དུར་བྱང་།
དངོས་གནས་བཤད་ན། ཁོ་བོར་ཆབ་སྲིད་ཀྱི་གོ་རྟོགས་ཤིན་ཏུ་དམན་ཁར། ཆབ་སྲིད་དང་འབྲེལ་བའི་རྒྱུན་ཤེས་དེ་དག་ཀྱང་གཞན་དང་གཞན་ལ་བསྒྲགས་པའི་གསལ་ཆ་དང་འོས་བབ་ཤིན་ཏུ་ནས་ཕྲ་ལ། མཐའ་ན་རང་ཉིད་ཀྱི་བློ་ཁ་བདེ་བ་ཞིག་བརྗོད་པའི་སྤོབས་པའང་ཅི་བས་ཆུང་། དེ་ལྟ་ནའང་། ཟླ་གཅིག་ཟླ་གཉིས་ཤིག་གི་སྔོན་ནས། ཕྲན་པའི་ཉེ་འཁོར་ན་ཡོད་པའི་མྱི་དག་གིས་རྒྱུས་ཡོད་རྒྱུས་མེད་ཀྱི་སྐད་ཆ་མང་བོ་ཞིག་བཤད་ཀྱིན་འདུག་ཅེས་ཟེར་མོད། ཉིན་ཞག་ཟླ་འབྲེལ་གྱི་བྱ་བའི་བྲེལ་གསེང་ནས་ཁོ་བོས་གསལ་ལ་ངེས་པ་ཞིག་མ་ཐོས་ནའང་། མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ཟེར་བ་དེས་དགོངས་པ་ཞུས་པའི་ཚབ་ཏུ། རང་དབང་ཅན་གྱི་སྡེ་ཚན་དུ་གྲགས་པའི་འོས་བསྡུ་ལྷན་ཁང་གི་འགན་འཛིན་མཆོག་ལ་བར་མའི་འོས་བསྡུ་བྱ་དགོས་མིན་དང་འབྲེལ་བའི་བཅར་འདྲི་ཞིག་བོད་ཀྱི་དུས་བབ་དྲ་ཚིགས་ནས་མཐོང་། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དེ་དང་འབྲེལ་བའི་གསར་འགོད་གསར་བསྒྲགས་ཤིག་སྤེལ་འདུག་ལ། ཉིན་ཤས་སྔོན་ལའང་འོས་བསྡུའི་འགན་འཛིན་མཆོག་ལ་བསྐྱར་དུ་བཅར་འདྲི་ཞིག་གནང་འདུག་པ་བཅས་ལ་ཞིབ་ཏུ་བཀླགས་པ་ཡིན། ནན་གྱིས་བལྟས་པ་ཡིན།
བཀླགས་པའི་གོ་རིམ་དེའི་འོག་ནས། བདག་གི་མིག་ཟུང་འཁྲུལ་བ་མིན་ནམ་སྙམ་སྟེ། ལག་པས་འཕུར་འཕུར་བྱེད་བཞིན་ཐེངས་འགར་བཀླགས་པ་ན་དངོས་གནས་རེད་འདུག གོང་འོག་འགལ་འདུ་ཅན་གྱི་སྐད་ཆ་མང་བོ་ཞིག་མཐོང་ཡོང་བ་ནི་བདེན་པ་རེད་བཞག དེ་མ་ཐག་རྩོམ་ཡིག་ཅིག་མ་བྲིས་ཐུ་མེད་རེད་འདོད་དེ། རྒྱུ་ཆ་འགའ་འཚོལ་སྡུད་བྱེད་ཆེད་དྲ་ཚིགས་ཁག་ཉུལ་བ་ན། བོད་ཀྱི་དུས་བབ་དྲ་ཐོག་ཏུ་རྩོམ་མཁན་ག་གེ་མོ་ཞིག་གིས་འོས་བསྡུ་ལྷན་ཁང་གི་དྲི་བ་སྔ་ཕྱི་གཉིས་བསྡུར་ཏེ་བཀོད་འདུག་པ་དེ་གཞི་ནས་མཐོང་སོང་།
ད་ནི་བསྐྱར་ཟློས་ཀྱི་ངལ་བ་མ་བསྟེན་པར་དེ་གས་འཐུས་པར་བྱས་པ་ཡིན། ཡིན་ནའང་། གཞན་དང་གཞན་གྱིས་དོ་སྣང་ཕྲན་བུ་བྱེད་པའི་སླད་དུ་དཔེ་མཚོན་ཙམ་བཀོད་ན། བཅར་འདྲི་དང་བོའི་ནང་དུ། “འོས་བསྡུ་ལ་འགྲོ་སོང་ཆེན་པོ་ཞེ་དྲག་རེད། ཕལ་ཆེར་འོས་བསྡུ་ཆེན་མོ་དང་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད། འགྲོ་སོང་སྒོར་འབུམ་༢༡ ཙམ་རེད། གང་ཡིན་ཟེར་ན་འགན་འཛིན་ལས་འཕར་གཉིས་ལ་ཕོག་རྒྱག་དགོས་པ་རེད།”ཅེས་དང་།
བཅར་འདྲི་གཉིས་པའི་ནང་དུ “སྤྱི་ཚོགས་ནང་ཐེངས་འདིའི་བར་མའི་འོས་བསྡུར་འགྲོ་སོང་འབུམ་ཉི་ཤུ་ཞིག་ལབ་ཀྱི་ཡོད་པ་དེ་ཡང་ཏག་ཏག་བསྡད་ཡོད་པ་མ་རེད། འོས་བསྡུ་ཆེན་མོ་དང་བར་མའི་འོས་བསྡུ་གཉིས་ཀྱི་འགྲོ་སོང་འདྲ་ཡི་མ་རེད། དབུས་གཙང་སྤྱི་འཐུས་གཉིས་ཀྱི་བར་མའི་འོས་བསྡུའི་སྐབས་ལ་ཧིན་སྒོར་༨༦༡༠༠༩ ཙམ་ལས་ཕྱིན་ཡོད་པ་མ་རེད། ད་རེབ་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་ལའང་ཕལ་ཆེར་འབུམ་བདུན་བརྒྱད་ཅིག་ཡིན་རྒྱུ་རེད།”ཅེས་བཀོད་འདུག
ཀློག་པོ་དག་ཞིབ་ཏུ་གཟིགས་དང་། འགྲོ་སོང་འབུམ་ཉི་ཤུ་ལྷག་ལབ་མཁན་དེ་སྤྱི་ཚོགས་རེད་དམ། བལྟས་བལྟས་རིག་རིག་ལ་བསྙོན་པའི་སྐད་ཆ་འདིའི་རྒྱབ་ལྗོངས་ན། གཟུགས་མེད་ལྐོག་གྱུར་གྱི་གསང་བ་ཡ་མཚན་ཞིག་ཡོད་པ་མིན་ན་ཅི་ཡིན།?
