མཁོ་འདོན་པ། རྫ་ཚེ་རིང་བཀྲ་ཤིས།
༄༅།།ཐའེ་ཝན་གནས་བཞུགས་གངས་ཅན་རིས་མེད་བསྟན་པའི་རྗེས་འཛིན་བསླབ་གསུམ་མཛོད་མངའ་མཆོག་གི་ཞབས་དྲུང་དུ་ཆེད་གསོལ།
ངེད་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་སྤྱི་ལོ་༢༠༡༤ ཟླ་༤ ཚེས་༢ ཉིན་ལོ་སྔོན་མ་དག་གི་མཇུག་མཐུད་དེ། རིས་མེད་ཆོས་བརྒྱུད་ཡོངས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་བའི་བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་འཚོགས་རྒྱུ་ཡིན་ཞིང་། སྤྱིར་བགྲོ་གླེང་འདི་ནི་ང་ཚོ་ཞིབ་འཇུག་ཚོགས་པས་ད་བར་གོ་སྒྲིག་ཞུས་པའི་བོད་བརྒྱུད་ནང་ཆོས་དང་འབྲེལ་བའི་བགྲོ་གླེང་ཐེངས་བརྒྱད་པ་ཆགས་ཡོད།
དེ་བཞིན་འདི་ལོ་སྤྱི་ཟླ་ལྔ་བ་དང་དགུ་པ་སོ་སོར་ཡང་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་དམིགས་བསལ་མཛད་སྒོ་དང་། ལོ་མཇུག་ནང་ཚུད་ལྷོ་རྒྱ་བོད་གསུམ་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་ཆེན་སོགས་འཚོགས་རྒྱུའི་གོ་སྒྲིག་ཞུ་དང་ཞུ་བཞིན་ལགས་པས་དེར་ཡང་དུས་ལྟར་ཐུགས་སྣང་གནང་རྒྱུའི་གསོལ་འདེབས་ཞུ་རྒྱུ་ཡིན།༼བརྗོད་གཞིའི་ཡིག་ཆ་ཟུར་དུ་ཕུལ་ཡོད༽
སྐུ་ཉིད་ནས་བརྗོད་གཞིར་ཞིབ་གཟིགས་ནན་ཏན་གནང་མཚམས། ཐའེ་ཝན་གྱིས་མཚོན་པའི་ཕྱོགས་མཐའ་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གནས་བབ་ལ་ཐུག་ཁུར་ཆེར་བཞེས་ཀྱིས་ཕན་ཚུན་རོགས་རེས་དང་མཉམ་འབྲེལ་གྱིས་བསྟན་འགྲོར་སྨན་པའི་བྱ་བཞག་གང་ཅིར་ཕྱར་བ་གྲུ་འདེགས་ཀྱིས་ལས་དོན་མཉམ་སྒྲུབ་བྱ་རྒྱུའི་གལ་ཆེའི་ངོས་འཛིན་དང་། གུས་ཅག་གིས་ཀྱང་། ཚོགས་པ་འདི་འདྲ་ཞིག་བཙུགས་ཏེ་ནུས་པ་ཆེ་ཆུང་ལ་མ་ལྟོས་པར་ཀུན་སློང་གཙང་མས་འབད་བརྩོན་གང་ཐུབ་ཞུ་བཞིན་པར་ཐུགས་བརྩེས་དགོངས་ཏེ། བགྲོ་གླེང་འདིར་ངེས་པར་མཉམ་ཞུགས་གནང་ཐུབ་པ་གནང་རྒྱུའི་གསོལ་འདེབས་ཞུ་གིན་ཡོད།
དམིགས་བསལ་རྒྱུས་ལོན་དགོས་ངེས་ཁག་ལ་ཚོགས་པའི་དྲ་རྒྱ་དང་། འབྲེལ་ཡོད་ལས་ཁུངས་བརྒྱུད་འབྲེལ་བ་གནང་རྒྱུར་དགའ་བསུ་ཞུ། ཐུགས་རྗེ་ཆེ།
རབ་གནས་ཆུ་སྦྲུལ་དགུན་ཟླ་འབྲིང་པོའི་དབང་ཕྱོགས་ཀྱི་ཚེས་ཉེར་ལྔ་(2014/1/24)ལ། བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་གུས་ཕུལ། །
ཟུར་འཛར།༽
རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སྐབས་བཞི་པའི་བོད་བརྒྱུད་ནང་བསྟན་བགྲོ་གླེང་ཚོགས་འདུའི་བརྗོད་གཞི།
སྔ་དྲོའི་ཆར། ༸གོང་ས་མཆོག་གིས་ཞིབ་འཇུག་ཚོགས་པར་ཆེད་དུ་བསྩལ་བའི་ཕྱག་ཡིག་གི་ཚིག་ཟིན་དང་འབྲེལ་བའི་བརྗོད་གཞི་ཁག་ཅིག་གི་ཐོག་བགྲོ་གླེང་གནང་རྒྱུ།
དང་པོ།༽ ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་བྱུང་བ་དང་། ད་ཡོད་གནས་བབ། རིས་མེད་ཀྱི་གོ་དོན་དང་དགོས་དམིགས།
