ལ་བརྟེན་པའི་ལྷ་དང༌། ཀླུའི་ལག་ཏུ་བཞག་ནས་རང་ཉིད་དག་པའི་གནས་སུ་འགྲོ་ཞིང༌། ཡང་ཕྱི་མའི་དུས་སུ་འདིར་འོངས་ཏེ་མདོ་སྡེ་རྒྱས་པར་བྱེད་ཚུལ་གསལ་ཡོད་པས་སོ། །
རྣམ་ཐར་གྱི་སྟོད་སྨད་ཀུན་ཏུ་གདུལ་བྱ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ཏེ་ཐུན་མོང་བའི་སྣང་ཚོད་ལ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་གྲུབ་པའི་རྟགས་མཚན་སྣ་ཚོགས་ཤིག་མངའ་བའི་ཚུལ་འཁོད་འདུག་པ་འདི་དག དེང་དུས་ཕལ་ཆེར་དངོས་གཙོ་སྨྲ་བའི་རྗེས་སུ་འབྲངས་པའམ། མིན་ཀྱང་སྙིགས་མའི་མུན་པས་ནོན་པའི་དུས་སྐབས་ཡ་ང་བ་འདིར་ཆོས་ཉིད་བདེན་པ་སྙིང་ལ་ཞུགས་ཏེ་ཆོས་ཀྱི་ཉམས་ལེན་གནད་སྨིན་བྱེད་མཁན་ཉུང་བས་གྲུབ་པའི་རྟགས་མཚན་གང་ཡང་བརྙེས་རྒྱུ་མེད་པའི་གང་ཟག་དག་གི་བློ་ངོར། ཨ་ཁུ་སྟོན་པའི་རྫུན་རླབས་དང་གཉིས་སུ་མ་མཆིས་པ་ཞིག་ལས་གོ་རྒྱུ་རྙེད་པ་ལྟ་ཞོག དེ་ལས་ལྡོག་སྟེ་སྐུར་འདེབས་ཀྱི་རྒྱུར་འགྱུར་མོད་ཀྱང༌། དམ་པའི་དོན་དུ་ན་ཁ་ཕྱི་བལྟས་སུ་མ་སོང་བར་ཐོས་དོན་ཚུལ་བཞིན་བསྒྲུབ་པའི་གང་ཟག་དག་ལ་འོས་པའི་གནས་སུ་ཅིའི་ཕྱིར་མི་མཐོང༌། སྤྱིར་ན་བསམ་གྱིས་མི་ཁྱབ་པའི་གནས་ཁས་མི་ལེན་ན། ཆོས་ཁས་མི་ལེན་པའི་གྲལ་དུ་བཞུགས་མེད་དམ་སྙམ་སྟེ། དགེ་ཆོས་ཀྱིས་ཀྱང༌། ཐེག་པ་ཆེན་པོ་ལ་མོས་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་གནས་ལའང་མོས་དགོས་པ་ཡིན། ཞེས་གསུངས།
ད་ལྟའི་ཆར་མཁན་ཆེན་ཉིད་ཆོས་ཀྱི་དབང་དུ་བྱས་ཚེ་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པའམ། དེ་མིན་གངས་ཅན་པ་སྤྱི་དང༌། བྱེ་བྲག་ཁོང་ལ་རེ་ལྟོས་ཆེས་ཆེར་འཆའ་བ་རྣམས་ལ་བཟོད་དུ་མེད་པའི་གྱོང་གུན་བླ་ན་མེད་པ་ཞིག་ནི། ཁོང་སྐུ་ཡི་འཕེན་པ་རྫོགས་པ་དེ་ཡིན་པ་སྨྲོས་མེད་ལགས་ཤིང༌། དེའང་འབྲེལ་ཡོད་རྣམས་ཀྱིས་སྔ་མའི་རླབས་ཆེན་གྱི་མཛད་པའི་ལས་ཀྱི་འཕྲོ་སྡུད་གནང་མཁན་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུའི་ཉི་གཞོན་མྱུར་དུ་འཆར་བར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་བཞིན་མེད་དམ་སྙམ་པ་ནི་རྩོམ་ཐུང་འདི་མཇུག་བསྡུ་བའི་ཡན་ལག་ཡིན་ནོ།། །།
ཞེས་པ་འདི་ནི་མཁན་ཆེན་གང་གི་དངོས་ཀྱི་སློབ་མ་དགེ་སློང་ཚུལ་ཁྲིམས་ཉི་མ་ནས་བསྐུལ་མ་གནང་བ་ལྟར་མཁན་ཆེན་མཆོག་སྐུ་གཤེགས་ནས་བགྲང་བྱ་གཅིག་འཁོར་བའི་རྗེས་དྲན་གྱི་ཚུལ་དུ་ཕྲན་དྲང་སྲོང་རྣམ་རྒྱལ་མིང་པས་ཕྱི་ལོ་༢༠༠༤ཟླ་༨ཚེས་༢༢ལ་བྲིས། །
དྲང་སྲོང་རྣམ་རྒྱལ་ཟེར་བ་ནི་བོན་པོའི་དགེ་བཤེས་ཞིག་རེད་་་་འོན་ཀྱང་རྙིང་མས་བོན་ལ་སྡང་ཟུག་བྱེད་སྐུར་འདེབས་ཚད་མེད་བྱེད་་་བོན་པོའི་དགེ་བཤེས་ཀྱི་རྙིང་བླ་ལ་གསོལ་འདེབས་བསྟོད་ཕྱག་ཕུལ། དེ་འདྲ་རེད་པདྨ་ལགས་
བོན་པོས་ཉམས་ལེན་ཡག་པོ་གནང་ན་གཤེ་དགོས་དོན་མི་འདུག་མོད། མི་དགོས་ས་ནས་ལོ་རྒྱུས་རྫུན་མ་དང་། ཆབ་སྲིད་འདྲ་བོ་འཁྲབ་ཁུལ་བྱེད་བསྡ་དུས་སེམས་ལ་འཁྲོད་པོ་མི་འདུག རྙིང་མ་པ་ཚང་མས་བོན་པོ་ལ་ཁ་ཟེར་ཡོད་ཀྱི་མ་རེད། ང་ཙམ་ཡིན་རྒྱུ་རེད།
་་་་་ རྙིང་མ་པ་ཚང་མས་བོན་པོ་ལ་ཁ་ཟེར་ཡོད་ཀྱི་མ་རེད། ང་ཙམ་ཡིན་རྒྱུ་རེད། ་་་་་
བོན་པོས་ཉམས་ལེན་ཡག་པོ་གནང་མ་གནང་ནི་རྒྱུད་ལ་ཆགས་སྡང་རྨོངས་གསུམ་གྱིས་བཟི་མ་བཟི་ལ་ལྟ་རྒྱུ་རེད་ཉམས་ལེན་ཇི་ལྟར་བྱས་མིན་ཁས་བཤད་ཚད་ཆགས་སྡང་བཤད་དུས་རང་རྒྱུད་ལ་ཉམས་ལེན་ཇི་ལྟར་ཡོད་མེད་དེས་ཤེས་ཐུབ་་་ཁ་ནས་རྫོགས་ཆེན་ཟེར་དུས་སེམས་ལ་ཆགས་སྡང་རྨོངས་གསུམ་རྫོགས་པའི་བཟོ་འདྲ་ཞིག་སྟོན་ཡོང་གི་འདུག
༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས།
