ཨེ་མ་ཧོ།
ཀ་བ་བུམ་པ་ཡང་མ་རྩོད།།
ཁ་ཁོག་མཚུངས་པ་ཡི་ཆོས་པ།།
ག་ས་གང་དུ་ལ་སོང་ཡང་།།
ང་ནི་དྲང་བདེན་ལ་གནས་ཡོད།།
ཅ་ཅོའི་འདུ་འཛི་ལ་མ་ཆགས།།
ཆ་ལུགས་སྣ་ཚོགས་ལ་བསྒྱུར་ཀྱང་།།
ཇ་རྩམ་ངམ་ངོམ་ལ་རོལ་ནས།།
ཉ་བ་ཏེ་ལོ་བཞིན་བསྡད་ཡོད།།
ཏཱ་ལར་ངོ་རྒོལ་ཡང་མ་བྱས།།
ཐ་དག་མོས་མཐུན་ལ་དབེན་ཡང་།།
ད་ལྟའི་རང་དབང་གི་འཚོ་བས།།
ན་ཚོད་བཤད་སྒྲུབ་ལ་བརྩོན་ཡོད།།
པ་ར་མི་ཏ་ལ་འབད་བཞིན།།
ཕ་མེས་ཆོས་བརྒྱུད་ང་དུང་བས།།
བ་ར་ནང་རྩོད་ཀྱང་མེད་པར།།
མ་ལུས་གཞན་དོན་ལ་ཕྱོགས་ཡོད།།
ཙྭ་རིའི་སྦས་ཡུལ་དང་འདྲ་བའི།།
ཚ་གྲང་ཆ་མཉམ་པའི་ཞིང་ཁམས།།
ཛ་ཡའི་རྗེས་འཇུག་གི་ངོ་སྐལ།།
ཝ་ཡེལ་རི་ཁྲོད་དུ་བཞུགས་ཡོད།།
ཞྭ་རྩོད་ཆོས་པ་རུ་མ་རློམས།།
ཟྭ་སྔོའི་འཚོ་བ་ལ་རོལ་བཞིན།།
འ་ཅག་གངས་ཅན་ལ་དུང་བས།།
ཡ་མཚན་ཀུན་བཟང་ཞིག་མཛད་ཡོད།།
ར་ཛའི་ཆོ་འཕྲུལ་ལ་མ་ཞེན།།
ལ་རྒྱའི་བསྟན་སྲིད་ལ་དུང་བས།།
ཤ་རུས་ཁྲག་རྒྱུན་ཙམ་མིན་པར།།
ས་ལམ་ཡོན་ཏན་ཀུན་ཤེས་ཡོད།།
ཧ་ཅང་མཁས་མདོག་ཙམ་མིན་པར།།
ཨ་བུའི་མི་ཚེ་ཡི་ལོ་རྒྱུས།།
ཨི་ལྡན་དབྱངས་གསལ་དུ་རྒྱུན་ནས།།
ཨུ་དུམ་བ་ར་བཞིན་མཆོད་པས།།
ཨེ་མ་ཧོ་ཞེས་ནི་འབོད་པར།།
ཨོ་རྒྱན་བླ་མ་ཡིས་སྐྱབས་ཡོད།།
མདོར་ན་ཚེ་སྲོག་ནི་འདི་ཆད་ཚེ།།
ཁྲག་དར་སྐར་ལྔ་ལ་མི་རེ།།
མི་ཚེ་ས་མཐའ་ལ་སྐྱེལ་ནས།།
དུར་ས་དབྱིན་ཡུལ་ལ་འདེབས་ངེས།།
སྔ་དྲོ་ཆོས་སྤྱོད་ལ་འབད་ནས།།
ཚོགས་བསགས་འགྲོ་ཀུན་ལ་བསྔོ་ཞིང་།།
ཕྱི་དྲོ་ཆོས་ཚན་ལ་བརྩོན་བཞིན།།
འཁོར་འདས་བདེ་སྐྱིད་ལ་རོལ་ཡོད།།
ནམ་གུང་འོད་གསལ་གྱི་སྣང་བས།།
རྨི་ལམ་དབང་ཕྱུག་གི་འདུན་ལམ།།
བདེ་ཆེན་དག་ཞིང་ལ་གཏད་ནས།།
ཆོས་རྗེའི་དགོངས་པ་བཞིན་སྒྲུབ་ཡོད།།
འཛམ་གླིང་ཆོས་མཐུན་གྱི་གྲོགས་དང་།།
གངས་ཅན་ཕོ་མོ་ནི་ཡོངས་ལ།།
འདི་ཕྱིའི་བདེ་སྐྱིད་ལ་སྨོན་པས།།
ཆོས་བཞིན་འགྲུབ་པ་ནི་གྱུར་ཅིག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་རྒྱལ་ཟླའི་ཚེས་བཟང་ལ་གྲོགས་པོ་འགས་བ་རའི་(བ་ར་ནི་དབུ་མ་དང་རང་བཙན་གྱི་བསྡུས་མིང་གསར་དུ་སྙན་ངག་པ་ཀླུ་སྨྱོན་ཧེ་རུ་ཀས་བཏགས་པ་ཞིག་ཡིན)རྩོད་པ་དང་དྲ་འབིས་བསྐུལ་བ་བཞིན་དབྱིན་ཡུལ་ཝ་ཡེལ་རི་ཁྲོད་ནས་ཨེ་མ་ཧོས་གང་དྲན་གླུ་རུ་བླངས་པར་དགེའོ། །
ཀ་བཤད་འདི་ལ་ཨང་ཐོབ་གང་འདྲ་དགོས་མིན་རྒན་བན་དེ་ལགས་ཡིན་ད།
ཝ་ཡེལ་རི་ཁྲོད་དུ་བཞུགས་ཡོད།།
་
ཡ་མཚན་ཀུན་བཟང་ཞིག་མཛད་ཡོད།།
བཞུགས་ཡོད་དང་། མཛད་ཡོད་ཅེས། རང་རྣམ་སྲོལ་རྒྱུན་ལ་ཅུང་མི་མཛེས། ཉ་པ་ལ། ཉ་བ་ཞེས་པ་དང་། ནི་སོགས་རང་མོས་འབྲི་སྟངས་ལ་རྩོད་ནས་ད་ཅི་ཕན།