སྤོབས་པ་མཐའ་ཡས།
བོད་རྒྱའི་བར་གྱི་གྲོས་མོལ་ལ་འགོག་རྐྱེན་ཆེ་ཤོས་ཤིག་ཏུ་འགྱུར་སྲིད་པ་ནི་པཎ་ཆེན་བླ་མའི་ཡང་སྲིད་ཀྱི་རྩོད་རྙོགས་དེ་ཡིན། པཎ་ཆེན་བླ་མ་ནྀ་བོད་རྒྱའི་བར་གྱི་འགལ་འབྲེལ་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་མི་སྣ་ཞིག་ཡིན་པའདས་པའི་ལོ་རྒྱུས་ཀྱིས་ང་ཚོ་ལ་རྒྱུས་མངའ་སྤྲད་ཡོད་ཅིང༌། དེ་ཡང་༡༩༢༠ནང་དུ་དམག་ཁྲལ་འགེལ་ཕྱོགས་ཀྱི་གཞུང་བླའི་བར་གྱི་རྩོད་རྙོགས་ལ་བརྟེན་ནས་པཎ་ཆེན་སྐུ་ཕྲེང་དགུ་པས་གོ་མིན་ཏང་ལ་སྐྱབས་བཅོལ་ཞུས་པའི་ཉེར་ལེན་ལས་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གོ་མིན་ཏང་ལ་རྒྱབ་གཏོད་པའི་སྲིད་ཇུས་ལ་འཇིགས་སྐུལ་དང་སྙན་གཙེར་ཡང་ཡང་ཐེབས་ཤིང༌། ལྷག་པར་ཡང་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་རྫོགས་རྗེས་ནང་གི་དགོས་མཁོ་དང་ཕྱི་ཡི་གནོན་ཤུགས་ལ་བརྟེན་ནས་རྒྱལ་ཚབ་རྭ་སྒྲེངས་ཀྱིས་པཎ་ཆེན་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་བའི་རྣམ་འགྱུར་བསྟན་ཅིང་པཎ་ཆེན་དགུ་པ་ཡང་བོད་དུ་ཕེབས་བཞེད་ཀྱིས་སྐྱེ་རྒུ་མདོར་ཕེབས་འབྱོར་སྐབས་གོ་མིན་ཏང་གི་སྐུ་སྲུང་རྒྱ་དམག་སྡེ་པ་གཟུང་གི་སཁོངས་སུ་གཏོང་མིན་ཐད་རྩོད་རྙོགས་བྱུང་ནས་གཞུང་བླ་ཕྱོགས་གཉིས་ཀའི་འདོད་པ་དོན་ཐོག་ཏུ་མ་འཁྱོལ་བར་པཎ་ཆེན་དགུ་པ་དགོངས་པ་རྫོགས། ནང་མ་སྒང་གིས་རྒྱ་ནག་ལ་རྒྱབ་བརྟེན་བཅོལ་བའི་སྲིད་ཇུས་རྒྱུན་འཁྱོངས་བྱས་འབྲས་སུ་མའོ་ཙེ་ཏུང་ལ་རྒྱལ་ཁ་ཐོབ་རྗེས་སུ་ཡང་གོ་སྐབས་དེ་བཟུང་ནས་རང་གི་འདོད་ཕྱོགས་ཀྱི་◌འོས་སྤྲུལ་དེ་ངོས་ལེན་བྱེད་དགོས་པའི་འཇིགས་སྐུལ་བྱས་པར་བརྟེན་བོད་ཕྱོགས་ནས་༡༩༥༡ལོའི་གྲོས་མོལ་ལ་གནོད་སྐྱོན་མི་འབྱུང་བའི་དགོས་པར་དམིགས་