སྙིགས་དུས་བསྟན་པའི་གསལ་བྱེད་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ཞེས་གྲགས་པའི་དམ་པའི་སྐྱེས་མཆོག་གང་ཉིད་ཀྱི་སྤྲུལ་གཞི་ནི།
རྒྱལ་བ་རྡོ་རྗེ་འཆང་གི་སྤྱན་སྔར་བྱང་སེམས་ཡེ་ཤེས་སྙིང་པོ། འོད་སྣང་སྤྲུལ་བའི་ཞིང་ཁམས་སུ་སྟོན་པ་གཞོན་ནུ་ཁྱེའུ་ཆུང༌། སྟེང་ཕྱོགས་སུམ་ཅུ་རྩ་གསུམ་དུ་འོད་གསལ་རྫོགས་པ་ཆེན་པོའི་སྟོན་པ་ལྷ་དེ་བ་བཟང་སྐྱོང༌། ལྷོ་ཕྱོགས་འཛམ་བུའི་གླིང་འདིར་མཉམ་མེད་ཐུབ་པའི་དབང་པོའི་གསོ་ཡུམ་སྐྱེ་དགུའི་བདག་མོ་དང༌།
རིག་འཛིན་དགའ་རབ་རྡོ་རྗེའི་སྐྱེད་ཡུམ་མི་ལས་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདེ་ལྡན་དབང་མོ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དངོས་སློབ་བྲམ་ཟེ་ཡིད་བཞིན་དཔལ། ཆོས་རྒྱལ་ཨིནྜ་བོ་དྷིའི་དྲུང་དུ་ཆོས་བློན་དམ་པ་ཏྲིཀ་ན་འཛིན། ཨོ་རྒྱན་སངས་རྒྱས་གཉིས་པས་རྒྱ་གར་དུར་ཁྲོད་བརྒྱད་དུ་གསང་སྔགས་ཀྱི་ཆོས་འཁོར་སྐོར་ཚེ་སྲས་ཤཱཀྱ་མི་ཏྲ། གངས་ཅན་བོད་ཀྱི་ཡུལ་དུ་འབྲས་བུ་གསང་སྔགས་ཀྱི་བསྟན་པ་སྤེལ་ཚེ་ཐུགས་སྲས་གྲུབ་ཆེན་ཉེར་ལྔའི་ཡ་གྱལ་སྣ་ནམ་རྡོ་རྗེ་བདུད་འཇོམས།
རྒྱལ་བསྟན་ཕྱི་དར་གྱི་སྐབས་སུ་ཁ་ཆེ་པཎ་ཆེན་གྱི་དངོས་སློབ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། གུ་རུའི་ཐུགས་གཏེར་གྱི་མངའ་བདག་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན། རིག་འཛིན་སྐུ་ཕྲེང་གཉིས་པ་མངའ་རིས་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། གསུམ་པ་ངག་གི་དབང་པོ། བཞི་པ་རིག་འཛིན་པདྨ་ཕྲིན་ལས།
དེའི་སྐུ་སྐྱེ་ཉག་རོང་ལྕགས་མདུད་གྱི་ཡུལ་དུ་འཁྲུངས་པ་གཏེར་སྟོན་པདྨ་དབང་ཕྱུགདེའི་ཡང་སྲིད་གཏེར་ཆེན་ལས་རབ་གླིང་པའམ་བསོད་རྒྱལ་རིན་པོ་ཆེ་ཞེས་ཡོངས་གྲགས་གཙོ་ཆེར་བགྲངས་པའི་ལུགས་དང༌། གཞན་ཡང་གཏེར་ལུང་འགའ་ལས་དེ་ལས་གཞན་པའི་སྐྱེ་རྒྱུད་བྱུང་བ་སོགས་རིམ་དང་གཅིག་ཆར་གྱི་སྒྱུ་འཕྲུལ་བཀོད་པ་མཐའ་ཀླས་པ་མངའ་བ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལྟར་ལ།
འདིར་སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པའི་སྐུ་སྐྱེ་དེ་མ་ཐག་པ་ཡིན་པའི་ཚུལ་ནི། ལས་གླིང་རང་གི་སྐུ་སྐྱེ་ཕྱི་མ་ངོས་འཛིན་དུ་མི་འགྱུར་བའི་རྟགས་བདུན་བསྟན་པ་སྟེ། ཇི་སྐད་དུ། གནས་མི་འགྱུར་ཆོས་དབྱིངས་འབྱུང་གནས་སུ༔ མདངས་མི་འགྱུར་གཡུ་ཡི་མཚོ་མོ་ལ༔ རིགས་མི་འགྱུར་པདྨའི་སྡོང་པོའི་རྩེར༔ སྔགས་སྣ་ནམ་གྱི་སྤྲུལ་པའི་ཁྱེའུ་མཆོག༔ ལོ་མི་འགྱུར་མཁའ་ལྡིང་བྱ་ལ་བལྟམས༔ ལུས་མི་འགྱུར་ལག་མཐིལ་མཁའ་འགྲོའི་དལ༔ ངག་མི་འགྱུར་སྡེ་སྣོད་རྒྱ་མཚོའི་བརྒྱན༔ སེམས་མི་འགྱུར་ཆོས་སྐུའི་རང་ངོ་འཕྲོད༔ དེ་རང་ལོ་ཉེར་དྲུག་ཉེར་བདུན་ལ༔ སྨན་བདུད་རྩི་དཔལ་འཛིན་ཆོས་དབྱིངས་མས༔ ལས་སྨོན་དང་ཐབས་ཀྱིས་བཏུལ་བྱས་ནས༔ ཟབ་གཏེར་ལྔའི་སྒོ་འཕར་འབྱེད་ནུས་ན༔ དུས་འཁྲུག་གི་མུན་ནག་དབྱིངས་སུ་ཡལ༔ བོད་གངས་ཅན་ལ་བདེ་བའི་ཉི་མ་ཤར༔
ཞེས་གསུངས་པ་ལྟར་སྤྱི་ལོ་༡༩༣༣ པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ཉིན་ཡབ་པད་ཏེ་དང༌། ཡུམ་གཡུ་མཚོ། འཁྲུངས་ཡུལ་རྡོ་ཁོག་རྫུ་མེད་ཆོས་ཀྱི་འབྱུང་གནས། དགུང་སྙིང་བྱ། ཕྱག་མཐིལ་དུ་མཁའ་འགྲོའི་དལ་ཆོས་འབྱུང་ཟུར་དྲུག་པའི་རི་མོ་ཡོད་པ་སོགས་མ་འཁྲུལ་བར་སྐུ་བལྟམས། འཁྲུངས་པའི་སྐབས་སུའང་སྐུ་དྲང་པོར་བསྲངས། སྤྱན་གྱིས་ནམ་མཁར་གཟིགས། ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་མནབས་ཏེ་ཞལ་ནས་རིག་སྔགས་ཀྱི་རྒྱལ་པོཨ་ར་པ་ཙ་ལན་བདུན་གསུངས་པ་དེར་འཁོད་ཀུན་ཀྱིས་ཐོས་པས་ཐམས་ཅད་ཡ་མཚན་པར་གྱུར།
