བསྟན་འཛིན་གྲགས་པ།
བཙན་བྱོལ་གྱི་ཆབ་སྲིད་ལ་ཞིབ་འཇུག་བྱེད་མཁན་ཞིག་གིས་བརྗོད་རྒྱུར། “ངའི་སེམས་ཁྲལ་ཆེ་ཤོས་དེ་གང་ཡིན་ཟེར་ན། བོད་དོན་འདི་ཐག་གཅོད་བྱེད་པའི་གོ་སྐབས་ཤིག་ཤར་བའི་ཉི་མ་དེ་ལ་བཙན་བྱོལ་གྱི་དཔོན་པོ་དེ་ཚོ་ལ་ཐག་གཅོད་བྱེད་པའི་བློ་ཁོག་དང་འཇོན་ཐང་ཡོད་པ་མ་རེད་བསམས་པ་འདི་ཡིན། ཐག་གཅོད་བྱེད་མ་ཐུབ་པར་གོ་སྐབས་དེ་ཤོར་འགྲོ་གི་རེད། དེ་ནས་གྱོང་དེ་བོད་མི་དམངས་ལ་རག་གི་རེད།” ཅེས་བཤད་བྱུང་། སྐད་ཆ་འདི་བཤད་ནས་ལོ་ངོ་བརྒྱད་དགུ་ཞིག་ཕྱིན་སོང་། ད་ངས་ཀྱང་འདི་ལ་བསམ་བློ་གཏོང་བཞིན་ཡོད། འདི་ཕལ་ཆེར་བདེན་པ་རེད། བོད་ནང་ནས་རང་ལུས་མེར་སྲེག་གིས་ཚ་ཚ་འུར་འུར་བྱེད་བཞིན་པའི་སྐབས་ཤིག་ལ་བློ་བཟང་སེང་གེས་མཆོད་འབུལ་བྱེད་ཀྱིན་ཡོད་དང་མེད་ལྟ་བུའི་རྙོག་དྲ་ཞིག་བཤད་ནས་བསྡད་སོང་། སྐབས་འདི་ལ་མཚོན་ན་ཡང་བློ་བཟང་སེང་གེའི་ལས་འགན་དེ་བོད་མིའི་ཆིག་སྒྲིལ་འདི་སྲུང་སྐྱོབ་སླད་སྐད་ཆ་བཤད་རྒྱུ་ལས་གཞན་པའི་ཚིག་ཐན་ཐུན་ལ་འཇུས་ནས་ཡར་བཤད་མར་བཤད་བྱེད་རྒྱུ་ཡོད་པ་མ་རེད། ༧གོང་ས་མཆོག་ཧོང་ཀོང་ལ་གདན་འདྲེན་ཞུ་རྒྱུའི་སྐད་ཆ་ཞིག་བྱུང་བ་དེ་ལ་ཡང་བཟང་ཐག་ངན་ཐག་ཆོད་པའི་གོ་སྐབས་དམ་འཛིན་ཞིག་བྱེད་ཐུབ་མ་སོང་དྲན། ད་ལྟ་བཙན་བྱོལ་བོད་མིའི་དབུ་འཁྲིད་ཚོ་འགྱོད་བཞིན་པའི་གནད་དོན་གཅིག་ནི་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་སྐབས་དེར་༧གོང་ས་མཆོག་བོད་ལ་ཕེབས་པའི་ཐག་གཅོད་བྱེད་མ་ཐུབ་པ་དེ་རེད། འདི་དག་ལ་བསྐྱར་ཞིབ་ཅིག་བྱས་ན། ཐུག་ས་གཙོ་བོ་དེ་བློ་ཁོག་མེད་པ་ལ་ཐུག་འདུག ཐག་གཅོད་གཅིག་ལ་བརྒྱ་ཆ་བརྒྱའི་འགན་ལེན་དང་བརྒྱ་ཆ་བརྒྱའི་ཁེ་ཕན་ཡོད་པ་ཞིག་ཡོད་ཀྱི་མ་རེད། དེ་མེད་ན་མིང་ཆད་ཡོང་བ་སོགས་མ་འོངས་སྔོན་དཔག་གིས་ཐག་གཅོད་ཆེན་པོ་བྱེད་མ་ཐུབ་པའི་རྙོག་དྲ་འདི་ཚོ་ཡོང་གི་ཡོད་པ་རེད་བསམས་ཀྱི་འདུག