ནས་མོས་མཐུན་བྱ་དགོས་བྱུང་སྐད། པཎ་ཆེན་སྐུ་ཕྲེང་བཅུ་པ་འཚོ་བཞུགས་སྐབས་བོད་རྒྱ་གཉིས་ཕྱོགས་ནས་དགྲ་རུ་འཛིན་མཁན་དང་གཉེན་དུ་བརྩི་མཁན་གཉིས་ཆར་བྱུང་བར་བརྟེན་ཁོང་གི་ཕྱག་ལས་གང་གནང་འགལ་རྐྱེན་དང་ཁ་བྲལ་མ་མྱོང་ཡང་ད་སྐབས་བལྟས་ན་ཕྱོགས་གཉིས་ཆར་ལ་ཕན་པའི་མི་སྣ་ནི་ཁོང་གཅིག་པུར་ངེས།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་རྗེསཀྲུང་གོ་ནང་བསྟན་མཐུན་ཕྱོགས་ཀྱི་ཚོགས་གཙོའི་མིང་ཐོག་ནས་༧གོང་ས་ཏཱ་ལའི་བླ་མར་པཎ་ཆེན་བླ་མའི་འདས་མཆོད་ལ་ཕེབས་དགོས་པའི་ཡིག་འཕྲིན་ཞིག་འབྱོར་འདུག་ཀྱང་ཕེབས་པའི་ཞལ་བཞེས་མ་གནང༌། ཉེ་ཆར་རྒྱ་ནག་གིས་དེ་ནི་གོ་སྐབས་བཟང་པོ་ཞིག་ཤོར་བ་ཡིན་ཚུལ་གྱི་ཚིག་མཚོན་འདེབས་ཀྱིན་འདུག དེའི་རྗེས་སུ་ཕྱོགས་གཉིས་གས་ཕན་ཚུན་བསྟུན་པའི་གོ་སྐབས་མ་རྙེད་པའམ་མ་བཙལ་བར་ཕྱོགས་གཉིས་གས་པཎ་ཆེན་ཡང་སྲིད་རེ་ངོས་བཟུང་བ་ནས་བཟུང་ལོ་དུ་མའི་རིང་འབྲེལ་གཏུག་གི་སྒོའང་འགག་པར་བཤད། ཕྱི་ལོ་༢༠༠༢ ལོ་ནས་སླར་ཡང་རྡ་རམ་ས་ལའི་བོད་གཞུང་གི་སྐུ་ཚབ་མི་སྣས་རྒྱ་ནག་ལ་ལྟ་སྐོར་དང་འབྲེལ་གཏུག་བྱས་ཤིང་དོག་པས་ཕུང་བའི་རྒྱ་ནག་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཞིག་བསྟན་ཡོད་མེད་མ་ངེས་ཀྱང་རེ་བས་ཕུང་བའི་བོད་ཕྱོགས་སམ་རྡ་རམ་ས་ལའི་རྒྱུད་དུ་རེ་བ་ཡོད་ཚུལ་གྱི་གཏམ་བཟང་ཞིག་ཀྱང་ཐོས་པར་གྱུར། ཆབ་སྲིད་ཀྱི་ལངས་ཕྱོགས་སམ་མིའི་བར་གྱི་འགལ་འབྲེལ་ཞེས་པ་དེ་ནི་དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མ་ཡིན་སྟབས་འགྱུར་བ་འགྲོ་མི་ཆོག་པ་ཞིག་མི་སྲིད་པས་འགལ་བ་གཞན་དང་གཞན་དག་ནི་སེལ་བའི་ལམ་ཁ་མེད་པ་མིན་མོད། ༡༩༥༡ ལོའི་གྲོས་མཐུན་འཇོག་སྐབས་རྒྱ་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་དུ་བཏོན་པ་བཞིན་གལ་སྲིད་མ་འོངས་པར་ཡང་བོད་རྒྱའི་བར་ལ་ཞི་བའི་གྲོས་མོལ་ཞིག་བྱེད་དགོས་ཕྱིན་པཎ་ཆེན་གྱི་ཡང་སྲིད་གནད་དོན་ནི་ཐག་གཅོད་བྱ་དགོས་པའི་ལེ་ཚན་གཙོ་བོ་ཞིག་ཏུ་འགྱུར་ངེས་ཡིན་མོད། ༡༩༥༡ལོའི་རྩོད་རྙོགས་སྐབས་ནི་ཕྱོགས་གཉིས་གས་ཐག་གཅོད་གཏན་འཁེལ་བྱས་མེད་སྟབས་བྱ་ཐབས་བདེ་བ་ཞིག་ཡོད་ཀྱང་ད་སྐབས་དེ་དང་མི་འདྲ་བའི་དཀའ་རྙོགས་ཤིག་ལྷགས་ཡོད་པ་ནི་ཕྱོགས་གཉིས་ཀས་ཐག་གཅོད་གཏན་འཁེལ་བྱས་ཟིན་སྟབས་དགོངས་པ་གཞི་གཅིག་ཏུ་འབབ་ཐབས་ཤིག་ག་འདྲ་བྱས་ན་རྙེད་ཐུབ་བམ།
བོད་ཕྱོགས་ནས་དགེ་འདུན་ཆོས་ཀྱི་ཉི་མ་རྩིས་མེད་ཀྱིས་རྒྱལ་མཚན་ནོར་བུ་ངོས་ལེན་བྱེད་དགོས་སམ། རྒྱ་ཕྱོགས་ནས་རྒྱལ་མཚན་ནོར་བུ་རྩིས་མེད་བཏང་ནས་དགེ་འདུན་ཆོས་ཀྱི་ཉི་མ་ངོས་ལེན་བྱ་སྲོལ་ཡོད་དམ། ཕྱོགས་གཉིས་གའ◌ི་ཡང་སྲིད་གཉིས་ག་ངོས་ལེན་བྱས་ན་ག་འདྲ་ཞིག་ཡོང་ངམ། གཉིས་ག་རྩིས་མེད་བཏང་ནས་ཕྱོགས་གཉིས་གས་མོས་མཐུན་ཡོད་པའི་ཡང་སྲིད་གསར་པ་ཞིག་འཚོལ་རྒྱུ་ཡིན་ནམ་ཞེས་པའི་དྲི་བ་འདི་དག་ནི་རང་གིས་བསམ་པའམ་གཞན་ལ་དྲིས་ཀྱང་དོན་དང་མཐུན་པའི་ལན་གྱིས་རྟག་ཏུ་དབུལ་བ ར་གྱུར་ཅིང་མུ་བཞིའི་ལམ་འདི་དག་ལས་འདས་པའི་ཐབས་ལམ་ཞིག་ནི་དེ་ལས་ཀྱང་རྙེད་དཀའ་བར་མངོན།
གྲོས་མོལ་གྱིས་ལམ་ནས་ཐག་གཅོད་དགོས་པ་ཞིག་ཡིན་ཕྱིན་ཕྱོགས་གཉིས་པོའི་རེ་འདུན་ལ་རྩི་འཇོག་གིས་ཐག་གཅོད་དགོས་པ་སྨྲོས་མེད་ཡིན་ཞིང༌། སྤྱིར་བླ་མའི་ཡང་སྲིད་ཅེས་པ་འདི་ནི་ཆོས་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས་རང་གིས་ལན་གཅིག་ཐག་བཅད་ཟིན་པའི་ཡང་སྲིད་དེ་ཅི་སྲིད་འཚོའི་བར་དུ་གཏན་འཁེལ་བྱེད་པ་ལས་དཔོན་རིགས་གཞན་དག་བསྐོ་འབེབས་བྱེད་པ་ལྟ་བུ་མིན་ཞིང༌། ཡང་སྒོས་སུ་པཎ་ཆེན་ཡང་སྲིད་ནི་བོད་རྒྱའི་བར་གྱི་ཆབ་སྲིད་དང་འབྲེལ་བ་ཞིག་ཡིན་སྟབས་བོད་རྒྱའི་གྲོས་མོལ་སྐབས་སུ་གཡོལ་ཐབས་མེད་པ་ཞིག་ཀྱང་ཡིན་མོད་ཆོས་སྲིད་གཉིས་མཐུན་དང༌། བོད་རྒྱ་གཉིས་མོས་ཀྱིས་ཐག་གཅོད་བྱེད་པའི་ལམ་བཟང་ཞིག་ནི་སེམས་ཀྱི་མེ་ལོང་ལ་འཆར་ཐབས་བྲལ།
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དཀའ་རྙོག་ཐོག་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཀྱི་དཀའ་རྙོག་ཅིག་གིས་ཀྱང་ང་ཚོར་སྒུག་བསྡད་ཡོད་པ་རེད། ད་དེ་ཚོ་གནས་སྐབས་ལག་པ་མ་འཆང་བར་གཡུགས་བཞག་ན་ཡག་ག་མ་རེད་དམ། ཚད་མཐོའི་རང་སྐྱོང་ལྗོངས་གླེང་རྒྱུའི་དུས་ཚོད་ལའང་ད་རུང་རྒྱ་མི་སླེབས་མི་འདུག ང་ཚོས་ཚད་མཐོའི་རང་སྐྱོང་ལྗོངས་གླེང་བཞིན་པ་འདི་ང་ཚོ་གཅིག་པོའི་རང་སྐྱོང་ལྗོངས་མིན་པར་ཤར་ཏིར་ཀི་སི་ཐན་དང་ནང་སོག་སོགས་ཀྱི་རང་སྐྱོང་ལྗོངས་ཀྱང་གླེང་བཞིན་ཡོད་པ་དང་གཅིག་པ་རེད། འདི་ཚང་མ་ཁྲིམས་ཡིག་གཅིག་གི་ཁོངས་སུ་གཏོགས་པ་ཞིག་རེད། རྒྱ་ནག་ཧྲིལ་བོ་འགྱུར་བ་ཕྱིན་པའི་སྐབས་ཤིག་ལ་འདི་ཚོ་ཚང་མ་མཉམ་གཅིག་ཏུ་འགྱུར་བ་འགྲོ་གི་རེད། དེ་བས་ད་ལྟའི་ཁ་ཐོར་གྱི་རང་སྐྱོང་ལྗོངས། རང་སྐྱོང་ས་ཁུལ། རང་སྐྱོང་རྗོང་དེ་ཚོའི་ནང་རང་སྐྱོང་ངོ་མ་ཞིག་ལག་ལེན་འདེབས་འཇུག་ཐུབ་པ་ཡིན་ན་ང་ཚོས་ད་རུང་ལོ་འགའ་རེར་སྒུག་དགོས་ཀྱང་སྒུག་ཆོག་གི་རེད། ལྷག་པར་བོད་སའི་ལས་ཁུངས་ཚང་མའི་ནང་རྒྱ་བོད་གཉིས་ཀྱི་སྐད་བེད་སྤྱོད་གཏོང་ཐུབ་པ་ཡིན་ན་སྐུ་ཚབ་ཚོགས་པའི་ངོས་ནས་དེ་ལས་ལྷག་པའི་བྱས་རྗེས་ཤིག་གནས་སྐབས་རིང་འཇོག་རྒྱུའི་གོ་ཡུལ་ངས་མཐོང་གི་མི་འདུག