དགུང་ལོ་བདུན་ལ་སོན་སྐབས་ཡི་གེའི་ཕྱི་མོ་ལ་བསླབས་ཀྱང་ཤེས་དཀའ་བའི་རྐྱེན་གྱིས་འཇམ་དཔལ་སྨྲ་བའི་སེང་གེ་ལ་དད་མོས་དྲག་པོས་ཞག་འགར་བསྒྲུབས་པས་བྱིན་རླབས་ཀྱི་རྟགས་མཚན་ཐོབ་པ་ནས་བཟུང་ཀློག་སོགས་ལ་མ་བརྩོན་པར་མཁྱེན་པར་མ་ཟད། གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་འོལ་སྤྱི་ཙམ་ཐུགས་སུ་ཆུད་པ་བྱུང༌།
དགུང་གྲངས་བཅུ་བཞི་པར་ངེས་པར་འབྱུང་བའི་ཐུགས་རྒྱུད་བསྐུལ་བས་བྲག་རྫོང་མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་བས་ཐུབ་བསྟན་ལེགས་བཤད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་གསོལ། དེ་ནས་བཟུང་བཤེས་གཉེན་དུ་མ་བསྟེན་ཏེ་ཐོས་བསམ་མཛད་པས་ཉིན་རེ་ཤོག་ལྡེབ་མདའ་ཚད་བཅོ་ལྔ་ཙམ་ཐུགས་འཛིན་ནུས་པའི་གཟུངས་སྤོབས་ཀྱི་བློ་གྲོས་རྒྱས།
དགུང་གྲངས་བཅོ་ལྔ་སོན་སྐབས་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དང་ཀུན་མཁྱེན་བླ་མ་མི་ཕམ་རྒྱ་མཚོ་ལ་མོས་གུས་བླ་ལྷག་ཏུ་འཁྲུངས་ཏེ་རིག་སྟོང་འཇམ་དཔལ་གཞོན་ནུའི་ཚིགས་བཅད་ཀྱི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་བཏབ། གསོལ་འདེབས་གྲངས་བརྒྱ་རེའི་མཚམས་སུ་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་རེ་བསྒྲགས་པས་སྔ་མ་ས་ཡ་གཅིག་དང༌། ཕྱི་མ་ཁྲི་ཚོའི་གྲངས་འཁྱོལ་བའི་མོད་ལ་དོན་བརྒྱུད་ཀྱི་དགོངས་པ་རིག་སྟོང་གཉུག་མའི་རང་ཞལ་མངོན་སུམ་རྗེན་ཅེར་དུ་མཐོང་བས་རྩོལ་མེད་འབྲས་བུའི་རྒྱལ་སར་གཤེགས།
དགུང་གྲངས་བཅོ་བརྒྱད་པར་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཁྲུལ་མེད་འཛིན་པ་རྫ་སྟོད་ལྕང་མ་སྒར་དུ་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན། མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་ཤིན་ཏུ་ཟབ་པ་བསྐྱེད་རྫོགས་རྫོགས་ཆེན་གྱི་གདམས་ཁྲིད་བཅས་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཛད།
དགུང་གྲངས་ཉེར་གཉིས་པར་རྗེ་དེ་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས་པ་ནས་སྐུ་ཚེ་གང་བོར་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་གནང་བཀག་གི་གནས་ཕྲ་མོ་ལས་ཀྱང་མི་འདའ་བའི་རྣམ་ཐར་བདག་གིར་བཞེས། སློབ་ཚོགས་བརྒྱ་ཕྲག་དུ་མའི་དབུས་སུ་ང་ཡི་སྤྲུལ་སྐུ་རྒྱ་སྒོང་མ་ཞེས་ཐུགས་བརྩེས་རྗེས་སུ་བཟུང་བའི་སྔགས་བརྗོད་དང་ནང་མའི་ཞལ་གདམས་རྒྱུན་དུ་གནང༌།
གཞན་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་ལྕེ་བཙུན་སྙིང་ཐིག བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ལས་སྙིང་ཐིག་ཡ་བཞིའི་དབང་དང༌། དུས་འཁོར་དབང་ཆེན། སྤྲུལ་སྐུ་ནམ་མཁའ་འཇིགས་མེད་ལས་བླ་མ་ཡང་ཏིགཞི་ཁྲོའི་དབང༌། མ་ཎི་བླ་མ་པདྨ་སིདྡྷི་ལས་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་དང༌། བར་དོའི་ཆོས་སྐོར། བུ་རྒྱུད་ལྷ་བ་སྤྲུལ་སྐུ་ལས་ཕར་ཚད་ཀྱི་སྐོར་དང༌། སྐར་རྩིས་སོགས་རིག་གནས་སྐོར།མཁན་པོ་རྒྱ་མཚོ་ལས་དབུ་མའི་སྐོར།
བླ་མ་ཚུལ་དགའ་ལས་མཛོད་ཀྱི་བཤད་རྒྱུན་དང༌། རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང༌། མཁན་པོ་ཨོ་རྒྱན་མགོན་པོ་ལས་འདུལ་ཊིཀ་ཉི་མའི་འོད་ཟེར། དེ་མཚུངས་མཆོག་སྤྲུལ་པད་ནོར། བླ་མ་གར་ཆོས། མཁན་པོ་ཟླ་འོད། བཤེས་གཉེན་དགེ་འདུན་དར་རྒྱས་སོགས་ལས་ཀྱང་ཆོས་བཀའ་ཅི་རིགས་གསན་པས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན།