ཕྱི་གསལ་ནང་གསལ་བྱོས། ད་དུང་བཅར་འདྲི་དང་བོའི་ནང་དུ་“བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་ཁ་ཁ་འདྲ་བོ་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་སྤྱི་འཐུས་ཚོགས་གཞོན་མཆོག་ལ་བཀའ་འདྲི་ཞུས་པ་ཡིན།”ཞེས་བཀོད་འདུག
ལྟོས་དང་། ཁྲིམས་བཟོ་ལྷན་ཁང་ལ་བཀའ་འདྲི་ཞུས་པ་དེ་དོན་དངོས་ཐོག་དམངས་གཙོའི་འགྲོ་ལུགས་རེད་དམ། བཅའ་ཁྲིམས་སུ་འཁོད་པའི་དོན་ཚན་དག་ལ་འདི་དང་འདིའོ་ཞེས་འགྲེལ་བཤད་བརྒྱབ་ཆོག་པའི་བདག་དབང་དེ་སུ་ཞིག་གིས་སྤྲད་པ་རེད་དམ།
དེ་ནི་སྒེར་གཅོད་པའི་བྱ་སྤྱོད་ཅིག་ཡིན་སྐད་འདུག་ན། མཁྱེན་ལྡན་གཟུར་གནས་དག་གིས་གསལ་འདེབས་བྱ་རྒྱུའི་དགོས་པ་མི་ཆུང་སྙམ། ཞོར་དུ་ཚིག་རིས་སྤུ་ཏོག་ལ་དགའ་ཞིང་གཞན་གྱི་ཟེར་སྒྲོས་ལ་མོས་པའི་མྱི་བྱབ་ཆུང་དག་གིས་ཀྱང་བལྟ་ཙམ་གནང་རོགས་ཞེས་པ་དེའོ།།
ལར་རང་དབང་དྲང་སྙོམ་གྱི་འོས་འདེམས་བྱ་རྒྱུ་ནི་དམངས་གཙོའི་ལམ་ལུགས་སུ་མེད་ཐབས་བྲལ་བའི་རྩ་དོན་ཞིག་ཡིན་པ་རེད། ཤིན་ཏུ་གལ་ཆེ་བ་ནི། འོས་འདེམས་བྱེད་པའི་སྐབས་སུ་གཞུང་གི་ངོས་ནས་སུ་ལའང་འོས་འདེམས་སུ་ཞུགས་པར་འགལ་རྐྱེན་གཏན་ནས་བཟོ་མི་རུང་བ་ཡིན། “འོས་འདེམས་ནི་དུས་བཅད་ལྡན་པའི་ངང་ནས་བསྒྲུབ་པར་བྱ་བ་ཡིན་ལ། དབུལ་ཕྱུག་གི་ཁྱད་པར་དེ་སྤྱི་དམངས་འོས་འདེམ་ལ་ཞུགས་པའི་འགལ་རྐྱེན་དུ་ཆགས་མི་རུང་བ་དང་། སྲིད་གཞུང་གི་ངོས་ནས་ཀྱང་འགལ་རྐྱེན་གྱི་བྱ་བ་གང་ཡང་བསྒྲུབ་མི་རུང་ངོ་། །” དམངས་གཙོར་ཁས་འཆེ་བ་དག་གིས་བླ་ན་མེད་པའི་རྩ་དོན་འདི་དུས་ནས་དུས་སུ་མ་བརྗེད་པར་གྱིས།
མིའི་རིགས་ལ་དམངས་གཙོ་ཟེར་བའི་ལམ་ལུགས་འདི་ཇི་ལྟར་དར་མིན་ནི་གུད་དུ་བཤད་པར་འོས་པ་ལས་ཞོར་དུ་བསྙད་པ་ཙམ་གྱིས་ཡང་སྙིང་རྟོགས་མིན་མི་ཤེས་མོད། མ་གཞི་ནས་འདི་ལྟ་བུའི་གལ་ཆེ་ལ་དགེ་མཚན་བརྗོད་པས་མི་ལོང་བ་དག་ནི་རླབས་ཆེ་བའི་སྐྱེས་ཆེན་དག་གིས་ཁྲག་དང་རྔུལ་ཆུའི་ངལ་རྩོལ་རྩུབ་པོ་ཞིག་ནས་འགོ་བརྩམས་ཤིང་། རྣམ་ཤེས་རི་རིབ་འདྲ་བ་ཞིག་དུར་ཁྲོད་དུ་བརྫངས་ཏེ་མཇུག་སྐྱོང་བའི་གོ་རིམ་དེའི་འོག་ཏུ། གཞི་ནས་དམངས་གཙོ་ཟེར་བའི་སྲིད་ལུགས་འདིར་འབྲས་བུ་སྨིན་ཞིང་ལོ་འདབ་རྒྱས་ལ། དེང་སང་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཡིན་ནོ་དག་ཕལ་ཆེ་བ་ན། སྲིད་ལུགས་འདིའི་བསྟན་པ་ཤིན་ཏུ་དར་ཞིང་རྩ་བ་རབ་ཏུ་བརྟན་པར་གྱུར་ནས་ཡོད། ཁྲག་དྲོན་གྱི་བརླན་གཤེར་ལས་གཙང་དག་ཏུ་བཏང་བའི་སྲིད་ལུགས་གལ་བོ་ཆེ་འདི་ནི་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ངང་ནས་རྡོག་བརྫིས་མ་གཏོང་རོགས།
