བསམ་གླིང་ཚེ་རིང་ལྷ་མོ།
སྐུ་མཇལ་ན་ཆུ་ཤེལ་དབང་པོ་བཞིན།།
གསུང་ཐོས་ན་དབྱར་རྔའི་སྒྲ་དབྱངས་བཞིན།།
དོན་ཟབ་པ་མཐའ་ཡས་རྒྱ་མཚོ་བཞིན།།
ཚིག་རིན་ཆེན་ནོར་བུས་བྱུར་བུར་ཁེངས།།
ལུང་གཞུང་ལུགས་བཀྲོལ་བ་སྦྲང་ཆར་བབ།།
དོན་གསལ་བ་གངས་དཀར་ལྷེབ་མོ་འདྲ།།
ཉན་སྤྲོ་བ་དབྱངས་ཅན་ལྷ་མོའི་གླུ།
གསུང་མཁས་པ་གཞད་གད་ལྷང་ངེར་བཞག།
དོན་དམ་པ་གསུང་གི་བདུད་རྩི་ཡིས།།
རིགས་འདྲ་མིན་མི་རིགས་མང་འདུས་ནས།།
དྲི་བཟང་པོ་པད་མའི་མེ་ཏོག་ལ།།
སྦྲང་གསེར་སྦྲང་གཡུ་སྦྲང་ལྡིང་སྐོར་བྱེད།།
ཆོས་ཉན་པོ་བྱེད་པའི་འདུ་ལོངས་ནི།།
དབྱར་སྨུག་སྤྲིན་རི་ཀླུང་འགྲིམ་དང་འདྲ།།
སེམས་དད་པའི་རྩི་ཤིང་གཡུ་རལ་ངོམས།།
ཡིད་དགའ་བས་བསྐལ་པ་བཟང་སོང་སྙམ།།
ཁོང་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག།
ཆོས་ཟབ་མོ་བྱང་ཆུབ་ལམ་རིམ་དག
ཡུལ་ལྷོ་ཕྱོགས་སེ་རའི་དགོན་པ་རུ།།
འབངས་འཛམ་གླིང་སྐྱེ་འགྲོའི་དཔལ་དུ་མཛད།།
བསམ་གླིང་ཚེ་རིང་ལྷ་མོ།
བསམ་གླིང་བོད་མོ་ཡིན་དང་གཅིག །
ཚེ་རིང་ནང་པ་ཡིན་དང་གཉིས། །
ལྷ་མོ་བཙུན་མ་བྱས་གྱུར་ནས། །
དགེ་བཤེས་མ་ཞིག་བྱས་ནའང་ཆོག །
འདིར་དཀའ་བ་འདི་ཙམ་རྒྱག་མི་དགོས་པར་བསོད་ནམས་ཆེན་པོ་གསོག་པའི་གོ་སྐབས་འདུག དང་པོ་བསམ་གླིང་ཚེ་རིང་ལྷ་མོ་ལགས་སུ་ཡི་རངས་ཞུ། དེ་དེ་བཞིན་དུ་གྱུར་རོ།
སངས་རྒྱས་སྐར་ཚོགས་ནང་གི་ཉི་མ།
བྱང་སེམས་གྲངས་མེད་དབུས་ཀྱི་གཙུག་རྒྱན།
བླ་མ་འབུམ་ཁྲག་ཁྲོད་ཀྱི་རྗེ་བོ།
འགྲོ་བའི་མགོན་པོ་སྐུ་ཚེ་ཡུན་དུ་བཞུགས་གསོལ།
མཇལ་ན་གདའ་བའི་མཛེས་པའི་ཞལ་ལ་བཅོས་མིན་འཛུམ་མདངས་ལྷམ་མེར་མངོན།།
ཐོས་པ་ཙམ་གྱིས་རྣ་བར་འཇེབས་པའི་གསུང་དབྱངས་སྙན་པ་ལྷང་ངེར་གྲགས།།
བསམ་ན་ཡིད་ཀྱི་གདུང་བ་ཀུན་ཞི་འདི་ཕྱིའི་སློབ་སྟོན་ལྷན་ནེར་གསལ།།
ས་སྟེང་འདི་ན་འགྲན་ཟླ་ཀུན་བྲལ་བསྟན་འཛིན་རྒྱ་མཚོ་རྒྱལ་གྱུར་ཅིག།