དགུང་ལོ་ཉེར་བཞིའི་དུས་རང་ཡུལ་གནུབས་ཟུར་དགོན་གྱི་ཆོས་ཁྲི་ལ་མངའ་གསོལ་ཏེ་བཤད་གྲྭའི་ལས་ཐོག་མཁན་པོའི་ཐུགས་འགན་བཞེས་ནས་གཞུང་ཆེན་བཀའ་པོད་ལྔ་དང་སྙན་སུམ་སོགས་ཐུན་མོང་རིག་གནས་ཀྱི་འཆད་ཁྲིད་རྒྱ་ཆེར་བསྐྱངས། དེ་ནས་དུས་ངན་གྱི་གོད་ཆག་བདོ་བའི་ལོ་གྲངས་ཉི་ཤུ་ཙམ་རིང་དབེན་པའི་གནས་ཡུལ་འགྲིམས་ཏེ་རང་དོན་དུ་བསྙེན་སྒྲུབ་ཉམས་བཞེས་ཀྱིས་ཐུགས་དམ་ལ་བོགས་འདོན་དང༌།
གཞན་དོན་དུ་སྣོད་ལྡན་གྱི་སློབ་བུ་འགའ་ལ་ཀུན་མཁྱེན་མཛོད་བདུན་དང༌། ངལ་གསོ་སྐོར་གསུམ། མི་ཕམ་གསུང་འབུམ་གཙོ་བོར་གྱུར་པའི་ཆོས་ཁྲིད་ཉིན་བཞིན་བསྩལ་ཅིང༌། ཁྱད་པར་རྒྱལ་བསྟན་ཡང་དར་གྱི་ཉི་མ་གསར་དུ་ཤར་བའི་སྐབས་འདིར།
ཇི་སྐད་དུ། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་མ་འོངས་ལུང་བསྟན་ལས། གསེར་རྔ་དམ་ལྷ་ཡི་བླ་ལུང་དུ༔ དཔལ་ཨོ་རྒྱན་སྤྲུལ་པ་འཇིགས་མེད་མཚན༔ འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ༔ ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ༔ ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག༔ འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ༔ དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད༔
ཅེས་གསུངས་པ་ལྟར་སྔོན་སྨོན་ཐུགས་བསྐྱེད་གོ་ཆ་དུས་སུ་སྨིན་ཏེ་སྤྱི་ལོ་༡༩༨༠པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ཟླ་བ་དྲུག་པའི་ཚེས་བཅུ་ལ། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་སྐུ་ཚེའི་སྟོད་ཀྱི་གདན་ས་གསེར་ལྗོངས་བླ་མ་རུང་དུ་ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་ཆོས་སྡེ་གསར་དུ་དབུ་བཙུགས་ནས་མདོ་སྔགས་སྨིན་གྲོལ་དང་བཅས་པའི་ཆོས་འཁོར་རྒྱ་ཆེར་བསྐོར།
སྤྱི་ལོ་གྱ་ལྔ་པ་ཤིང་གླང་ལོ་ནས་མདོ་དང་རྒྱུད་སྡེའི་དགོངས་དོན་དཔང་པོར་བཞག་སྟེ་དམ་སྡོམ་ཉམས་པའི་སྐྱེ་བོ་ཀུན་ཚར་གཅོད་གནས་དབྱུང་བཏང་ནས་རྙོག་མར་གྱུར་པའི་རྒྱལ་བསྟན་དག་ཐེར་དྭངས་གཙང་མཛད། རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་ཕྱོགས་འདུས་ཀྱི་དགེ་འདུན་སུམ་སྟོང་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་ནས་འདུས་པའི་གོང་འཕེལ་དུ་ཕྱིན།
རབ་བྱུང་བཅུ་བདུན་པའི་ཐོག་མའི་མེ་ཡོས་ལོར་དད་ལྡན་སྐྱ་སེར་ཇོ་བཙུན་ཆེས་མང་བའི་འཁོར་ཚོགས་དང་བཅས་རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཟབ་ཆོས་ཀྱི་དགའ་སྟོན་སྤེལ་བས་ལས་ལྡན་གྱི་འཁོར་ཚོགས་རིག་འཛིན་གྱི་ས་ལ་བཀོད་པའི་ཕྲིན་ལས་མཛད།
སྤྱི་ལོ༡༩༩༠ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ནས་གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་ཕན་ཚུན་ཐུགས་བརྩེ་ཆེན་པོས་དམ་པའི་ཆོས་ཀྱི་སྐྱེས་བཟང་འབུལ་རེས་མཛད་པ་སོགས་ལེགས་ལམ་གྱི་མཛད་ཕྲིན་ཐུགས་བཞེད་བཞིན་གྲུབ་སྟེ་ཕྱིར་གདན་སར་ཕེབས།
དེ་ནས་ལོ་ངོ་གཉིས་ཙམ་གྱི་རྗེས་སུ་སླར་ཡང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱིས་གཙོས་ཕྱི་གླིང་གི་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ནས་དམ་པའི་ཆོས་ཀྱི་ཆར་བ་ཕབ་སྟེ་གདུལ་བྱ་སྨིན་གྲོལ་གྱི་ས་ལ་བཀོད།
ལོ་དེའི་ཕྱི་ལོ་མདོ་ཁམས་སྟོད་སྨད་ཀྱི་སྔ་འགྱུར་རྙིང་མའི་དགོན་སྡེ་མང་པོར་བསྟུད་མར་ཕེབས་ཏེ་སྡེ་དགོན་སོ་སོའི་བླ་སེར་ཇོ་བཙུན་ནས་ཕལ་བ་མི་སྐྱ་ཕོ་མོ་ཀུན་ལ་ཟབ་ཆོས་ཀྱི་འབྲེལ་བ་དང་དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་སྙིང་ནོར་དུ་བསྩལ་བ་བཅས་རྒྱལ་ཁམས་ཕན་བདེའི་ལམ་ལ་དྲངས། གཞན་ཡང་སྔ་ཕྱི་ཀུན་ཏུ་གསེར་རྟ་དང་མི་ཉག་སོགས་ཡུལ་ཁམས་འགར་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོས་ཚོགས་རྒྱ་ཆེར་སྤེལ་བ་སོགས་འབྲེལ་ཚད་ཐར་བའི་ལམ་ལ་བཀྲི་བའི་མཛད་པ་བསྐྱངས།