ཤིན་ཏུ་གཟབ་པར་གྱིས། “དམངས་གཙོའི་སྤྱི་ཚོགས་ནི་ཆབ་སྲིད་དང་རིག་གནས་ཀྱི་ཆ་ནས་དཀྱེལ་ཡངས་ལྡན་པ་ཞིག་ཡིན། ནམ་རྒྱུན་མི་མང་ཕྱོགས་ཀྱི་འདོད་ཚུལ་ལ་རྒྱལ་ཁ་འཐོབ་ཀྱི་ཡོད་པ་བདེན་ཏེ། མི་ཉུང་ཕྱོགས་ཀྱི་ཐོབ་ཐང་དང་བསམ་འཆར་ལ་ཡང་སྲུང་སྐྱོབ་བྱེད་པས། གོ་གནས་མི་ལྡན་པའི་སྐྱེ་བོ་རང་ག་པ་དག་ལ་ཡང་སྲིད་དོན་གླེང་བརྗོད་བྱེད་རྒྱུ་དང་། སྲིད་དོན་ལ་ཞུགས་རྒྱུའི་ཐོབ་ཐང་དང་རང་དབང་ལྡན་པ་ཡིན་ནོ། །” འོ་སྐོལ་ཚོས་ཀྱང་གསོལ་རས་སུ་གྱུར་བའི་དམངས་གཅོའི་ལམ་ལུགས་འདི་ལ་ཤིན་ཏུ་གཙིགས་ཆེན་བྱེད་བཞིན་པའི་རྣམ་འགྱུར་དེ་གཞི་དང་རྨང་དང་རྩ་བར་བཟུང་སྟེ། ཕྲན་གྱིས་འཆད་འདོད་པའི་སྐད་ཆ་དམར་དམར་པོ་འདི་ལྟ་སྟེ། འོག་ཏུ་བསྙད་པར་བྱའོ།།
བྱེ་བྲག་སྤྱི་ལ་ཁྱབ་པའི་ཚུལ་དེ་རྟོགས་པར་གྱིས། འུ་བུ་ཚོ་ལ་ཕལ་ཆེར་རིག་གནས་སྣ་མང་ལ་ལོངས་སྤྱོད་ཀྱི་ཁོར་ཡུག་མེད་པས་ཀྱང་ཡིན་སྲིད། ཆོས་ལུགས་སྣ་མང་ལ་འགྲོགས་འདྲིས་ཀྱི་གོམས་གཤིས་དབེན་པས་ཀྱང་ཡིན་ངེས། གང་ལྟར་ཡང་། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་བསམ་ཚུལ་ལ། ལས་རིགས་གང་དུ་ཞུགས་ཀྱང་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ནི་དད་པ་ཡིན་པར་སྙམ་གྱིན་པ་འདྲ་མོད། དེ་འདྲ་མ་རེད། དངོས་གནས་མ་རེད། དད་པ་ནི་མི་སྒེར་ལ་དབང་བའི་དངོས་པོ་ཞིག་ཡིན་པ་ལས། མི་རིགས་ག་གེ་མོ་ཞིག་དང་ཚོགས་སྤྱི་ཆེ་གེ་མོ་ཞིག་ལ་ངེས་པར་དུ་ཁྱབ་དགོས་ལ། ཁྱབ་པ་ལྟར་སྤྱི་དམངས་སུས་ཀྱང་ཐེག་དགོས་པའི་ཁྲིམས་ལུགས་ལྟ་བུ་ཞིག་ཁྱོན་ནས་མ་རེད། ཡི་གེ་འདི་མཐོང་ཙ་ན། མི་ཤེས་པ་དག་གིས་འུར་སྒྲོགས་མ་བྱེད། དེ་ནི་བླུན་ཞིང་རྨོངས་པ་དག་གིས་བློ་ངོར་ཤོང་བའི་སྐད་ཆ་སྙན་པོ་དེ་འདྲ་མིན་པ་ཁོ་བོས་སྔ་མོ་ནས་བློ་ཡིས་རྟོགས་ཤིང་སེམས་སུ་ཆུད་ནས་ཡོད།
