ཨ དོན་ཉི།
____གཞས་པ་ཨ་མཆོག་མགོན་པ་ོདོན་གྲུབ་ཀྱི་གཞས་ལ་ཉན་པ།
༡༽
སྙན་ཞིང་འཇབེས་པའི་དབྱངས་རྟ་མཁྲེགས་པོས།
རི་སྟེང་དང་རི་་ཤོད་དུ་འཁྱིལ་བའི།
སྨུག་པ་དུམ་ཅིག་དལ་བུར་གནམ་ལ་དེད།
ནགས་ཁྲོད་དང་སྤང་ངོས་སུ་ཡན་པའི།
མེས་པོའི་རོལ་དབྱངས་ཤིག་ག་ལེར་སྤྲིན་པར་བཏབ།
ད་དུང་སྒྱུ་རྩལ་གྱི་ཁམས་ན་འཕྱོ་བའི་དབུ་སྐྲའི་རྨ་ཁ།
དྲན་གདུང་གི་གླིང་ན་འབུར་བའི་རུས་པ་དཀར་པོ།
དབྱངས་ཁྲོད་ཀྱི་མཛེས་པ་དེ་ཚོ།
རྒྱང་རིང་ལ་གཏད་པའི་རྨི་ལམ་གྱི་བསླུ་བྲིད་སྐྲ་ལོར་བརྗོད་སྟངས་ཤིག
དབྱངས་ཁྲོད་ཀྱི་ཕག་རྒྱ་དེ་ཚོ།
ས་མཐའ་ནས་རྙེད་པའི་དེང་རབས་ཀྱི་རྣོ་སྦྲེང་སེམས་ཀྱིས་དཀྲོལ་སྟངས་ཤིག
༢༽
ཁོས་སྒྲ་སྙན་ཐོགས་ཤིང་ངག་རྟ་འགུག་དུས།
སྐྲ་ལོ་རལ་པོ་དེ། ཁ་བ་འཚུབ་འཚུབ་ཏུ་རླུང་ལ་བསྐུར་སྲིད།
ངོ་གདོང་སྨུག་པོ་དེ། ཕྲ་རྡུལ་སྤྲུག་སྤྲུག་ཏུ་དབྱངས་ལ་འདར་སྲིད།
རོལ་དབྱངས་ཀྱི་ང་རོ་དེ། མ་གཞི་ནས་དཔའ་གླུ་ཞིག་རེད་འདུག
སྒྱུ་རྩལ་གྱི་གྲིབ་གཟུགས་དེ། ཐོག་མ་ནས་རྡོ་རིང་ཞིག་རེད་འདུག
༣༽
ཕྱི་གླིང་པའི་གར་སྟེགས་སྟེང་འཐིབས་པའི་རླངས་པ་སོབ་སོབ་དེ།
བོད་པ་ཁྱོད་ཡིན་ནམ།
ནུབ་ཕྱོགས་པའི་སྡིངས་ཆར་འགྱུ་བའི་གློག་དམར་བཟི་བོ་དེ།
བོད་པ་ཁྱོད་ཡིན་ནམ།
ཕྱི་རྒྱལ་གྱི་རོལ་མོ་བ་ཚོས་བསྙད་པའི།
བོད་པ་དབྱངས་མཁན་དེ་ཁྱོད་ཡིན་ནམ།
ཁ་འཐོར་གྱི་བོད་མི་ཚོས་མཐོང་བའི།
སྒྱུ་རྩལ་གྱི་སྒྲེན་གཟུགས་དེ་ཁྱོད་ཡིན་ནམ།
༤༽
དབྱངས་ཀྱི་བཞུར་རྒྱུན་ལ་འདྲེས་པའི་ཁྱོད།
ཤར་ཕྱོགས་ནས་ནུབ་ལ་འཁྱམས་པའི་རྐང་གླིང་གྲུ་བཞི་འདྲ།