མི་དམངས་ཀྱི་བདེ་སྡུག་ལ་ཕན་གནོད་འབྲེལ་བའི་ཐག་གཅོད་བྱེད་རྒྱུ་མེད་པའམ་ཡང་ཐག་གཅོད་ཀྱི་བློ་ཁོག་མེད་པའི་གཞུང་དང་སྒྲིག་འཛུགས་ནི་ཟློས་གར་གྱི་འཁྲབ་སྟོན་ཞིག་རེད། བཙན་བྱོལ་སྒྲིག་འཛུགས་འདི་ཡང་ཟློས་གར་གྱི་འཁྲབ་སྟོན་ཞིག་རེད། འདི་མིང་དོན་མཚུངས་པའི་ཟློས་གར་གྱི་འཁྲབ་སྟོན་ཞིག་རེད། འཁྲབ་སྟོན་འདིའི་ནང་ལྷ་དང་མི་བསྲེས་ནས་འཁྲབ་བཞིན་ཡོད། དཔེར་ན་༧གོང་ས་མཆོག་དགུང་ལོ་བརྒྱ་ལྷག་ལ་བཞུགས་རྒྱུ་ཡིན་པ་དང་། གནས་ཆུང་ཆོས་སྐྱོང་གིས་ལུང་བསྟན་གནང་སྟེ་ལོ་རེ་རེ་ལ་ཞབས་བརྟན་བསྒྲུབས་པ། དོལ་རྒྱལ་བསྟེན་ན་མི་འགྲིག་པ་སོགས་ནི་ཆོས་ཀྱི་འཁྲབ་སྟོན་དེ་ཚོ་རེད། ལམ་དབུ་མ་དང་རང་བཙན། བདེན་པའི་ཨུ་ཚུགས་སོགས་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འཁྲབ་སྟོན་རེད། འཁྲབ་སྟོན་འདི་ང་ཚོས་ལོ་མང་པོར་འཁྲབ་པ་རེད། འཁྲབ་སྟོན་འདིའི་ལེའུ་གཅིག་ལ་ཆ་བཞག་ན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལྟ་བུ་རེད། མཛད་སྒོའི་ཐོག་བྱིས་པ་རྣམས་ཀྱིས་སྟོད་གཞས་སོགས་གཙང་མ་ཞིག་འཁྲབ་ཀྱི་རེད། དེ་ནས་དཔོན་པོ་ཚོས་ལག་པ་བརྡབས་ཀྱི་རེད། དེ་ནས་རིག་གཞུང་སྲུང་སྐྱོབ་བྱས་ཚར་པ་རེད། དོན་ངོ་མ་འདི་འདྲ་ཞིག་རེད།
ང་ཚོའི་ཟློས་གར་འདི་ལ་བརྟེན་ནས་གྱོང་ཕོག་མཁན་དེ་གཞིས་ལུས་མི་དམངས་རེད། གཞིས་ལུས་མི་དམངས་ཀྱིས་ཁོང་ཚོར་བཅིངས་འགྲོལ་གཏོང་མཁན་ཞིག་ཡོང་གི་ཡོད་པ་དང་། དེ་ཡང་ལྷ་དང་བླ་མ་དཔོན་པོ་སོགས་འཛོམས་ནས་ཡོང་གི་ཡོད་པར་ཡིད་ཆེས་བྱེད་པ་རེད། འོན་ཀྱང་བཙན་བྱོལ་གྱི་ཟློས་གར་དེས་ཁོང་ཚོར་སེམས་ཀྱི་བདེ་སྐྱིད་ཅིག་སྤྲད་ཡོད་ན་ལས་གཞན་ཅི་གང་ཕན་མེད་པ་རེད། ཕན་མེད་པ་མ་ཟད་གནོད་ཡོད་པ་རེད། ཁོང་ཚོའི་མི་རིགས་ཀྱི་ལ་རྒྱའི་ལས་ཀ་དེ་ཚོ་ལ་ཡང་གནོད་ཡོད་པ་རེད།
ད་ལྟའི་བཙན་བྱོལ་གྱི་ཟློས་གར་འདི་ན་ལེའུ་གསར་པ་ཞིག་ཡོད་པ་དེ་ནི་རྒྱ་ནག་གི་དཔུང་ཤུགས་ལ་ཁ་གཏད་མེད་སྟབས་རྒྱ་ནག་གི་མི་སེར་བྱེད་རྒྱུ་ནི་འདམ་ཁ་ཡག་ཤོས་དེ་ཡིན་པར་བཤད་པ་རེད། ད་ང་ཚོ་འགོག་མཁན་གཅིག་ཀྱང་མེད་པ་རེད། སྒྲིག་འཛུགས་ཀྱི་ལྷན་ཁང་རེ་རེ་བཞིན་སྒོ་བརྒྱབ་ནས་བོད་ལ་འགྲོ་ཆོག་ཆོག་རེད། འོན་ཀྱང་ཟློས་གར་འཁྲབ་ཚན་དེ་ལ་ལེའུ་འདི་འདྲ་ཞིག་བྲིས་མེད་པ་རེད། ང་ཚོ་ཅི་ཡང་མིན་ན་ཡང་