སྐུ་ཞབས་སྤོབས་པ། བླ་མའི་ཡང་སྲིད་འདི་དཀའ་རྙོག་ཆེན་པོ་ཞིག་རེད་ལ། དེ་ཉིད་ཆབ་སྲིད་ཀྱི་ར་བར་ཞུགས་ཚེ་དེ་ལས་ཀྱང་དཀའ་རྙོག་ཆེ་བ་རེད། འདས་པའི་བོད་ཀྱི་ལོ་རྒྱུས་ཀྱི་ངོས་ན་དཀའ་རྙོག་འདིའི་རི་མོ་ཡོད་པ་རེད་ལ། ད་ལྟའི་བོད་ཀྱི་མིག་མདུན་ན་དཀའ་རྙོག་ཡོད་པ་རེད། མ་གཞི་འདི་དཀའ་རྙོག་ཆེན་པོ་ཞིག་བཟོ་དགོས་དོན་མི་འདུག་ཀྱང་འདི་ཚོ་དཀའ་རྙོག་ཅིག་ཏུ་ང་ཚོ་བོད་ལ་ལོ་རྒྱུས་ཀྱི་ནང་ནས་གྲུབ་ཏེ་ད་ལྟ་ལ་མཐུད་ཡོད་པ་རེད། ངས་ནི་པཎ་ཆེན་བླ་མའི་ཡང་སྲིད་ཐད་འདི་ལྟར་བསམ་བཞིན་ཡོད། ཕྱོགས་མི་འདྲ་བ་གཉིས་ནས་མི་མི་འདྲ་བ་གཉིས་པ་ཕར་པཎ་ཆེན་བླ་མ་ཁྱོད་རེད་ཅེས་མིང་བཏགས་ཀྱང༌། མི་དེ་གཉིས་ཀྱིས་ང་དོན་དངོས་ཀྱི་པཎ་ཆེན་བླ་མ་ཡིན་ཞེས་བཤད་མྱོང་ཡོད་མེད་དེ་གནད་དོན་ཞིག་རེད། དེ་སྔོན་རྒྱལ་མཚན་ནོར་བུས་པཎ་ཆེན་བླ་མ་ཞེས་པ་དེ་ནི་མིང་ཞིག་རེད་ཅེས་བཤད་མྱོང་ཞིང༌། མིང་དེ་རང་ཉིད་ལ་སུས་སྤྲད་པ་ཡིན་མིན་ཡང་ཁོའི་སེམས་སུ་གསལ་བོ་ཡོད་ཚོད་རེད། ད་དུང་རྒྱལ་མཚན་ནོར་བུའི་སྐོར་ལ་སྒྲུང་སྙན་མོ་དེ་འདྲ་ཡོད་པ་རེད། དགོས་མཁོ་ཡོད་ན་རྗེས་སུ་བཤད། ངས་བལྟས་ན་མ་འོངས་པའི་པཎ་ཆེན་བླ་མ་དེ་སུ་ཡིན་མིན་མི་སྣ་འདི་གཉིས་ཀ་ལ་ཐུག་ཡོད། དེ་སང་གཉིས་ཀ་མངོན་གསལ་ཆེན་པོ་མེད། མ་འོངས་པར་གཉིས་ཀར་པན་ཆེན་བླ་མ་བྱེད་འདོད་མེད་ནའང་ཐང༌། ཅིག་བྱས་ན་དེ་ནས་བཟུང་པཎ་ཆེན་བླ་མ་ཞེས་པ་དེ་མཇུག་རྫོགས་སོང་བ་ཡིན་འང་ཐང༌། འདི་ནི་གནད་དོན་རང་སྟེང་ནས་རང་བཞིན་ཐག་ཆོད་འགྲོ་སྟངས་ཤིག་རེད།
ཡང་གཅིག་བཤད་ན་གལ་ཏེ་རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་དངོས་ཡིན་པ་ཁས་ལེན་དགོས་ཞེས་ཆ་རྐྱེན་བཏོན་ན་ང་ཚོས་ཁས་ལེན་བྱས་ན་འགྲིག་གི་རེད། དེ་ལ་བརྟེན་ནས་དགེ་འདུན་ཆོས་ཉི་གློད་བཀྲོལ་གཏོང་ཐུབ་ངེས་རེད། འདི་གློད་བཀྲོལ་གཏོང་ཐབས་སུ་ང་ཚོས་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་མ་རེད་དམ། འདི་ནི་གནད་དོན་གཅིག་ལ་བརྟེན་ནས་གནད་དོན་གཞན་ཞིག་ཐག་གཅོད་སྟངས་རེད།