དེས་ནི་མུན་ནག་དལ་བུར་དཀྲོགས།
སྒྲ་སྙན་འབྲུག་མགོ་མ་ཁུར་པའི་ཁྱོད།
གངས་རི་ནས་རྒྱ་མཚ་ོབརྒལ་བའི་གནའ་བོའི་གཡོར་གྲུ་འདྲ།
དེས་ནི་ཆུ་བུར་ཧར་གྱིས་གཤགས།
རོལ་དབྱངས་ཀྱི་མི་ཚེ།
ཆུ་མོ་བདུད་རྩི་འདྲ་བའི་ཁ་ན་ཡོད།
སྒྱུ་རྩལ་གྱི་སྣང་རིས།
རི་བོ་སྒོམ་ལ་བཞུགས་འདྲའི་ཟོམ་ན་ཡོད།
༥༽
ཨ་མ་ཞིག་གིས་དབྱངས་དང་བཅས་ཏེ།
སྒྱེད་རྩ་ནས་རྫིས་པའི་རྩམ་རྡོག་སྣུམ་པོ།
ཨ་ཕ་ཞིག་གྱིས་དཔའ་དང་བཅས་ཏེ།
རྟའི་གོང་དུ་བསྐྱོན་པའི་སྤྲིན་དཀར་ལེབ་མོ།
ཁྱོད་ཀྱི་སྐྲ་ལོ། གནམ་ངོ་ཁྲོས་པ་འདྲ།
གཡུ་འབྲུག་གླལ་བ་འདྲ།
ཁྱོད་ཀྱི་གཞས་རྟ། སྤྲིན་དཀར་ཞོགས་པ་འདྲ།
ཆར་ཆུ་བརྒྱབ་པ་འདྲ།
༦༽
གླུ་ཡི་སྲས་པོ་ཁྱོད། དེ་ལྟ་དེ་ལྟར།
དབྱངས་ཀྱི་དཀྱིལ་ལ་ཙོག་ཅིང་།
གདངས་ཀྱི་ཁྲི་ལ་འཕགས་དུས།
རི་བྱའི་ཚོགས། ནམ་མཁར་བསྡད་དེ་ངལ་གསོ་བསྟེན།
ས་འགྲོ་དག གློ་རྡེག་བསྡད་དེ་རྣ་བ་བླགས།
༧༽
གློ་བས་བརྗོད་པའི་སྐྱིད་སྡུག་གི་དབྱངས་དེ།
སྐྲ་ལོས་ཁུར་པའི་ན་ཟུག་གི་གླུ་དེ།
བྱེ་མ་ནུར་བ་བཞིན་དུ།
དམའ་ས་ནས་མཐོ་སར་ཤུད་འོང་།
བཙན་ས་ནས་གཉོམ་སར་བྱེར་འོང་།
༨༽
སེམས་སྒྲ་གཞས་ལ་འགུག་པའི་གོ་རིམ་ཁྲོད།
ཁྱོད་ཀྱིས་རང་ཉིད་བོར་ཡོད།
མི་ཚ་ེགླུ་ལ་མཆོད་པའི་རྐང་རྗེས་ནས།
ཁྱོད་ཀྱིས་རང་ཉིད་རྙེད་ཡོད།
དབྱངས་ཀྱི་ཚིགས་མལ་ན། ཆུ་བོ་ལམ་ལམ་བཞུར།
སྐྲ་ལོ་གཡུག་ཕྱོགས་ན། མུན་ནག་གྲང་གྲང་འབབ།
༩༽
ཡབ་མེས་ཚོའི་སྲོལ་རྒྱུན་གྱི་དབྱངས་རྟ།
ནུབ་གླིང་དུ་བསྐྱལ་པའི་བོད་ཀྱི་གཞས་པ།
ཕྱི་རྒྱལ་པའི་དཀྲོལ་རྡུང་གྱི་རོལ་ཆ།
བོད་ཡུལ་ལ་འདྲེན་པའི་གླུ་ཡི་ཤིང་རྟ།
\༢༥\༡\༡༤ \