བསམ་ཕོད་པ་རྒྱལ་ཀུན་སྙིང་རྗེའི་བདག །
གླིང་ཆེ་བ་གོ་ལ་ཟླུམ་པོའི་རྒྱན། །
ཚེ་བསྲིངས་བ་འཆི་མེད་བདུད་རྩིའི་གཏེར། །
རིང་ཐུང་གི་མཚན་མ་མ་མཆིས་ཀྱང་། །
ལྷ་མི་ཡི་༧མགོན་དཔུང་དམ་པ་ལ། །
མོ་ཡི་ལུས་རྟེན་ཚུལ་བཟུང་ཏེ་བསྟོད། །
མཐོང་ཚད་མཐོང་བ་དོན་ལྡན། །
གོ་ཚད་རྣ་བའི་སྒྲ་སྙན། །
བསམ་ཚད་ཡིད་ཀྱི་བདུད་རྩི། །
༸བསྟན་འཛིན་རྒྱ་མཚོ་ཁྱེད་ཉིད། །
སེ་རའི་མེ་ཏོག་ཚལ་ལ། །
བསམ་གླིང་སྦྲང་བུར་སྥུལ་ནས། །
༸བླ་སློབ་ཀུན་གྱི་གཙོ་བོ། །
༸གོང་ས་མཆོག་ལ་བསྟོད་བགྱིད། །
དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་ཕེབས་བསུ་ཞུ།
བླ་མའི་གསུང་གི་བྱིན་རླབས་དང་།།
དམ་ཆོས་བཟང་པོའི་བྱིན་རླབས་གཉིས།།
གནས་མཆོག་བཟང་པོའི་བྱིན་རླབས་གསུམ།།
དེ་གསུམ་གྱིས་ས་སྟེང་འོད་ཀྱིས་ཁེངས།།
རང་བྱུང་ཁམས་ཀྱི་མཛེས་ལྗོངས་དང་།།
བསིལ་དྲོད་སྙོམས་པའི་གནམ་མཁའ་གཉིས།།
དྲ་གྲོགས་བཟང་པོའི་ལྷག་བསམ་གསུམ།།
དེ་གསུམ་གྱིས་དྲ་བ་འོད་ཀྱིས་ཁེངས།།
བསྐལ་པ་བཟང་པོ་འདི་ཉིད་ཀྱི།
པད་དཀར་ལྟར་བསྔགས་ཤཱ་ཀྱའི་རྒྱལ།
སེ་ར་དགོན་པར་པད་དཀར་འཆང་།
བྱོན་པར་སྐལ་བཟང་རྣམས་ཀྱིས་བཏུད།།
སངས་རྒྱས་སྟོང་གི་པད་དཀར་འཆང་། །
བོད་ཀྱི་ལྷ་སྐལ་པད་དཀར་འཆང་། །
སེ་ར་དགོན་པར་པད་དཀར་འཆང་། །
བྱོན་ནས་དད་ལྡན་ཚིམ་པར་མཛད། །
མ་འོངས་བསྐལ་བཟང་སངས་རྒྱས་སྟོང་གི་གཅིག །
ད་ལྟའི་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །
སེ་ར་དགོན་པར་༸བསྟན་འཛིན་རྒྱ་མཚོ་ཡིས། །
དད་ལྡན་སྐལ་བཟང་གདུལ་བྱར་བཀའ་དབང་རྩལ། །
རྩལ་སྩལ་ལ་བཅོས་ནས།
མ་འོངས་བསྐལ་བཟང་སངས་རྒྱས་སྟོང་གི་གཅིག །
ད་ལྟའི་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །
སེ་ར་དགོན་པར་༸བསྟན་འཛིན་རྒྱ་མཚོ་ཡིས། །
དད་ལྡན་སྐལ་བཟང་གདུལ་བྱར་བཀའ་དབང་སྩལད། །