མཚམས་འདི་ནས་ཕྲན་པས་ཁྱེད་དག་ལ་གནའ་གཏམ་ཞིག་འཆད་པར་བྱ། “ཨ་རིའི་གྲོང་ཁྱེར་ག་གེ་མོ་ཞིག་ན་མི་ཚང་ཞིག་ཡོད། ཁོང་གཟའ་ཟླ་གཉིས་ལ་བྱིས་པ་གསུམ་ཡོད་སྐད་འདུག ཁོང་གསུམ་གྱིས་དད་པ་བྱེད་ཡུལ་ནི་ཐ་དད་པའི་ཆོས་ལུགས་གསུམ་རེད། ནང་པ་དང་། ཁ་ཆེ། ཡེ་ཤུའི་ཆོས་ལུགས་གསུམ་ལ་དད་པ་བྱེད་ཀྱིན་ཡོད། ཁོང་གསུམ་གྱི་ཆོས་ལུགས་དང་ཕྱག་འཚལ་ཡུལ་གྱི་སྟོན་པ་མི་གཅིག་ནའང་། སྤུན་མཆེད་བར་གྱི་བརྩེ་བ་ནི་ཧ་ཅང་ཟབ་ལ། ཉོག་དྲ་ཅི་ཡང་མེད་པར་ཕན་ཚུན་དགའ་སྤྲོའི་ངང་འཚོ་བ་རོལ་བཞིན་ཡོད”ཟེར། དྲང་མོར་བཤད་ན། འདི་ནི་གནའ་གཏམ་མིན། དོན་དངོས་ཡིན་པའི་གནས་ཚུལ་འདིས་ཅི་ཞིག་ར་སྤྲོད་བྱེད་བཞིན་ཡོད་དམ།
མ་གཞི་ནས་དད་པ་ཟེར་བ་ནི་མི་སྒེར་གྱི་གནད་དོན་ཞིག་ལས་ཚོགས་སྤྱི་དང་རིགས་སྤྱི་གང་ལའང་འབྲེལ་བ་མེད་པ་དེ་གཏིང་ནས་ཟབ་ཏུ་བཀྲལ་བཞག་མི་འདུག་གམ། ཡང་སྙིང་ནི་ང་ཚོར་འདི་ལྟ་བུའི་གུ་ཡངས་ཀྱི་ཁོར་ཡུག་ཅིག་དང་མི་སྒེར་གྱི་བསམ་བློའི་རང་དབང་ལ་ལོངས་སུ་སྤྱོད་ཆོག་པའི་གོ་སྐབས་ཤིག་ཤར་ན་སྐྱིད་པ་ལ་ཨང་ཟེར་བ་དེ་ཡིན། རང་ཉིད་གང་ཞིག་ལ་དགའ་བ་དང་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། གཞན་དང་གཞན་ལའང་དད་མོས་བྱ་དགོས་ཞེས་པའི་བཙན་གཏམ་དང་སྒེར་གཅོད་ཀྱི་བྱ་སྤྱོད་དེ་དག་སྐད་ཅིག་ཉིད་ལ་སྤང་ཐུབ་ན་དགའ་བ་ལ་ཨང་སྙམ་པ་དེའོ།།
སྐད་ཆ་འདི་ལྟར་འཆད་སྐབས། མང་བོ་ཞིག་གིས་འུར་སྒྲོག་ཅིང་གཞོགས་ལངས་ཏེ་བདག་གི་སེམས་སུའང་ཤར་མ་མྱོང་བའི་ཉེས་མེད་ཉེས་འགེལ་གནམ་ལ་མི་ཤིང་བ་རེ་བྱ་སྲིད་པ་རེད། རྒྱུ་མཚན་ནི། འུ་ཅག་དེ་ལ་གོམས་ཤིང་མོས་པ་ལྷག་པར་ཟབ་པས་ཡིན། དེའང་མི་སྐྱོན། ཁོ་བོས་ཨ་ཚོགས་ཀླུ་མཁར་བྱམས་ལ་དད་པ་མི་འདུག་ཅེས་ཟེར་བ་མིན། ཁོ་ལ་དད་པ་ཡོད་ཀྱང་ཆོག་ལ་མེད་ཀྱང་བླ། དེ་ནི་དེ་ཙམ་གྱིས་འཇིགས་སུ་རུང་བའི་གནད་དོན་ཞིག་མ་ཡིན། རྒྱུ་མཚན་གོང་དུ་སྨོས་ཙམ་བྱས་པ་དེ་ག་ཡིན།
བདག་གིས་ཐག་བཅད་ནས་འཆད་ཕོད་པ་ཞིག་ལ། ཨ་ཚོགས་ཀླུ་མཁར་བྱམས་ལ་ཕྱི་ཚུལ་བཅོས་མའི་དད་པ་མངོན་གྱུར་བ་དེ་དག་མི་འདུག དངོས་གནས་མི་འདུག དེའི་སྟབས་ཀྱིས་ཉེས་པ་རི་ལས་ལྕི་བ་དེ་འདྲ་བསགས་ཡོད་ན་ནི་ཕྲན་པས་རྦད་དེ་ཤེས་ཀྱི་མེད། དོན་དངོས་ཐོག་རང་གི་ཁེ་ཕན་གྱི་སླད་དུ་ཐལ་མོ་སྦྱར་བའི་ཚུལ་འཆོས་དགོད་བྲོ་བ་དེ་ལས་ལྡོག་སྟེ། བཅོས་མིན་གྱི་དད་པ་རྣམ་དག་ཅིག་སུ་ལ་ཡོད་མེད་ད་དུང་གཞི་ནས་བལྟ་དགོས་ཡོད། གཞན་དང་གཞན་རྩེད་ཆས་བྱས་ཏེ་