ཁྱད་པར་གདན་ས་རང་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་མཛད་པ་ཟླ་མེད་བསྐྱངས་པས་མཁས་ཚུལ་གསུམ་གྱིས་མཛེས་པའི་ཞལ་སློབ་བགྲངས་ཀྱིས་མི་ལང་པ་བྱོན་ཞིང་གཙོ་བོའི་མཚན་ཙམ་སྨོས་ན།
མཁན་པོ་ཚུལ་ཁྲིམས་བློ་གྲོས། མི་ཉག་མཁན་པོ་གུ་རུ། རྨེ་བ་མཁན་པོ་འཆི་མེད་རིག་འཛིན།གཡུ་མཁར་མཁན་པོ་ནོར་བུ། རྩ་ཤུལ་མཁན་པོ་ཤེས་རབ་བཟང་པོ། མགོ་ལོག་མཁན་པོ་ཀུན་བཟང༌། མཁན་པོ་ཡེ་ཤེས་ཕུན་ཚོགས། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། ཤུགས་ཆུང་སྤྲུལ་སྐུ་ལུང་རྟོགས། ཝ་གནས་སྤྲུལ་སྐུ་ཆོས་ཀྱི་ཉི་མ། མདོ་སྟོད་མཁན་པོ་དཔལ་དགྱེས་པ། རྫོགས་ཆེན་མཁན་པོ་ཐོས་ལྡན། མགོ་ལོག་དཔལ་སྤྲུལ་སྒྲིབ་བྲལ་སོགས་ཕྱི་རབས་བསྟན་པའི་བརྒྱུད་འཛིན་པ་དུ་མ་སྐྱེད་སྲིང་གནང་བ་བཅས་ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་ངང་གིས་བསྡུས་ཏེ།
དགུང་གྲངས་དོན་གཅིག་ཏུ་ཕེབས་པ་ཆུ་ལུག་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་གྱིས་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །
དཔལ་དགྱེས་ཁྱོད་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་སློབ་ཆེན་ཡིན་པ་གོ་མ་མྱོང་ལོ། རང་གིས་རང་ལ་སྐྱག་བསྟོད་བྱེད་ཀྱི་མ་འདུག་་་་་་་་་
༄༅། །༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་གྱི་ཉི་མ།
ན་མོ་གུ་རུ་ཨ་བྷྱ་ལཀྵྃ་ཀ་ར་ཡེ།
སྐྱེ་དགུ་འགྲོ་བའི་མིག་གཅིག་ཟས་གཙང་སྲས། །
སླར་ཡང་ཞིང་འདིར་བྱོན་པའི་བཀའ་དྲིན་ཅན། །
པདྨའི་རྒྱལ་ཚབ་རྡོ་རྗེ་བདུད་འཇོམས་རྩལ། །
གཏེར་ཆེན་ལས་རབ་གླིང་པར་གསོལ་བ་འདེབས། །
མི་འགྱུར་རྟགས་བདུན་གྲུབ་པའི་སྤྲུལ་པའི་སྐུ། །
ཕ་རོལ་ཕྱིན་དྲུག་རྫོགས་པའི་ལོངས་སྐུའི་དལ། །
མཁྱེན་པའི་སྤྱན་ལྔ་སྨིན་པའི་ཆོས་ཀྱི་སྐུ། །
འཇིགས་མེད་སྐུ་བཞིའི་བདག་པོ་གསོལ་བ་འདེབས། །
བཅུ་ཕྲག་རིག་པའི་དབང་ཕྱུག་པཎྚི་ཏ། །
སོར་བྱང་སྔགས་ཀྱི་སྡོམ་ལྡན་བཙུན་པའི་མཆོག །
སྣང་སྲིད་དག་མཉམ་རྟོགས་པའི་རྣལ་འབྱོར་པ། །
རིག་འཛིན་གྲུབ་པའི་རྒྱལ་པོ་གསོལ་བ་འདེབས། །
རྒྱལ་བ་དང་པོ་ལེགས་པ་བརྒྱད་འཛོམས་ཉིན། །
རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་ཕྱིར་ཕེབས་པའི་མགོན། །
རྒྱལ་སྲས་གཞན་ཕན་སྣང་བ་ཁྱེད་མིན་སུ། །
འཇིགས་མེད་སྟོབས་བཅུ་མངའ་བའི་སངས་རྒྱས་དངོས། །
ཕུན་ཚོགས་ཐེག་དགུའི་སྟོན་པ་ཆོས་ཀྱི་རྗེ། །
ཕན་བདེའི་འབྱུང་གནས་འདྲེན་པ་དགེ་འདུན་དཔལ། །
མཚུངས་མེད་དཔལ་ལྡན་བླ་མའི་རྣམ་ཐར་དྲན། །
ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །
ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །
བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་ཏུ་བྱེད། །
བཟང་པོ་སྤྱོད་པའི་སྟོབས་རྣམས་རྫོགས་པར་གསུངས། །
གངས་རིའི་ལྗོངས་ཀྱི་ཡིད་བཞིན་ནོར་བུ་ཉིད། །
འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་དུ་འདྲེན། །
སྙིགས་ལྔའི་མུན་པ་བསལ་བའི་གཉེན་གཅིག་པུ། །
ཆོས་རྗེ་བླ་མ་དམ་པར་སྙིང་ནས་དྲན། །
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོའི་བཅུད། །
རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུག་ཅེས། །
འདའ་ཁར་གདམས་པའི་སྙིང་པོ་ལེགས་བསྩལ་ནས། །
རེ་ཞིག་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས། །
ཐུགས་སྲས་དམ་པ་ཀུན་མཁྱེན་བླ་མ་སོགས། །