དེ་ལས་ཀྱང་ལམ་སློང་ལྡན་པ་ཞིག་བྱུང་ན་སྔོན་ལ་དགེ་འདུན་ཆོས་ཉི་གློད་བཀྲོལ་བཏང་ནས་རྗེས་སུ་རྒྱལ་མཚན་ནོར་བུས་རང་ཉིད་པན་ཆེན་དངོས་མིན་པར་ཁས་ལེན་བྱས་ཚེ་ང་ཚོས་བྱ་མ་དཀྲོགས་པར་སྒོང་ང་ལེན་ཐུབ་བྱུང་བ་རེད། ཉེན་ཁ་འདི་རྒྱ་ནག་གི་མཐོང་བཞིན་པ་རེད།
ཆོས་ཆབ་སྲིད་དང་འདྲེས། ཆབ་སྲིད་ཆོས་དང་འདྲེས་ལབ་ན། སྐད་ཆ་འདི་ཁ་གསལ་སོང་བ་འདྲ་ཞིག་རེད་དེ། ཁ་སང་དེ་རིང་གི་སྤྲུལ་སྐུའི་རྙོག་དྲ་སྤྱི་དང༌། བྱེ་བྲག་གི་དབང་དུ་བྱས་པས། པཎ་ཆེན་སྤྲུལ་སྐུ་ངོ་རྫུན་གཉིས་ཡོད་པ་འདི་ལས་གཅིག་ལས་ང་ཚོར་མི་མཁོ་བ་དེ་རྣམ་གཞག་གིས་ཐག་བཅད་བཞག་པ་ཅང་མ་རེད་དེ། ལོ་རྒྱུས་ཀྱིས་ང་ཚོར་ཐག་བཅད་པ་ཞིག་རེད། བོད་མི་དམངས་ཀྱིས་ངོ་རྫུན་གཉིས་ལས་གང་ཁས་ལེན་པ་དེས་ཡོངས་སུ་ཐག་ཆོད་འགྲོ་བ་རེད། འདི་གནས་སྟངས་གཅིག་རེད།
ཡང་བོད་དོན་ཐག་གཅོད་དང་པཎ་ཆེན་སྤྲུལ་སྐུའི་དབར་འབྲེལ་བ་ཡོད་མེད་བཤད་ན། འབྲེལ་བ་ཏན་ཏན་ཡོད་པ་རེད། གང་ཡིན་ཟེར་ན། གཅིག་གིས་སྲོལ་རྒྱུན་གྱི་རྣམ་བཞག་གིས་ཐག་བཅད་པ་དང༌། ཅིག་ཤོས་ཀྱིས་ཆབ་སྲིད་ཀྱི་དགོས་མཁོས་ཐག་བཅད་པ་ཡིན་སྟབས། ཕྱོགས་གཉིས་ཀས་རང་རང་གིས་གང་དུ་ཐག་བཅད་པ་དེར་འགྱུར་བ་གཏོང་བའི་རྒྱབ་ལྗོངས་ཤིག་རག་ཁག་པོ་ཡིན།
གང་ལྟར་མདོར་བསྡུས་ནས་བཤད་ན། བོད་ཀྱི་ལོ་རྒྱུས་ནང་སྤྲུལ་སྐུ་ཐོག་མར་བྱུང་བ་ནས་བར་གྱི་འཕེལ་རྒྱས། ད་ལྟའི་འཚང་ཁ་བཅས་ཀྱི་ཕྱོགས་ངོས་མང་པོ་ཞིག་ནི། སྲིད་དོན་ནམ། འཇིག་རྟེན་ལུགས་ཀྱི་དགོས་མཁོར་གཞོལ་མང་སེ་ཡིན། དཔེར་ན། ང་ཚོས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་དང༌། ཁོང་དང་དགུང་ན་མཉམ་པའི་མཁས་པ་ཁག་གི་རྣམ་ཐར་ལ་མཇལ་བ་ཡིན་ན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་རང་གི་སྤུན་ཉེ་མང་པོ་ཞིག་བླ་སྤྲུལ་དུ་ཐག་བཅད་པའི་གླེང་ཕྱོགས་མང་པོ་མཇལ་དུ་ཡོད་ཅིང༌། རྒྱ་ནག་གཞུང་གིས་གསེར་གྱི་བུམ་པ་ཞིག་གླེང་གིན་པ་དེ་ཡང༌། དོན་ངོ་མར་བཤད་ན། པཎ་ཆེན་དཔལ་ལྡན་ཡེ་ཤེས་སྐབས་ཀྱི་གནང་སྟངས་མང་པོ་ཞིག་གསེར་བུམ་གྱི་རྒྱབ་ལྗོངས་སམ་རྒྱུ་རྐྱེན་ཆགས་ཡོད་པ་སོགས་མང་པོ་ཡོད་པ་རེད།
མདོར་བསྡུས་ནས་བཤད་ན། པཎ་ཆེན་ཡང་སྲིད་གཉིས་ཀྱི་གནད་དོན་དེ་ཁོང་གཉིས་ཀྱི་རིང་ལ་ཐག་ཆོད་པའི་ལམ་ཁ་གང་ཡང་མེད། དེ་ནི་རྫུན་མ་དེ་རྗེས་མ་ནས་ཡང་སྲིད་མེད་པ་དང༌། ངོ་མ་དེར་མུ་མཐུད་ཡང་སྲིད་འཚོལ་བ་ལས་གཞན་གྱི་བྱ་ཐབས་གང་ཡང་མེད་པར་སྙམ། ཡང་གཅིག་བཤད་ན། པཎ་ཆེན་སྤྲུལ་སྐུ་གཉིས་ནི་སྲིད་དོན་གནད་དོན་དང་འབྲེལ་བ་ཡོད་པ་ལས། ང་ཚོར་མཚོན་ན། སྤྲུལ་སྐུ་རྫུན་མ་ཁེངས་བསྡད་ཡོད་པ་རེད། དཔེར་ན། ཨ་མདོ་དགེ་འདུན་ཆོས་འཕེལ་ལ་གོང་ས་མཆོག་གི་བཀའ་རྟགས་ཡོད་པའི་སྤྲུལ་སྐུ་གཅིག་དང༌། དྭང་བླང་སྤྲུལ་སྐུ་བཅུ་གྲངས་ཡོད་པ་ལྟ་བུ་རེད། འདི་ཚང་མ་འཇིག་རྟེན་ལུགས་ཀྱི་དགོས་མཁོ་ཉི་ཚེ་བ་རེས་བྱས་པ་རེད།
ཨ་འབྲུག་དཀོན་མཆོག་ལགས། གནད་དོན་འདི་གླེང་ན་ལྷ་ྐླུ་གཉན་གསུམ་ལ་ཕོག་ཐུག་མང་པོ་འགྲོ་ངེས་པས་ང་འདྲ་བའི་མི་ལས་མ་དག་པ་རེ་ཟུང་རེ་མ་གཏོགས་གླེང་འདོད་མེད་ངེས་རེད། དངོས་གནས་ཁག་མི་འདུག འདི་དང་འདི་འདྲ་བ་དག་གི་ཕྱོགས་ལ་ཐུགས་བསམ་མང་ཙམ་བཞེས་རོགས།