རང་ཁ་གསོ་བཞིན་པའི་བྱ་སྤྱོད་སྐྱུག་བྲོ་བ་དེ་འདྲ་སྐུ་ཞབས་ཀླུ་སོགས་ལ་ནམ་ཞར་ཡང་ཡོད་ཚོད་མིན། ཕྲན་པས་དད་པ་དང་འབྲེལ་བའི་སྐད་ཆ་མང་ཙམ་འཆད་དོན་ནི། ཁོར་ཡུག་འདིའི་ཉོག་དྲ་ཕལ་མོ་ཆེ་ནི་མི་ཕྱེད་པའི་དད་པ་ལས་བྱུང་བ་ཡིན་མིན་ཅི་ཆ་སྟེ། ཕྱི་ཚུལ་གྱི་བཅོས་མའི་དད་པ་ཞིག་དང་དམ་དུ་འབྲེལ་འདུག་པའི་བསམ་བློ་ནར་མ་ཞིག་གིས་ཀུན་ནས་བསྐྱེད་པ་ནི་བཤད་ཅི་ལ་དགོས།
གཞན་དུ་ན། མང་བོ་ཞིག་གིས་གཞུང་ལ་ཁ་གཏོང་བ་ནི་ཤིན་ཏུ་ནས་ནག་ཉེས་ཆེ་ཆེ་འདྲ་ཞིག་སྣང་གྱིན་པ་འདྲ། མ་གཞི་ནས་གཞུང་ལ་སྐྱོན་བརྗོད་དང་ཐེར་འདོན་བྱེད་པ་ནི་དམངས་གཙོའི་མཚོན་རྟགས་བླ་ན་མེད་པ་ཞིག་ཡིན་ཙ་ན། ཆ་དེར་སྙིང་ལོངས་སྟོད་ལ་འཚང་ཞིང་ཡི་ཆད་ཀྱིས་སྨྲེ་ངག་འདོན་དགོས་དོན་ཨེ་ཡོད་སྙམ། ཞིབ་ཏུ་དཔྱོད། སྤྱིར་ན། ཚོགས་པ་དང་སྒྲིག་འཛུགས་གང་ཞིག་ཡིན་ནའང་དེ་དང་དེའི་སྐྱུག་བྲོ་བའི་བྱ་སྤྱོད་དག་ལ་དགག་རྒྱག་དང་ཐེར་འདོན་བྱས་པའི་གོ་རིམ་ངེས་ཅན་ཞིག་གི་འོག་ནས། ད་གཟོད་སྤུས་གཙང་གི་ངོ་བོར་གྱུར་བ་ནི་ལོ་རྒྱུས་ཀྱི་གཏན་ཚིགས་ཡིན་པ་རེད། མ་གཞི་མཁས་བརྒྱ་མགྲིན་གཅིག་དབྱངས་གཅིག་ཏུ་གྱུར་བ་ནི་ཡག་རྟགས་ཤིག་མ་ཡིན་ལ། དེ་ལས་ལྡོག་སྟེ་སྒེར་གཅོད་པའི་སྤྱི་ཚོགས་ཤིག་ལ་གཡབ་མོ་བྱེད་ཀྱིན་པའི་རྟགས་མཚན་ཡིན་པར་སྐད། ཞིབ་ཏུ་སོམས།
ཧ་ཅང་ཉེན་ཁ་ཆེ་བ་གཞན་ཞིག་ནི། ང་ཚོའི་སྤྱི་ཚོགས་འདི་ལ་ཤེས་ཡོན་པ་སྐྱེད་སྲིང་བྱེད་པའི་གོམས་གཤིས་ཡེ་ནས་མེད་ལ། རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་ཉི་ཚེ་བ་ཞིག་ལ་མགོ་རྨོངས་ཏེ་འགྲོ་བཞིན་པ་ནི་ཤིན་ཏུ་ཉེན་ཁ་ཚ་བོ་རེད། “གཞན་ལ་བཤད་པའི་སྐད་ཆ། ཐོག་མར་རང་ལ་བཤད་དགོས”ཟེེར་བའི་རྨད་དུ་བྱུང་བའི་ལེགས་བཤད་འདི་ཉམས་སུ་ལེན་དགོས་པའི་མྱི་ཆེན་མང་བོ་ཞིག་ཡོད་པ་འདྲ་མོད། སྐབས་དོན་དང་ཆེས་ཆེར་མི་འབྲེལ་སྙམ་སྟེ་དོར་བ་ཡིན། གལ་སྲིད་དགེ་མཚན་ལྷག་པོ་དེ་འདྲ་ཡོད་སྙམ་ན་སྐབས་རྗེས་མར་འབྲི་རྩོམ་བྱ་དགོས་ཀྱང་དེ་ཙམ་རྒྱུ་ཆས་སྟོང་འགྲོ་བའི་སེམས་ཁྲལ་གཞར་ཡང་མེད།