མདོ་སྔགས་བསྟན་པའི་ཆོས་སྒོར་ཞུགས་པའི་ཚོགས། །
ཛམ་གླིང་ཟླུམ་པོར་སྨིན་གྲོལ་བདེན་པར་བཀོད། །
བསྐལ་བཟང་རྫོགས་ལྡན་དང་པོ་མཆོག་གིས་འདྲེན། །
དེང་དུས་འཛམ་གླིང་ལག་འཐིལ་མཉམ་པའི་དུས། །
མཚན་ལྡན་དགེ་བའི་བཤེས་གཉེན་དམ་པ་ཁྱེད། །
སྣང་སྲིད་དབང་བསྡུད་འོད་དཔག་མེད་མགོན་རྗེ། །
མི་ཕྱེད་དད་གུས་དྲན་པར་ཨེ་མ་ཧོ། །
དད་གུས་གསོལ་འདེབས་དྲག་པོས་བྱིན་རླབས་ལས། །
ཐོ་རངས་འོད་གསལ་ལམ་ནས་མངོན་སུམ་མཇལ། །
དབང་བཞིན་བླངས་ཞིང་ཐུགས་ཡིད་དབྱེར་མེད་ངང་། །
བསྟན་འགྲོའི་དོན་ཆེན་འགྲུབ་པར་སྨོན་ལམ་བཏབས། །
སྡུག་བསྔལ་འཁོར་བའི་གནས་སུ་མཆིས་ན་ཡང་། །
འདི་བདེ་ཕྱི་སྐྱིད་དཔལ་ཡོན་དགྱེས་པའི་གར། །
གང་དགར་རྡོ་རྗེའི་གླུ་བྲོ་རོལ་མཁས་ཕྱིར། །
ཆོས་རྗེ་དམ་པའི་བཀའ་དྲིན་སྙིང་ནས་དྲན། །
དྲན་དྲན་རྒྱལ་ཀུན་སྤྱི་གཟུགས་ཁྱེད་དྲན་ནོ། །
དྲན་རིག་ཆོས་དབྱིངས་ཡེ་ཤེས་མ་ཎི་ཀ །
དྲན་རྟོག་ཆོས་སྐུའི་རྒྱལ་པོར་རྩལ་རྫོགས་ནས། །
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་དབོ་ཟླའི་རྒྱལ་བ་གསུམ་པ་འམ་གསོ་བྱེད་རིག་པའི་ལོ་མགོ་ལོའི་བོད་སྤྱི་ཁྱབ་ཀྱི་ལོ་གསར་ཚེས་པ་གསུམ་ནི་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ལ་ཤྲྰི་ཨ་ནནྟ་བཛྲའི་ཆོས་ཚོགས་ཁང་དུ་ཨེ་མ་ཧོས་གང་དྲན་དུ་སྨོན་པ་དོན་དང་ལྡན་པར་གྱུར་ཅིག་གུ། ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧མཁན་ཆེན་ཡིད་བཞིན་ནོར་བུ་ལ་བསྟོད་པ་མེ་ཏོག་པུཎྜ་རི་ཀའི་ཆུན་པོ་ཞེས་བྱ་བ།
རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་ཆེ། །
རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པ། །
མཚུངས་མེད་བླ་མ་འཁོར་འདས་དབང་བསྒྱུར་རྩལ། །
བདེ་ཆེན་འཁོར་ལོའི་རྒྱན་དུ་དད་པས་བསྙེན། །
འཇིགས་མེད་ལྟ་སྒོམ་སྤྱོད་པའི་གདེང་ཆེན་བརྙེས། །
ཕུན་ཚོགས་གཞི་ལམ་འབྲས་བུའི་ཡོན་ཏན་རྫོགས། །
ཕན་བདེའི་འབྱུང་གནས་མཚུངས་བྲལ་ཆོས་ཀྱི་རྗེར། །
དྲང་པོར་སྨྲ་བའི་དབྱངས་ཀྱིས་བསྟོད་ལ་བྲེལ། །
ཚོགས་གཉིས་འོ་མཚོ་བསྲུབས་ལས་ཉེར་ཐོན་པའི། །
མཚུངས་བྲལ་སྐྱེས་མཆོག་ཉ་གང་ཟླ་བ་དཀར། །
བསྟན་འཛིན་སྐར་ཕྲན་ཕལ་གྱིས་འགྲན་མིན་པར། །
གངས་ལྗོངས་ལྷ་ལམ་མཛེས་པའི་རྒྱན་དུ་ཤར། །
འགྲོ་ལ་སྙིང་རྗེ་ཆེན་པོས་རྗེས་ཆགས་པས། །
ནམ་མཁའ་སྲིད་དུ་བསྟན་འགྲོའི་དོན་ཆེན་ལ། །
བརྩོན་པའི་ཐུགས་བསྐྱེད་དམ་བཅའི་ཁུར་ཆེན་བཞེས། །
ས་ཆེན་སེམས་དཔའ་བསྟན་འགྲོའི་མགོན་དུ་ཆེ། །
སོ་ཐར་འདུལ་ཁྲིམས་འདབ་མའི་ཁོ་ལག་རྫོགས། །
བྱང་ཆུབ་སེམས་ཀྱི་དྲི་བསུང་ཕྱོགས་བཅུར་འཐུལ། །
རིག་འཛིན་སྔགས་ཀྱི་ཟེའུ་འབྲུ་རབ་ཏུ་རྒྱས། །
སྐྱོན་བྲལ་སྡོམ་གསུམ་པད་དཀར་རྣམ་པར་བཀྲ། །
སྤོབས་པའི་གཏེར་བརྒྱད་དགོངས་པའི་ཀློང་ནས་གྲོལ། །
ཟབ་དང་རྒྱ་ཆེའི་ཆོས་ཚུལ་མ་ལུས་མཁྱེན། །
ལུང་དང་རིགས་པ་བྱེ་བའི་ངག་ལ་དབང༌། །
ཀུན་མཁྱེན་ཁྱེད་འདྲ་འཇིག་རྟེན་གསུམ་གྱི་མིག །
ཡོངས་རྫོགས་རྒྱལ་བསྟན་གངས་ཀྱི་ས་འཛིན་རྩེར། །
ཐེག་དགུའི་ཆོས་སྒྲ་སྒྲོག་པའི་གདོང་ལྔ་པ། །
ལུང་རིགས་ངར་སྒྲས་ས་ཆེན་འགེངས་དང་ལྷན། །
ལྟ་ངན་ཝ་སྐྱེས་སྟོང་གི་ཀླད་པ་འགེམས། །
མདོ་སྔགས་རིག་གནས་གཞུང་ལུགས་མཐའ་དག་ཀུན། །
ཟླ་མེད་འཆད་རྩོད་རྩོམ་ལ་དབང་བསྒྱུར་བའི། །
ཤེས་བྱ་ཀུན་མཁྱེན་མ་ཧཱ་པཎྜི་ཏ། །
འཇམ་དབྱངས་མི་ཡི་གར་བསྒྱུར་ཁྱེད་གཅིག་ཙམ། །
ཀུན་བཟང་དགོངས་བཅུད་ཐེག་མཆོག་རྫོགས་པ་ཆེ། །
སྡེ་གསུམ་ཀློང་དགུའི་མན་ངག་སྙིང་གི་ཐིག །
མཁའ་འགྲོའི་ཞལ་རླངས་མ་ཡལ་གསང་མཛོད་ཆེའི། །
ཟབ་དོན་གསལ་བར་སྟོན་མཁས་ཁྱེད་ལས་སུ། །