གཉིས་པ།༽ དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དང་བོད་བརྒྱུད་གནང་བསྟན་བར་གྱི་ཐུན་འབྲེལ་བ་དང་མདོ་སྔགས་འགལ་མེད་ཀྱི་ཉམས་ལེན།
གསུམ་པ།༽ ཐའེ་ཝན་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་བར་གྱི་མིག་སྔའི་འབྲེལ་ལམ་གནས་སྟངས་དང་ལེགས་བཅོས་བྱེད་ཕྱོགས།
ཕྱི་དྲོའི་ཆར། ཐའེ་ཝན་བོད་བརྒྱུད་ཆོས་ཚོགས་ཁག་གི་འབྱུང་འགྱུར་གྱི་ཁ་ཕྱོགས་སྤྱི་དང་། བྱེ་བྲག་ཞིབ་འཇུག་ཚོགས་པའི་གཙོ་གནད་ལས་དོན་དང་འབྲེལ་བའི་བགྲོ་གླེང་གནང་རྒྱུ།
དང་པོ།༽ ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་གྱི་ལོ་གཅིག་གི་ལས་དོན་གྲུབ་འབྲས་ལ་ཕྱིར་རྟོག་དང་འབྱུང་འགྱུར་ཡར་རྒྱས་གཏོང་ཕྱོགས།
གཉིས་པ།༽ ཐའེ་ཝན་བོད་བརྒྱུད་ནང་བསྟན་པའི་ངོས་ནས་གནས་དུས་དང་མཐུན་པའི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས།
གསུམ་པ།༽ འབྱུང་འགྱུར་ཐའེ་ཝན་བོད་བརྒྱུད་ནང་བསྟན་ལས་དོན་སྐོར་གྱི་ཕྱོགས་བསྡུས་བསམ་ཚུལ།
གཙོ་སྒྲུབ་ལས་ཁུངས། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།
རོགས་སྒྲུབ་ལས་ཁུངས།
ཀཿཐོག་རིག་འཛིན་ཆེན་པོའི་ཆོས་ཚོགས། བྱང་ཆུབ་ཐེག་གསུམ་ཆོས་ཚོགས། བཀའ་བརྒྱུད་བྱམས་བརྩེ་ཆོས་ཚོགས། སློབ་དཔོན་བསོད་ནམས་ཕུན་ཚོགས། ཡེ་ཤེས་འཁོར་ལོའི་ཆོས་ཚོགས། ཐའེ་ཝན་ནང་བསྟན་གཞོན་ནུའི་མཐུན་ཚོགས།
ཚོགས་ཡུལ།
台北市長安東路二段78號2樓
(中華佛教青年會)
འབྲེལ་ཡུལ། གཞུང་ལས་ཁང་། ༠༢༨༦༦༥༠༩༤༩
གཟུགས་འཕྲིན། ༠༢༩༡༡༧༩༢༥
༠༩༧༨༥༥༧༢༦༡ ༠༩༦༣༠༡༧༥༠༨
དྲ་བྱང་། www.buddhajnana.org
གློག་ཕྲིན། itbsi@buddhajnana.org
རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སྐབས་བཞི་པའི་བོད་བརྒྱུད་ནང་བསྟན་བགྲོ་གླེང་ཚོགས་འདུའི་བརྗོད་གཞིའི་བགྲོ་གླེང་དག་ལེགས་འགྲུབ་ཡོང་བར་སྨོན་ལམ་ཡོད་དོ།།
ངོ་དེབ་ཐོག་ལ་ཕབ་ལེན་བྱས་ཡོད།
རྒན་ལགས་བཀའ་དྲིན་ཆེ།
སྤྱིར་སངས་ཀྱི་བསྟན་པ་དང་སྒོས་བོད་བརྒྱུད་ནང་བསྟན་དག་འཛམ་གླིང་ཡུལ་གྲུ་རྣམས་སུ་དར་རྒྱས་ཡོང་བ་དང་། ལྷག་དོན་བོད་བརྒྱུད་ནང་ཆོས་ཀྱི་བརྒྱུད་འཛིན་པ་རྣམས་ཕན་ཚུན་ཤེས་ནས་དད་པ་ཐོབ་སོགས་མདོར་ན་ཐུགས་མཐུན་དམ་གཙང་ཡོང་ཆེད་ཕན་ཐོག་གང་འཚམས་ཡོང་བ་ངེས་པས་འགན་ཁུར་བ་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་མ་ཟད་སླད་ནས་ཅང་རྒྱུན་འཛིན་ཡོང་བའི་རེ་བ་ཡོད།
ཚོགས་འདུ་ལམ་འགྲོ་ཡོང་པ་དང་། ཚོགས་ཞུགས་ཀུན་ཀྱིས་དོན་དང་མཐུན་ཞིང་། ཞིབ་འཇུག་གི་རིན་ཐང་ངེས་ཅན་ཡོད་པའི་བགྲོ་གླེང་གནང་པའི་རེ་བ་ཡོད།
དངོས་གནས་དོན་ལྡན་གྱི་བྱ་བ་རེད། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་དཱ།
ངོ་མ་བཟང་གི་ཡ། མུ་འཐུད་ནས་ཡིན་ད། ང་ཚོ་ལ་རེ་བ་གསར་པ་མང་པོ་འདུག་ང་གློ་བ་དགའ།