ཟིང་པོའི་བུ།
ཀླད་རྙིང་ཚེར་མས་བསིམ་ལྡན་མཐའ་བཞི་བསྐོར།།
རོ་མྱགས་ལྟ་བས་འདྲེན་བྱེད་རབ་རིབ་གྱུར།།
གཞན་ཅོལ་བློ་ཡི་འགན་འཁྲིའི་འདུ་ཤེས་དོར།།
དམངས་གཙོའི་འོ་མཚོར་དུག་ཆུ་ནག་པོ་དྲངས།།
ཆོས་སྲིད་ལམ་ལུགས་སྟུག་པོས་གཉིད་དུ་ཡུར།།
གསར་བརྗེའི་འོད་ལ་བཙན་པོས་གོས་རྙིང་གཡོག།།
ཕ་ཤུལ་བུ་འཛིན་སྒེར་གཅོད་ཞིང་ས་ལ།།
དམངས་གཙོའི་རླན་གཤེར་འདྲེན་མཁན་ལུང་ཤར་མཆོག།།
དམངས་གཙོའི་དེད་དཔོན་ལུང་ཤར་ཚེ་རྒྱལ་གྱིས།
རྒྱལ་གཅེས་ལ་རྒྱའི་སྙིགས་དོར་བཅུད་ལེན་སྐབས།།
གསར་བརྗེའི་གསེར་གྱི་སྒྲོན་མེ་སྤར་ན་ཡང་།།
ཁྱི་སྤྱང་ངན་པས་མུན་པའི་དོང་ལ་བརྫངས།།
དུས་མཐུན་དམངས་གཙོའི་བདུག་སྤོས་དྲི་ངད་ལ།།
རྒྱལ་གཅེས་བསམ་པས་དྲི་བསུང་མ་མྱངས་པར།།
རུ་སུ་ལུགས་ཀྱི་ཞྭ་ནག་སྐེ་ལ་སྐོན།།
གསར་བརྗེའི་དགྲ་བོས་མིག་འབྲས་ས་ལ་ཕྱུང་།།
ཁྱེད་ཀྱིས་སྤར་བའི་གསར་བརྗེའི་མེ་སྟག་དེ།།
མུན་ནག་འདྲེ་མཐོང་རླུང་པོས་བསད་ན་ཡང་།།
ཁྱེད་ཀྱིས་ཞབས་རྗེས་ཟླ་བ་དཀར་པོ་དེ།།
གངས་ཅན་ཞིང་དུ་མི་ནུབ་སྲིད་མཐར་བཞད།།
བཀའ་བཀོད་རྒྱུད་འཛིན་བྲན་གཡོག་ཡུལ་ལུང་ནང་།
རང་དབང་དམངས་གཙོ་ངོ་སྤྲོད་བྱེད་མཁན་གྱི།
བརྩིས་དཔོན་ལུང་ཤར་ཚེ་རྒྱལ་དམ་པ་ལ།
བུ་སྡུག་ཅོ་རིས་སྙིང་ནས་བཀུར་བཞིན་ཡོད།།
བོད་རྒྱལ་དར་མའི་མགོ་ཡི་གླང་རྭ་དང་།
ལུང་ཤར་བློན་པོའི་རྐུབ་ཀྱི་རྔ་མ་གཉིས།
དམ་པ་དགེ་ཆོས་ལུས་ཀྱི་ཁྲིམས་གཅོད་གསུམ།
བུ་སྡུག་ཅོ་རིའི་སྙིང་གི་སྡུག་བསྔལ་ཡིན།
སྔོན་ཐོན་བསམ་བློའི་སྣེ་ཁྲིད་འུ་དུམ་གྱིས།།
རྒྱལ་གཅེས་པད་མ་དཀར་པོའི་ཟིའུ་འབྲུ་ལ།།
མི་ཟད་ངན་རྨོས་དྲག་ཆར་རླུང་འཚུབ་ཀྱིས།།
དུང་ཟླ་དཀར་པོར་གླང་གི་ཞྭ་མོ་སྐོན།།
ལེགས་ཉེས་སྤྱོད་པའི་བློ་ལ་མུན་པ་རུབ།།
ཅོལ་ཆུང་ཕྱོགས་ཞེན་བློ་ལ་ཉི་མ་ཤར།།
ཕྲག་དོག་དུག་ཆུས་སྨྱོས་པའི་དཔལ་རྡོར་གྱིས།།
མདའ་ནག་དེ་ཡིས་ཁ་བའི་བླ་སྲོག་བཀུམ།།