བྱང་ཆུབ་སེམས་ཀྱི་རྩ་བ་རབ་ཏུ་བརྟན། །
ཚད་མེད་རྣམ་བཞིའི་སྨན་གྱི་ལོ་འདབ་རྒྱས། །
ཕ་རོལ་ཕྱིན་དྲུག་འབྲས་བུ་གཡུར་ཟ་བའི། །
འཕགས་ཆེན་དཔག་བསམ་ལྗོན་བཟང་སྲིད་ན་མཛེས། །
པད་མའི་སྨོན་ལམ་གཏད་རྒྱ་ཀློང་ནས་བརྡོལ། །
ཟབ་གཏེར་ནམ་མཁའི་མཛོད་ལ་མངའ་དབང་བརྙེས། །
སྙིགས་ལྔའི་རྒུད་པ་འཇོམས་ལ་ཆེས་དཔའ་བ། །
མཚོ་འཁྲུངས་པད་མའི་རྒྱལ་ཚབ་ཁྱེད་མིན་སུ། །
དབང་གི་ཕྲིན་ལས་འཕྲུལ་གྱི་ཞགས་པ་ཡིས། །
ས་གསུམ་སྐྱེ་རྒུའི་མོས་སྣང་ཆོས་ལ་བསྒྱུར། །
ཤུགས་སྒྲོལ་མངོན་སྤྱོད་དམོད་པའི་འཕྲུལ་འཁོར་གྱིས། །
ཡིད་སྲུབས་དམ་སྲིའི་ལྔ་ཕུང་ཕྱེ་མར་བྱས། །
ཐོས་བསམ་སྒོམ་པའི་ཁོ་ལག་ཡོངས་སུ་རྫོགས། །
མཁས་བཙུན་བཟང་པོའི་ཡོན་ཏན་ཁྱད་དུ་འཕགས། །
འཆད་རྩོད་རྩོམ་ལ་འགྲན་པའི་ཟླ་དང་བྲལ། །
ཚུལ་དགུས་མཛེས་ཁྱོད་ཐུབ་བསྟན་མཛེས་པའི་རྒྱན། །
ཀ་དག་མཐའ་བྲལ་དག་པའི་གཞི་དབྱིངས་ཆེར། །
ལྷུན་འགྲུབ་སྣང་བ་བཞི་ཡི་རྩལ་རྫོགས་པས། །
ཡེ་གྲོལ་གདོད་མའི་རྒྱལ་སར་དབང་བསྒྱུར་བའི། །
རྫོགས་ཆེན་ནམ་མཁའི་རྣལ་འབྱོར་ཨེ་མ་རྨད། །
ཕྱི་ཚུལ་སོ་ཐར་འདུལ་བ་འཛིན་པའི་གཙོ། །
ནང་ལྟར་བྱང་སེམས་བདག་ཉིད་ཆེན་པོ་སྟེ། །
གསང་བ་རིག་འཛིན་སྔགས་ཀྱི་རྣལ་འབྱོར་པ། །
སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྒྱལ། །
ཁྱེད་ཀྱི་ཐུགས་བསྐྱེད་ཤིང་རྟས་ཉེར་དྲངས་པའི། །
མཛད་ཕྲིན་ཉི་གཞོན་གསར་པའི་སྣང་བ་ཡིས། །
ཡང་དར་བསྟན་པའི་པད་ཚལ་རབ་བཞད་ཅིང༌། །
སྐལ་ལྡན་རྐང་དྲུག་དམ་ཆོས་བཅུད་ཀྱིས་ཚིམས། །
མཁྱེན་བརྩེ་ནུས་པའི་རྩལ་གསུམ་ནང་ནས་རྫོགས། །
ཕྲིན་ལས་རྣམ་བཞིའི་སྡེར་མོ་ཕྱི་རུ་བགྲད། །
མི་ཡི་སེང་གེ་འཇིགས་བྲལ་གདོང་ལྔའི་རྒྱལ། །
རྒྱལ་བསྟན་གངས་རིའི་སྤོ་ན་མངོན་པར་བརྗིད། །
ཁྱེད་གསུང་འོ་མའི་བཅུད་ཀྱིས་སྐྱེད་སྲིང་ནས། །
མཁྱེན་རབ་ལུས་ཟུངས་རྒྱས་པའི་སེང་ཕྲུག་ཁྱུ། །
དེང་དུས་ལྷོ་གླིང་ཁྱོན་འདིར་གཞན་ཀུན་ལས། །
མངོན་པར་འཕགས་པའི་ཐེག་གསུམ་ཆོས་སྒྲ་སྒྲོག །
ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བའི། །
རིང་ལུགས་འཁོར་ལོ་གསུམ་གྱིས་འཛིན་པ་ཡི། །
མཛད་བཟང་མཁའ་མཐར་ཁྱབ་པའི་མཚན་སྙན་སྒྲ། །
དབྱར་གྱི་རྔ་གསང་བཞིན་དུ་ཕྱོགས་བརྒྱར་ལྡིར། །
ཁྱབ་པར་བྱས་སོ་ནོར་འཛིན་སྒེག་མོའི་ཁྱོན། །
ཁྱེད་ཀྱི་མཚན་སྙན་པད་མའི་དྲི་བསུང་གིས། །
སྐྱེ་རྒུའི་བུང་བ་མ་བོས་མགྲོན་དུ་བཀུག །
རྣམ་གསུམ་ངུར་སྨྲིག་འཆང་བའི་འདུས་པའི་སྡེས། །
རྩོད་ལྡན་སྙིགས་མའི་དུས་ཀྱི་ཡང་མཐའ་འདིར། །
རྒྱལ་བསྟན་སྙིང་པོ་ལུང་དང་རྟོགས་པའི་བསྟན། །
བཤད་དང་སྒྲུབ་པས་འཛིན་སྐྱོངས་སྤེལ་བ་ལ། །
བསྟན་ལ་སྟོན་པ་གཉིས་པའི་ངང་ཚུལ་ཅན། །
མཚན་ཉིད་ཐེག་པའི་ཡུ་བ་དྲང་པོ་ལ། །
གསང་བ་སྔགས་ཀྱི་གོས་བཟང་གཡོ་ཞིང་ལྡིང༌། །
རྫོགས་ཆེན་ནོར་བུའི་རྟོག་གིས་མངོན་མཛེས་པའི། །
ཐུབ་བསྟན་རྒྱལ་མཚན་སྲིད་པའི་བླ་ན་བསྒྲེངས། །
ཤུགས་དྲག་ལས་ཉོན་རླུང་གིས་བུས་པ་ཡི། །
སྡུག་བསྔལ་མེ་ཡིས་གཙེས་པའི་མཁའ་མཉམ་འགྲོར། །
མགོན་ཁྱེད་ཐུགས་རྗེའི་ཆུ་འཛིན་སྟུག་པོ་ལས། །
དམ་ཆོས་གྲུ་ཆར་ཕབ་པས་དབུགས་དབྱུང་ཐོབ། །
གངྒཱའི་ཀླུང་གི་རྡུལ་མཉམ་ཉམ་ཐག་འགྲོར། །
དམིགས་མེད་བརྩེ་ཆེན་ཐུགས་རྗེས་ཉེར་གཟིགས་ནས། །
རིན་ཆེན་སྲོག་གི་འཇིགས་པ་ལས་སྐྱབས་ཏེ། །
བདེ་ནས་བདེ་བར་འགྲོ་བའི་ལམ་བཟང་བསྩལ། །
ཐུགས་བསྐྱེད་སྨོན་ལམ་གཙན་པོའི་དར་ཆེན་གྱིས། །
རྨད་བྱུང་རྒྱུ་བཞིའི་གྲུ་གཟིངས་ལེགས་དྲངས་པས། །
འགྲེལ་ཚད་བདེ་ཆེན་ཞིང་དུ་འཁྲིད་བྱེད་པའི། །
དེད་དཔོན་དམ་པ་འཇིགས་མེད་འགྲོ་བའི་མགོན། །
ཡང་དར་བསྟན་པའི་སྒོ་ཆེན་ཁྱེད་ཀྱིས་ཕྱེས། །