ཅིག་ཡིན་མདོག་མདོག་གིས་ཟློས་གར་འདི་མུ་མཐུད་ནས་འཁྲབ་དགོས་པ་རེད། མི་དམངས་ཀྱི་སྡུག་བསྔལ་ཚོར་མི་ཐུབ་མཁན་དང་། བོད་ལ་དུས་རབས་ཉེར་གཅིག་པའི་འགྲོ་བ་མི་ཞིག་གི་ཚུལ་དུ་མགོ་འཁྲིད་བྱེད་མི་ཐུབ་པའི་སྒྲིག་འཛུགས་འདིས་མུ་མཐུད་ནས་ཡིན་མདོག་མདོག་གི་ཟློས་གར་འདི་འཁྲབ་བཞིན་པ་རེད།
ཟློས་གར་ཡུན་རིང་པོར་འཁྲབ་ཐུབ་པ་དང་འཁྲབ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། རྒྱུ་མཚན་དང་པོ་ནི་བོད་མི་དམངས་ཀྱིས་༧གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་བྱས་པ་དེ་རང་རེད། རྒྱུ་མཚན་གཉིས་པ་ནི་ཟློས་གར་འདི་འཁྲབ་ན་འཁྲབ་མཁན་ཚོར་མི་ཆོས་ཀྱི་ལྟོ་གོས་གཏམ་གསུམ་ཐོབ་ཀྱི་ཡོད་པ་རེད། འདི་མ་འཁྲབ་ན་ཁོང་ཚོར་ལྟོ་གོས་གཏམ་གསུམ་ཐོབ་ཀྱི་མ་རེད། ཟློས་གར་འདི་ལ་ལྟད་མོ་ཆེན་པོ་འདུག་ཨང་།
ང་ཚོའི་ཟློས་གར་འདིའི་ནང་ཡ་མཚན་པ་ཡང་མང་པོ་འདུག དཔེར་ན་ང་ཚོས་ཁ་རྒྱ་ལ་གཏད་ནས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཞེས་མ་ཎི་འདོན་འདོན་བྱེད། ཁ་ནང་ལ་གཏད་ནས་འགྲོ་བ་མིའི་ཐོབ་ཐང་ཕར་ཞོག དམངས་གཙོ་ཕར་ཞོག གཏམ་བརྗོད་དྲང་པོ་བཤད་མཁན་ལ་ཡང་གསོད་གྲབས་གཏུབས་གྲབས་བྱེད། དེའི་དཔེ་མཚོན་ནི། ཀརྨ་ཆོས་འཕེལ་གྱི་སྒང་ལ་མཆོངས་པ་ལྟ་བུའོ།། གཟིགས་མོར་ཡག་པོ་གཟིགས་ཨ། སྤྲོ་པོ་ཡོང་།
རང་གིས་མ་འབྱོན་པས་གཞན་ལ་ཁ་གཏོང་མི་འདོད་ན་ཡང་གཅིག་བཤད་བསམ་སོང་། ༥༩་རྗེས་༦༠་ནང་ཕྱི་བྱོལ་བ་དག་ལ་ནི་ཁག་མེད་པ་རེད། སྲོག་ལ་བབས་ན་སུ་ཡང་བྲོས་ཤོལ་ལ་འགྲོ་གི་རེད། ཁོ་ཚོའི་རྒྱུད་བུ་ཕྲུག་ཚོ་ལ་ཡང་ཁག་མེད་པ་དེ་ཁོ་ཚོ་ཕྱི་ལོག་ནས་སྐྱེས་ལ་ཚར་ལོངས་བྱུང་བ་དེ་རེད། ད་ང་ཚོ་འདྲ་བ་༨༠་རྗེས་ལ་བྱོལ་ཡོང་བ་དེ་ཚོ་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་ཡོང་བ་ཡིན་པ་ལ་བསམ་བློ་གཏོང་རན་རེད། ཀྲུང་གོའི་འོག་ལ་མྱི་ཐོག་དང་པོ་ཚོ་བཞིན་ཤི་གསོན་གང་ཡོང་མི་ཤེས་བའི་སྡུག་ཞིག་གིས་དེད་ཡོང་བ་རེད་དམ་གཅིག་གིས་གཅིག་འུར་རྒྱབ་ནས་ཡོང་བ་ཞིག་རེད། འུར་དེ་མི་ཐོག་དང་པོ་ལས་བྱུང་བ་རེད་དམ་ང་རང་ཚོ་རང་ངོས་ནས་བྱུང་བ་ཞིག་རེད།