འོ་རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་འགའ་ཧ་ཅང་བསྡུས་པའི་ཚུལ་དུ་བརྗོད་པ་ན། གློ་བུར་གློ་བུར་དུ་ཕྱི་ཚུལ་ནས་བཅོས་མའི་དད་པ་དང་ལྷད་མའི་ཡིད་ཆེས་ཤིག་ཡོད་མདོག་གི་རྣམ་འགྱུར་རྫ་ནེ་རྫུན་ནེ་ཞིག་མ་བསྟན་ན། གནས་ལུགས་ཀྱི་སྐད་ཆ་དང་དངོས་ཡོད་ཀྱི་དཔེ་མཚོན་ཅི་ཙམ་འཆད་རུང་། སྤྱི་ཚོགས་འདིའི་མིག་མདུན་ནས་ནམ་ཞར་ཡང་ཐར་མྱོང་མེད་པ་ནི་རབ་ཏུ་བདེན་ནོ།། དངོས་ཡོད་དང་མཐུན་པའི་བསམ་གཞིག་འདི་དག་གིས་སྙིང་ཁར་གྲི་བཙུགས་ཀྱང་སྐད་མི་ཤོར་ཟེར་མཁན་དག་ལའང་ཞེད་སྣང་དང་དངང་སྐྲག་སྐྱེ་རུ་བཅུག་པ་ཉུང་ཉུང་མིན་གྲང་། རྒྱུ་མཚན་ནི་བདེན་པ་དང་དངོས་ཡོད་ལ་རྡོག་བརྫིས་བཏང་བ་ནི་སྙིང་ཁར་གྲི་བཙུགས་པ་ལས་ཀྱང་ན་ཟུག་བཟོད་དུ་མེད་པའི་སྟབས་ཀྱིས་རེད་པས། བསམ་བློ་ཐོངས།
ད་ནི་གསལ་འདེབས་ཤིག་དང་མཉམ་དུ་སྐད་ཆའི་མཇུག་བསྡུ་བར་བྱ་སྟེ། ངས་ནི་ཨ་ཚོགས་ཀླུ་མཁར་བྱམས་ཁོ་ནས་རྒྱབ་ཏུ་ལངས་ཏེ་སྐད་ཆ་བཤད་པ་མིན་ལ། སྤྱི་དང་སྒེར་གྱི་བར་སྟོང་ལས་འཕྲོས་པའི་ཚིག་འགའ་ཐད་གར་བཤད་པ་ཙམ་དུ་ཟད། ཡང་གཅིག་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་ཡག་རབས་དང་བཟང་རབས་ཀྱིས་གནམ་ལ་འཕུར་དུ་བཅུག་མེད་ལ། དམ་ཉམས་དང་ཞབས་འདྲེན་ཟེར་ནས་ལྐུགས་པའི་རྗེས་འདེད་དེ་བས་ཀྱང་བྱས་མེད། མ་གཞི་ནས་ཨ་ཚོགས་ཀླུ་མཁར་བྱམས་དང་ངེད་གཉིས་འགྲོགས་འདྲིས་ཟབ་པའི་གྲོགས་པོ་དེ་འདྲ་ཡང་མིན། མི་སྒེར་གྱི་ལྟ་ཚུལ་དང་མོས་ཕྱོགས་མི་འདྲ་རུང་། བགྲེས་པོ་ཧྥུར་ཐེ་ཡིས་བཤད་པ་ལྟར། “ཁྱོད་ཀྱི་ལྟ་ཚུལ་ལ་ང་འཐད་པ་མིན་རུང་། ཁྱོད་ཀྱིས་རིང་ལུགས་འདོན་པའི་དབང་ཆ་ལ་ངས་རང་གི་གཅེས་སྲོག་ལྟར་སྲུང་སྐྱོབ་བྱེད་ངེས་ཡིན”ཟེར་བ་བཞིན། ཕན་ཚུན་ལ་བརྩི་བཀུར་གྱི་སྦྱོར་བ་ལྷུར་ལེན་པའི་སྤྱི་དམངས་བྱེ་བྲག་པ་གཉིས་ཡིན།
སླར་ཡང་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་གལ་སྲིད་སྤྱི་འཐུས་སུ་ཐོབ་པ་ཡིན་ནའང་། དམིགས་བསལ་གྱི་ལས་ཀ་ཞིག་བྱ་ཡོང་སྙམ་པའི་རེ་དོགས་ཀྱང་མེད་མོད། འུ་ཚང་གིས་བྱེད་སྟངས་འདི་བློ་ངོར་མ་འཐད་པའི་རྣམ་འགྱུར་ཙམ་བསྟན་པ་དེ་ག་ཡིན། དགྲ་བོ་ལ་འཐམ་རྩོད་བྱེད་སྐབས་“ཟོལ་གྱིས་བཅོས་པའི་འཛུམ་དམངས་ཤིག་དང་དབུགས་ཀྱིས་སྦོས་པའི་དཔའ་ཉམས”ཙམ་གྱིས་ཅི་ཡང་མི་འགྲུབ་པའི་གནས་ལུགས་དེ་ཞོར་དུ་ངོ་སྤྲད་པ་ཙམ་ཡིན་ལགས།
དམིགས་དོན་ཞུ་བྱ་ནི། ངས་བྲིས་པའི་རྩོམ་ཐུང་འདི་མཐོང་སྐབས་འུར་བཤད་དང་དཀྲོག་གཏམ་ལ་དགའ་བའི་མྱི་དག་གི་རྣ་བར་ཅུང་གཟན་པ་ཞིག་ཡིན་ན་ཐང་མོད། དེ་ནི་སྔ་མོ་ནས་བདག་གིས་ཚོད་དཔག་བྱས་ཟིན་པས། ཅི་ཞིག་སྨྲ་འདོད་རུང་ཁྱེད་དག་ལ་བདག་དབང་ཡོད་ཅེས་ཟེར་བ་ཡིན།
