ས་ནག་གད་པ།
སྙིང་ལ་ཉལ་བའི་དོན་གྱི་ཕྱི་ནང་དག །
སྒྱུ་རྩལ་ཚིག་ལ་བརྒྱུས་པ་འགའ་ཡོད་ན། །
དེ་དེར་གུས་ཕྱག་སྙིམ་པའི་མེ་ཏོག་གི །
ཕྲེང་བ་བརྩེགས་པའི་སྟངས་སྟབས་འབུལ་བ་ཡིན། །
ཚིག་གི་སྤྲོས་པ་ཙམ་ལ་སྙན་ངག་ཅེས། །
ཁ་ཤོམ་འུད་སྒྲོག་བྱེད་པའི་ཅ་ཅོ་དག །
སྒྱུ་རྩལ་ཟུངས་ཤུགས་ལྡན་པར་མ་མཇལ་བའི། །
ལྟ་སྟངས་ཆུ་ཁུར་གླང་པོ་འགྱེལ་ཉེར་ཡོད། །
བཅད་མཚམས་མེད་པའི་ལྷུག་འགྲོས་ཚིག་ཕྲེང་དག །
འདི་ནས་འགའ་ཞིག་བཀླགས་པ་དེ་དང་དེར། །
སྒྱུ་རྩལ་རིན་ཐང་རི་མོ་མི་འདུག་པས། །
ཡིད་སྐྱོའི་མཁའ་ལ་མེད་མུག་སྤྲིན་པ་འཁོར། །
དོན་གྱི་འདུས་མདོ་སྟོན་པའི་སྨྲ་ལྕེ་དང་། །
ཚིག་གི་སྒྱུ་རྕལ་ཟ་བའི་ལག་པ་དག །
གང་ལ་ལྡན་པ་དེ་དེའི་ལེགས་བཤད་ལ། །
ད་དུང་འདི་ན་སྨོན་པའི་ཁུར་གྱིས་ཡོད། །
ཚིག་དོན་མྱོང་རོལ་བདེན་པའི་རི་ཐང་མཚམས། །
ཀློག་མཁན་རྣམ་དཔྱོད་གློག་གིས་འབྱེད་དགོས་ཞེས། །
ཤེས་ནས་སྨྲ་བའི་མི་བུ་མང་པོ་ཞིག །
ཞལ་ཆེམས་མདུད་པ་བཏབས་ནས་བཞུད་པ་ཐོས། །
དེང་འདིར་བསམ་ཚུལ་ལྟ་ཚུལ་གསོང་པོའི་ངག །
འགྲོ་ཡུལ་མེད་པའི་བགྲོ་གླེང་ཡ་མཚན་ཞིག །
མེད་མུག་བཞི་མདོའི་མུ་ཏོའི་བྱེ་ཁུག་ལ ། །
དགོས་མེད་རླུང་བུ་བྱེར་བ་ཅིས་ཉེས་ཀྱེ། །
རང་ཉིད་ནོར་གྱིས་ཕྱུག་པ་དག ནོར་མེད་མཐོང་བས་མི་སྐྱོ་བཞིན།
སྙན་དངགས་པ་ཡང་གཞན་དག་ལ། ཅི་སྐྱོ་རང་གིས་རྩོམ་པར་རིགས།
སྒེར་གྱི་དྲ་བའི་གོ་དོན་གང་ཡིན་ནམ།
རང་གི་ཅི་ཤེས་གཞན་སྣེ་བསྟན།
ལམ་གྱི་དམིགས་བུས་ནོར་ནའང་།
ཀུན་སློང་རྣམ་པར་དག་པ་ལ།
སུ་ཡི་མཛུབ་མོ་སྐེར་ནུས་སམ།