ལུང་རྟོགས་བསྟན་པའི་མེ་རོ་ཁྱེད་ཀྱིས་གསོས། །
མཁས་གྲུབ་བྱེ་བའི་བསྟི་གནས་ཁྱེད་ཀྱིས་བསྐྲུན། །
བཅུ་ཕྲག་རིག་པའི་སྲོལ་རྒྱུན་ཁྱེད་ཀྱིས་མཐུད། །
སྙན་པའི་བ་དན་འཇིག་རྟེན་གསུམ་ན་གཡོ། །
གྲགས་པའི་འབྲུག་ཆེན་སྲིད་པ་གསུམ་ན་ལྡིར། །
ས་གསུམ་ཆེ་རྒུའི་གཙུག་ན་མངོན་པར་མཐོ། །
ཆོས་ཀྱི་འཁོར་ལོས་ས་ཆེན་དབང་དུ་བསྒྱུར། །
རླབས་ཆེན་མཛད་རྗེས་སྲིད་པའི་བླ་ན་མཐོ། །
ཕྱི་རབས་སྐྱེ་བོས་སྨོན་པའི་ཡུལ་དུ་ཆེ། །
རྣམ་ཐར་སྙན་པའི་འབྲུག་སྒྲ་དུས་ནམ་ཡང༌། །
གླིང་བཞིའི་རྣ་བའི་རྒྱན་དུ་འབྲལ་མ་གྱུར། །
མཁས་གྲུབ་སེང་ཆེན་བྱེ་བའི་བསྟི་གནས་ཆེ། །
མདོ་སྔགས་ཆོས་སྒྲ་བར་མེད་སྒྲོག་པའི་གནས། །
གདན་ས་ཆེན་པོ་གསེར་ལྗོངས་བླ་མ་རུང༌། །
འཛམ་གླིང་མཛེས་པའི་རྒྱན་དུ་རྟག་བརྟན་ཤོག །
མཚུངས་མེད་བླ་མ་ཡིད་བཞིན་ནོར་བུ་ཡི། །
ཞལ་གྱི་བདུད་རྩི་འཐུང་བའི་བགོ་སྐལ་ལ། །
མཉམ་དུ་སྤྱོད་པའི་རྡོ་རྗེའི་མཆེད་ལྕམ་རྣམས། །
སྐུ་ཚེ་བརྟན་ཞིང་མཛད་ཕྲིན་རྒྱས་གྱུར་ཅིག །
དད་དམ་གཙང་མའི་རང་སེམས་མེ་ལོང་ངོས། །
ཁྱེད་ཀྱི་རྣམ་ཐར་ཆ་ཤས་གཟུགས་འཆར་བ། །
གསོང་པོར་ཅུང་ཟད་སྨྲས་པའི་ལེགས་པའི་ཆ། །
དྲིན་ཆེན་བླ་མ་དབྱིངས་ནས་དགྱེས་ཕྱིར་འབུལ། །
བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །
འདྲེན་མཆོག་བླ་མས་དགྱེས་བཞིན་རྗེས་སུ་བཟུང༌། །
བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ། །
གྱུར་ནས་ཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག །
ཞེས་ཤོ་ལོ་ཀ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་འདི་ནི་མེ་ཕག་ཟླ༡༢ཚེས༨་ལ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་ལྷ་དབང་དུ་འབོད་པ་དེ་མི་ཚེའི་བགྲོད་ལམ་གྱི་འཕྲང་འགག་དོག་པོར་ཕྱིན་སྐབས་བྲིས་པའོ།། །།༢༠༠༨ ༡ ༢༦ལ།
ཆོས་རྗེ་ཡིད་བཞིན་ནོར་བུ།
མགོ་ཚ་བསོད་གྲགས།
ཆོས་རྗེ་ཡིད་བཞིན་ནོར་བུའི།།
མཛད་འཕྲིན་ཉི་མིའི་དཀྱིལ་འཁོར།།
ལྷ་ལམ་དབྱིངས་ནས་འཛུམ་སྟེ།།
བྱམས་བརྩེས་དྲོད་ཁོལ་གནང་བྱུང་།།
བླ་རུང་ཆོས་ཀྱི་གྲོང་ཁྱེར།།
དགེ་འདུན་འབུམ་སྡེའི་བསྟི་གནས།།
བསླབ་གསུམ་ཚུལ་བཞིན་སྲུང་བའི།།
སྒོ་གསུམ་གཙང་བའི་དག་ཞིང་།།
ཆོས་རྗེ་ཡིད་བཞིན་ནོར་བུ།།
དུང་མདོག་ཉ་གང་ཟླ་བ།།
བསྒྲུབ་སྦྱངས་དགེ་འདུན་འདུས་པ།།
གྲངས་མེད་རྒྱུ་སྐར་འཆར་འདྲ།།
ཆོས་རྗེ་ཡིད་བཞིན་ནོར་བུས།།
བྱམས་བརྩེས་ཐུགས་ཀྱིས་བསྐྱངས་བའི།།
མཁན་ཁྲི་གསེར་རིའི་ཕྲེང་བ།།
དད་ལྡན་ཕྱག་གི་ཡུལ་རེད།།
སངས་རྒྱས་མི་ཡི་རྣམ་རོལ།།
ཆོས་རྗེ་ཡིད་བཞིན་ནོར་བུའི།།
རྨད་བྱུང་རྣམ་ཐར་གཙང་མ།།
གསེར་སྦྱངས་བཙོ་མའི་རང་མདངས།།
འགྲན་བྲལ་ནང་བསྟན་རིག་གཞུང་།།
ཞིབ་མོས་ཐུགས་ཀྱིས་དཔྱད་དེ།།
ཇོ་མོ་གླང་མའི་དབུ་རྩེར།།
སྙན་པའི་བ་དན་བསྒྲེང་བྱུང་།།
དག་པ་མཁའ་སྤྱོད་ཞིང་ལ།།
ཁྱེད་ཉིད་བྱོན་པའི་ཉིན་ནས།།
ཤུལ་ལུས་འཁོར་ཚོགས་མང་པོ།།
སྐྱོ་སྡུག་ཁུར་བོས་མནན་འདུག།
ཟབ་གསངས་ཆོས་ཀྱི་བདུད་རྩི།།
ཕངས་མེད་སྩོལ་བའི་གཏེར་བདག།
བྱམས་བརྩེའི་བདག་ཉིད་ཆེན་མོ།།
ཁམས་གསུམ་འཁོར་བའི་ལམ་སྟོན།།
ལྷོ་རྒྱུད་འཛམ་གླིང་འཛིན་མའི།།
ཆེས་མཐོའི་ས་ན་འཚོ་བའི།།
སྤུར་རྒྱལ་གདོང་དམར་བོད་པའི།།
བློ་ཕུགས་བཅོལ་སའི་འདྲེན་མཆོག།
དད་ལྡན་ཁྲི་མ་འབུམ་གྱི།།
སེམས་ཀྱི་གཏད་སོ་ཁྱེད་རེད།།
ཁམས་གསུམ་སེམས་ཅན་ཀུན་ལ།།
མ་ལྟར་བྱམས་པ་ཁྱེད་རེད།།
ཁྱེད་ཞལ་དུང་མདོག་ཟླ་བ།།
མཁའ་ལམ་དབྱིངས་ནས་ཤར་བར།།
སློབ་འབངས་ཀུ་མུད་ཕྲེང་བས།།
རེ་སྨོན་ཀློང་ནས་སྒུག་ཡོད།།
http://www.zhibeifw.com/Tibetan/