ནན་གྱིས་ཞུ་འདོད་པ་ནི། རྩ་དོན་ནམ་སྤྱི་དོན་ཞིག་གླེང་ཞིང་བགྲོ་བའི་སྐབས་སུ་གནད་དོན་གང་དེ་གཞི་ལ་བཞག་སྟེ་གཏན་ཚིགས་དང་དངོས་ཡོད་ལ་བདེན་ཁ་སྟེར་འོས་པ་ལས། དོན་མེད་མི་གཞི་དམའ་ཕབ་པའི་ཚིག་གི་རོ་མ་དག་ཆེས་ཆེར་སྤུངས་ཤིང་། ཁྱོད་དཔའ་ང་དཔའ་ཞེས་པའི་ཁ་ཕོ་དག་རིག་གནས་ཀྱི་ཁོར་ཡུག་ལ་རྦད་དེ་མི་འཛའ་བ་ཤེས་པར་གྱིས། དེ་ལས“བླུན་པོས་སྨྲ་བ་ཉུང་ན་མཛེས”ཞེས་པའི་རྣམ་ཐར་འདི་སེམས་སུ་བསྡུས་དང་ཁེ་བཟང་དེ་ན་ཡོད་ཟེར་བའོ།། དེ་མིན་བླུན་རྨོངས་དག་གི་དཔྱོད་ཤེས་ཉམ་དམའ་བ་དེ་ཡིས་ཅི་ཡང་རྔོ་ཐོགས་པ་མ་ཡིན་ནོ། །
མཐར་ཞུ་འདོད་པ་ནི། བསླབ་པའི་དུས་སུ་སློབ་པ་གལ་ཆེ་བ་ལས་བཤད་པ་གལ་མི་ཆེ་བ་ཡང་ངས་ཤེས་ཡོད་མོད། ཤེས་པ་སྣང་མེད་དུ་བཞག་པའི་དགོས་དོན། གནད་འདི་འུ་ཅག་ཐུན་མོང་གིས་ཅུང་ཙམ་གླེང་ཐུབ་ན་དགེ་མཚན་ཆེ་སྙམ་སྟེ། རང་ཁ་བཙུམ་ནས་འདུག་མ་བཟོད་པ་ཡིན།
ཞོར་དུ་ཨ་མདོ་བ་ཚོས་ཅིག་ཅིག་བྱེད་དགོས་དང་ཉིག་ཉིག་བསྒྲུབ་དགོས་ཞེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་མཁན་དག་ལ་ཡང་། ཁ་བདག་མེད་ནང་ནས་ཚིག་ཚོད་མེད་མ་བརྗོད་རོགས་ཞུ་དགོས་ཡོད། དངོས་གནས་ང་ཚོའི་ཅི་ཞིག་བྱ་དགོས་མིན་གྱི་སྐད་ཆ་རློན་པ་དག་ཡིག་ཐོག་ཏུ་དགོད་པར་རེ་བས་བསྒུག་ཡོད། དེ་མིན་ཁྱེད་དག་གི་རྣམ་འགྱུར་དེའང་ཅི་ཞིག་ཡིན་གྲང་ཆ་མ་འཚལ། ང་ཚོའི་སྤྱི་ཚོགས་འདི་ལ་མ་གཞི་ནས་རྩེད་མོ་རྩེད་རྒྱུར་ཐུགས་མཉེས་པོ་ཡོད་པས་ཁྱེད་དག་ལའང་དེའི་དྲི་མ་བགོས་པ་ཡིན་སྲིད།
2014.1.29 དགོང་མོར་རང་ཤག་ཏུ་བྲིས་པ་ཡིན།
ཡོད་གི་་་བཤད་ཡོད་གི་་་་ཉམས་ལའང་བཞག་ཡོད་གི་་་་་དཔོན་པོ་གན་ཚོར་ཡང་བརྡར་འདུག་་་་་རྨོངས་རྒན་དཀྱུས་མ་ཚོ་ལའང་བརྡར་འདུག་་་་་མ་ཟད་ཞོར་དུ་སྨྱུག་ཐོགས་པའི་མིང་འཛིན་པའམ་དྲ་འབུ་ཕྱོགས་རིས་ཚོར་ཡང་བརྡར་འདུག་་་་་་ད་ཐེངས་ད་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་ཚང་མར་རྩུབ་བརྡར་ཞིག་བྱས་འདུག་་་་་འོན་ཀྱང་བོད་པ་ཚོ་རྩུབ་བརྡར་ལ་གོམས་འདུག་པས་ལྷོད་ལྷོད་ཡིན་ནི་རེད་་ལོ
ཁག་ཅིག་ལ་ལེགས་སོ་ཟེར་དཀའ་མོད་་་མ་གཞི་ཡག་ཐག་ཆོད་བྲིས་གནང་འདུག་་་་བཀའ་དྲིན་ཆེ།