“གཏམ་བརྗོད་དྲང་པོ་བཤད་མཁན་ལ་ཡང་གསོད་གྲབས་གཏུབས་གྲབས་བྱེད། དེའི་དཔེ་མཚོན་ནི། ཀརྨ་ཆོས་འཕེལ་གྱི་སྒང་ལ་མཆོངས་པ་ལྟ་བུའོ།” ཟེར།
ཀརྨ་ཆོས་འཕེལ་གསོད་གྲབས་གཏུབ་གྲབས་སུས་བྱས་སམ། གང་ནས་བྱས། ནམ་བྱས།
“ཀརྨ་ཆོས་འཕེལ་གྱིས་ང་མ་བི་བཟོ་གི་ཡོད་རེད་ད་”་་ཞེས་༸གོང་ས་མཆོག་གིས་གསུངས་སོང་ང། འོ་ན་༸གོང་ས་མཆོག་གིས་ཀརྨ་ཆོས་འཕེལ་མ་བི་བཟོས་པ་རེད་དམ།
དེ་དེ་བཞིན་ནོ།
རྩོམ་འདིའི་འགོ་བརྗོད་ལ་བལྟ་དུས། རྩོམ་པ་པོས་བརྗོད་བྱ་བློ་བསམ་ནན་ཏན་བཏང་པ་ཞིག་བྲིས་ཡོད་རེད་བསམ་བྱུང་། རྩོམ་འདི་མར་ཀློག་ནས་འཇུག་བསྡུ་སྐབས་བྲོ་མ་མེད་པ་ཆགས་སོང་།
དེང་རབས་ང་ཚོའི་ཆབ་སྲིད་དཔྱད་བརྗོད་པ་ཕལ་མོ་ཆེ་སྙན་ངག་གི་ཤུགས་རྐྱེན་འོག་ཕྱིན་སྟེ་དོན་དངོས་ལས་རྟོགས་བཟོ་མང་བ་འབྲི་གི་འདུག གལ་སྲིད་ཁྱེད་རང་གིས་དཔྱད་བརྗོད་འབྲི་སྐབས་རབ་རྟགས་དང་དཀྲོག་གཏམ་ཕར་ཙམ་བཞག དེ་ནས་དན་དངོས་དཔྱད་གཞི་སྤུངས་ནས་འབྲི་དགོས་པ་ཞིག་ལས་མེད་པ་ཞིག་ཡོད་པ་བཟོ་བ་དང་། ཡོད་པ་ཞིག་མེད་པ་བཟོ་ཐབས་བྱེད་པ་ནི་ལྐུག་རྟགས་རང་རེད། དེས་ན་ངས་ཁྱེད་རང་ལྐུག་པ་ཞེས་བརྗོད་རྒྱུ་ལས་ཅང་མེད་ཏོ།
ད་བར་དུ་ཁོང་ཚོ་རྒྱ་ནག་གཞུང་འབྲེལ་གྱི་འབྲེལ་ཡོད་ལས་ཁུངས་སམ་མི་སྒེར་སུ་འདྲ་ཞིག་གིས་གོ་སྐབས་སྤྲད་མིན་ལ་མ་ལྟོས་པར། ང་རང་ཚོ་གཞུང་མང་གཉིས་ཀའི་ངོས་ནས་གོ་སྐབས་རྩ་ཆེན་གང་དང་། གང་ཞེས་བྱ་བ་ཤོར་ཡོད་དམ། དེ་དག་རེ་རེ་བཞིན་རྒྱུ་མཚན་ལྡན་པའི་ངང་གསུངས་རོགས་གནང་། དངོས་ཡོད་གནས་ཚུལ་ལམ་ཁུངས་ལྡན་གྱི་གནས་ཚུལ་མིན་ན། ཟེར་སྒྲོས་དང་ཚོད་དཔག་ཅན་དེ་ཚོ་འདིར་གསུངས་ན་ཡང་ང་ལ་དགོས་པའི་ལན་དེ་མ་ཡིན་པས། བྱིས་པའི་བབ་ཅོལ་གྱི་ཁོངས་སུ་མི་བཞག་ཀ་མེད་ཡིན་ན། དེའི་དོན་རྣམས་ཁྱེད་མཁྱེན་རྒྱ་ཡངས་པའི་དཔྱད་བརྗོད་མཁན་རྣམ་པས་མཁྱེན་པར་མཛོད་ཅིག །
དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་དཔྱད་བརྗོད་འུད་པོ་ཆེ་ཞིག་ཡིན་ན། དེ་ནི་སྤྱི་ཚོགས་ཁྱོན་ཡོངས་དང་དྲྭ་ནང་གི་གད་སྙིགས་ཙམ་དུ་ཟད་དོ།