རིག་འཛིན་བསོད་ནམས་ལགས། འབྱོན་ལེགས། འདི་ལ་དྭགས་པས་མཚམས་འདྲི་ཞུ་ཚིག་ཅིག་རེད། སྤྱིར་བཏང་རང་རེའི་ཡང་སྲིད་ངོས་འཛིན་གྱི་སྲོལ་རྒྱུན་འདི་ལ་ཆོས་ཕྱོགས་ཁུངས་སྐྱེལ་མེད། ཡང་སྲིད་དང་སྤྲུལ་སྐུ་སོགས་ཡོད་པར་ཆོས་ཕྱོགས་ཀྱི་སྒྲུབ་བྱེད་ཡོད་ཀྱང་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་སྲོལ་རྒྱུན་དུ་གྲུབ་ནས་བཟུང་ཆབ་སྲིད་དང་འབྲེལ་བ་ཆེན་པོར་གྱུར་པ་རེད། པཎ་ཆེན་སོགས་བླ་སྤྲུལ་ཆེ་གྲས་ཁག་གཅིག་ལ་ཡང་སྲིད་མང་པོ་བྱུང་ན་དེས་བོད་མི་དམངས་ལ་བརྡབ་བསིགས་ཆེན་པོ་ཐེབས་ཀྱིན་འདུག་པས་དོན་གནད་དེ་ཡང་མ་གླེང་ན་མི་འགྲིགས་པ་ཞིག་རེད་འདུག
བླ་མ་དང་ཡང་སྲིད་ཀྱིས་བོད་ཀྱི་ཆོས་སྲིད་ཀྱི་འགན་ཁུར་བ་དང་། སྲིད་འཛིན་མཁན་གྱི་བླ་མ་དེ་ལ་སྐྱེ་བརྒ་ན་འཆི་ཡང་ཡང་བྱུང་བ་དང་དུས་མཉམ་དུ། བོད་ཀྱི་ཆབ་སྲིད་ཀྱང་མི་གཅིག་གི་མི་ཚེའི་དར་རྒུད་ཀྱི་འགྱུར་ལྡོག་དང་འགྲོགས་ནས་སྐྱེ་བརྒ་ན་འཆི་འབྱུང་གི་ཡོད་པ་མ་རེད་དམ། དེ་ལྟར་མི་རིགས་ཤིག་གི་ཚེ་ཚད་དེ་མི་གཅིག་གི་ཚེ་ཚད་ལས་མེད་སྟབས་ཉེན་ཁ་འབྱུང་གི་ཡོད་པ་རེད།
ལ་དྭགས་ཀྱིས་ཁ་སྐད་ལ་”འཇོས་ལེ”་འདྲ་བོ་ཞིག་ལབ་པ་ལས། འབྱོན་ལེགས་ཞེས་དག་གསལ་དེ་འདྲ་ཡོད་པ་མ་རེད། འོན་ཀྱང་ཡིག་སྐད་ལ་དེ་འདྲ་ཡིན་པས། རྩོད་གཞི་ཆེན་པོ་མི་འདུག་ཏེ་རྒྱུས་ཡོད་ཁུལ་ཙམ་བསྟན་པ་ཡིན། དག་ཆ་དེ་སྙན་པོ་འདུག་པས་རྒྱུན་བཀོལ་བྱས་ན་འགྲིག་པ་འདུག
མགོན་པོ་ཕྱག་གཉིས་པ་སོགས་ལ་ཞུ་བ། སྤྱིར་བཏང་ང་ཚོའི་ངོས་ནས་པཎ་ཆེན་ཡང་སྲིད་ལ་ལག་མ་འཆངས་ཁུལ་བྱས་ཀྱང་རྒྱ་མིའི་ངོས་ནས་ལག་པ་འཆངས་ས་གང་ཡོད་ཅིག་ལ་འཆངས་རྒྱ་ཡིན་པ་ཤུགས་ལྡན་གྱི་གླེང་སློང་བྱེད་ཁུལ་བྱས་པ་ལས་དཔག་པས་ཤེས། ཁྱེད་ཀྱིས་བཤད་པ་ལྟར་བོད་ཀྱི་སྐད་ཡིག་མི་ཉམས་ཐབས་ཤིག་བྱུང་ན་གནས་སྐབས་འགྲིགས་རྒྱུ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། བོད་མི་ྐླད་མེད་ཁ་ཤས་ཀྱིས་ལྷ་ལྡན་སྨོན་ལམ་བསྐྱར་གསོ་བྱུང་ན་འགྲིགས་མདོག་སོགས་བྱེད་མཁན་འདུག་ད།