བཀའ་དྲིན་ཆེ། སྤྱི་ཚོགས་ལ་འགན་ཁུར་བའི་སྐད་ཆ་བཤད་འདུག། ཀླད་སྟོང་ཚང་མ་རྨོངས་གཉིད་ལས་ཅུང་ཙམ་བསད་པའི་རེ་བ་ཆེ།
ད་ལྟའི་ལོ་གསར་འདི་ཨམ་མདོ་བ་ཚོར་མཚོན་ན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་དགུང་ལོ་བརྒྱ་ཅུར་བཞེས་བའི་ལོ་གསར་ཡིན་པས། ༧རྒྱལ་བ་མཆོག་གི་སྐུ་ཚེ་ཡུན་རིང་གནས་བ་དང་། མཛད་རྗེས་བྱམས་སྐྱོང་ལ་གུས་གསོལ་བྱེད་བཞིན། ཚང་མོས་དགའ་དགའ་སྤྲོ་སྤྲོའི་ངང་གྱ་བསྟོན་གྱི་བསྟོན་མོ། རང་ཁྱིམ་གྱི་རྒྱལ་བའི་སྐུ་དཔར་མདུན་དུ་གཏོང་བཞིན་པའི་སྒང་རེད་ཟེར། ངས་ཡང་ཆང་ཞིག་མཐོང་བཞིན། གླུ་ཞིག་འགུག་བཞིན། སྐྱིད་པོ་བྱས་ནས་བསྡད་ཡོད། ཁྱེད་དྲ་གྲོགས་ཚོས་ཅི་བྱེད་ཀྱིན་ཡོད་དམ།
རྙོག་དྲ་འདིའི་འགོ་ཁུངས་རྒྱལ་བ་རིན་པོ་ཆེ་ལ་ཐུག་ཡོད་པས། ད་དགའ་ལྡན་ཕོ་བྲང་གི་ངོས་ནས་གསལ་བཤད་ཅིག་གནང་རན་མེད་དམ།
བློ་གཟུ་བོར་གནས་པའི་སྐད་ཆ་རེད། དུར་བྱང་ལགས་ལ་གློ་བ་ཉེ།
བམ་ཀློག་ཅིག་བྱས་ཡིན། གནས་ལུགས་ཀྱི་སྐད་ཆ་མང་པོ་བཤད་འདུག ཁ་དྲོ།
འདི་ན་ཡང་གཅིག་ཕྲག་དོག་གིས་མེ་འབར་གྱིན་འདུག། དང་པོ་སོ་སོས་ག་ཚོད་ཅིག་འབྱོན་གྱིན་ཡོད། དེ་ནས་མི་ལ་སྐད་བཤད་དགོས་རེད་ད་གྲོགས་པོ།
ད་ཡར་མར་མང་བོ་ལབ་ནས་ཡོང་ཡ་ཅིག་མི་འདུག པཎ་ཆེན་རིན་པོ་ཆེ་ལ་བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་ཞིག་བྱེས་སྡོད་བཀྲ་ལྷུན་དགོན་དང་པཎ་ཆེན་གཞུང་ལས་ཁང་གིས་བསྡུ་དགོས་པའི་ཁར། རྒྱལ་བ་རིན་པོ་ཆེ་ཡིས་མཚོན་པའི་དགེ་ལུགས་བླ་སྤྲུལ་ཁག་དང་། ཀརྨ་པ་ཡིས་དབུས་པའི་བཀའ་རྒྱུད་བླ་སྤྲུལ་ཁག་དང་། དེ་མིན་ས་སྐྱ། རྙིང་མ། ཇོ་ནང་བཅས་ཀྱི་དབུ་ཁྲིད་ཆ་ཚང་དང་བླངས་ཀྱིས་ཕེབས་པར་འབོད་བསྐུལ་བྱེད་རན་འདུག གཅིག་བྱས་ན་དེ་དུས་གནད་དོན་ཁག་ཅིག་གསལ་ཁ་བཀྲོལ་ཐུབ་པ་འདྲ།
སྐད་ཆ་ཆེན་པོ་མ་བཤད། ཐབ་ཀར་འགྲོག་ན་གྲིབ་ནག་དང་། མཆོད་རྟེན་ལ་འགྲོག་ན་སྐ་རག་ཡིན་ནི་རེད། རྒྱ་དང་འགྲོག་ན་རྒྱ་ཞད་ལོས་ཡོད། རྒྱ་མི་ཁ་ཚང་ཅིག་ལ་བསྡུར་ན་གསེར་ན་གསེར་ཡིན་ནི་རེད། ཡིན་ན་ལས་་་་་་་
ཨ་མདོ་བླ་མ་ཟེར་བའི་ཁྱེད་ཁ་ནང་ལ་དོལ་རྒྱལ་གྱི་འབུ་ལུ་རྒྱོབ།
དྲན་དཀར་དཔལ་ཡོན་ལགས་འཇིག་སྔངས་ཁྲོད་ལྷུང་འདུག ཕལ་ཆེར་ཨ་མདོའི་ཚོང་པ་ཚོར་ཕོག་ཡོད་པ་འདྲ། དེ་ཧ་ཅང་གི་བཟང་གི