འབའ་སྲས།
འཇིག་རྟེན་འཁོར་བ་འདི་དང་ཁྱིམ་ཚང་གཉིས།།
རང་རང་སྡོད་གནས་ཟེར་ཡང་ཁོམ་མེད་ཡུལ།།
སྐྱེས་ནས་མ་ཤི་བར་དུ་ཁོམ་པ་ཞིག །
རང་ཉིད་ནད་པར་མ་གྱུར་མེད་དོ་ལོ།།
སྤྲང་བོར་རང་གི་ཚོད་ཀྱིས་བརྩི་བྱ་མང་།།
ཕྱུག་པོར་དེ་བས་འདང་རྒྱག་འཆར་གཞི་མང་།།
བླུན་པོ་ཡིན་ཡང་སེམས་ན་དཔྱད་པ་མང་།།
མཁས་པ་དེ་བས་འཆད་རྩོད་རྩོམ་པ་མང་།།
ང་ཡང་དེ་དག་ཁྲོད་ཀྱི་གཅིག་ཡིན་པས།།
རང་གི་ཚོད་ཀྱིས་རང་ལ་བསྒྲུབ་བྱ་མང་།།
ཁྱེད་ཀྱིས་ད་ཤོག་ད་ཤོད་མ་ཟེར་ཅིག །
ང་ཡིས་ཁྱོད་ནི་གཏན་དུ་བརྗེད་པ་མིན།།
ཁྱིམ་ཚང་གཅིག་གི་ཕ་མ་ཕུ་ནུ་ཚོས།།
ཉིན་མ་འགའ་ལ་ཁ་ཞིག་མ་གྲགས་པས།།
ཁྱོད་དང་ཁྱོད་ཀྱི་ནང་མི་བདེ་འམ་དང་།།
ཡང་ན་ཁྱོད་ལ་ཅི་ཞིག་བྱུང་ངམ་འདྲི།།
སྙན་ངག་ཕ་ཁྱིམ་ནང་གི་དྲ་གྲོགས་ཚོས།།
ཚོགས་གཙོ་འབའ་སྲས་གྲག་མེད་ཚོར་མེད་བསམས།།
སྐྱིད་པོ་གླིང་གི་སྐྱིད་རོགས་དགོད་རོགས་ཚོས།།
ཁྱེད་རང་མེད་ན་སྐྱིད་པོ་མི་འདུག་ཟེར།།
ཁ་སྒང་ཚང་གིས་ཁ་ཞིག་མི་གྲགས་ན།།
ཁ་སྒང་ཚོགས་པ་བཙུགས་ནས་ཅི་བྱེད་འདྲི།།
ཁ་བརྡ་ཚང་གིས་སྙན་ངག་མི་བསྐུར་བས།།
ཁ་སྒང་བསམ་གཏན་ཁྱོད་ལ་ཅི་བྱུང་ཟེར།།
ཤེས་བྱའི་སྐྱེད་ཚལ་ནང་གིས་མཁས་པ་ཚོས།།
བགྲོ་གླེང་ནང་དུ་མཉམ་ཞུགས་བྱ་རོགས་ཞུས།།
སྡེ་ཆེན་རྩེད་ར་ནང་གིས་ཕོ་གསར་ཚོས།།
ཁྱེད་རང་མེད་ན་ཞི་མོ་མི་ཐུབ་ཟེར།།
ཙོང་ཁ་ཟ་ཁང་ནང་གི་གྲོགས་པོ་ཚོས།།
ཁྱོད་རང་ཁ་ཞིག་གྲགས་མྱོང་མེད་པ་འདིས།།
མཐུན་པ་སྤུན་བཞི་ཡིན་ཡང་བར་སྐབས་ནས།།
ཁྱོད་ནི་འགྱུར་འདུག་ཟེར་ནས་བདག་ལ་གཤེ།།
འབའ་སྲས་དུས་ཚོད་ཡོད་ན་བཅོ་རོགས་དང་།།
འབའ་སྲས་ཁོམ་པ་ཡོད་ན་གསུངས་རོགས་ཞེས།།
ཆ་ཡོད་ཆ་མེད་བུ་དང་བུ་མོ་ཡིས།།
ཉིན་མཚན་གཉིས་ལ་ཏིར་སྒྲ་མི་ཆད་ཀི །
ད་དུང་རྒྱང་ཐག་རིང་བའི་མ་ཧྲི་ཚོས།།
ཁ་པར་མི་གཏོང་ང་ནི་བརྗེད་སོང་ངམ།།
ཡི་གེ་མི་བསྐུར་ཡི་ག་ལོག་སོང་ངམ།།
ཁོམ་ན་ཤོག་ར་ཁ་བརྡ་བྱེད་ཡ་ཟེར།།
འདི་དང་འདི་ལ་སོགས་པའི་སྐད་འཕྲིན་ནས།།
བདག་ལ་སུན་པོ་བཟོས་པ་ཉུང་ཉུང་མིན།།
ཁྱེད་དང་ཁྱེད་རང་ང་ཚོ་སུ་ཡིན་ཡང་།།
ཉ་ཉོག་ཉམས་མྱོང་མེད་པ་ག་ལ་ཡིན།།
ང་ཡང་འཇིག་རྟེན་འདི་ཡི་མི་ཡི་སྐྱེས།།
ཁྱིམ་ཚང་ཞིག་གི་ཕ་ལོའི་མིང་ཞིག་ཐོག །
དེ་བས་འཇིག་རྟེན་ཇི་ལྟར་ལྟ་ཚུལ་དང་།།
ཁྱིམ་ཚང་སྐྱོང་ཚུལ་བར་ན་ཁོམ་པ་མེད།།
ལྷག་དོན་ང་ནི་སྙན་ངག་དགའ་བ་ཡིས།།
སྙན་ངག་མ་བྲིས་ཆུང་མ་ཤོར་བ་འདྲ།།
སྙན་ངག་མ་བྲིས་ཁྱིམ་ཚང་ཐོར་བ་འདྲ།།
སྙན་ངག་མ་བྲིས་འཇིག་རྟེན་འཇིག་པ་འདྲ།།
ཁྱེད་ཀྱིས་གཟིགས་ན་ང་ནི་ཁོམ་ཡོད་འདྲ།།
ང་ཡིས་བལྟས་ན་ང་ལ་ཁོམ་པ་མེད།།
ཁོམ་དང་མ་ཁོམ་རྩོད་པར་སྙིང་བོ་ཅི།།
ང་ལ་ཁོང་ཁྲོ་མ་ཟ་སྙིང་བོ་འདི།།
དེ་བས་ཁྱེད་ཀྱིས་ང་ལ་མ་འདྲི་རོགས།།
ང་ཡིས་ཁྱེད་ལ་ཕྱིར་ལན་མེད་པ་མིན།།
ནམ་ཡང་ཁྱེད་ནི་བདག་གི་མི་ཡིན་པས།།
སེམས་པའི་གཏིང་ནས་བརྗེད་དུ་ག་ལ་རུང་།།
ང་ཡང་དེ་བཞིན་ཁྱེད་ཀྱི་མི་ཡིན་པས།།
ང་ལ་ཁོང་ཁྲོ་མ་ཟ་གུ་ཡངས་མཛོད།།
ང་ཡིས་ཁྱེད་དང་བདག་གི་སྙན་ངག་གཉིས།།
མ་ཤི་བར་དུ་བློ་ཡིས་གཏོང་མི་བྱེད།།
༢༢/༠༡/༠༤ ཕྱི་དྲོར།
ཁོམ་མེད་རང་རྣམ།
ང་ལ་ལས་ཀ་ཡོད་པས་ཁོམ་པ་མེད། །
ང་ལ་བུད་མེད་ཡོད་པས་ཁོམ་པ་མེད། །
ང་ལ་བུ་ཕྲུག་ཡོད་པས་ཁོམ་པ་མེད། །
ང་ལ་དཔེ་ཀློག་དགོས་པས་ཁོམ་པ་མེད། །
ཁོམ་མེད་པའི་མི་ཚེ་ལ།
དུས་ཁོམ་ཀྱི་རེ་བ་འདི།
འཁོར་ཞེན་གྱིས་སྡུག་བསྔལ་དག
རྟག་འགྲོལ་བའི་རེ་སྟོང་རེད།
ཉལ་གསོ་བའི་སྐབས་འཚོལ་ན།
བདེ་སྐྱིད་ནས་སྐྱོ་གདུང་འཛགས།
ཁོམ་མེད་ཀྱི་རྒྱུན་ཆགས་འདི།
ངལ་ཚེགས་ནས་བདེ་རུ་ཕྱོགས།
སྐྱིད་འདོད་ན་ངལ་ཚེགས་ནི།
རང་འཛེགས་པའི་ཐེམ་སྐེས་ཡིན།
རྒྱང་བའི་ནམ་འཕང་བཅད་འདོད་ན།
རང་ལུས་ཀྱི་བདེ་ཐོག་མར་ཡིན།
ཁོ་བོས་ཁ་བརྡའི་ཚོགས་སྡེ་ནང་ལན་མང་འཛུལ་ཐབས་གྱི་ཐབས་ཤེས་རྗེས་ད་ལན་འཛུལ་ཞུགས་ཐོབ་པར་དགའ་སྤྲོ་དཔག་མེད་བྱུང་།