ཟླ་བ་ཆོས་གྲགས།
ལས་འཕྲོ།
སྔོན་བསགས་ལས་ཀྱིས་དལ་འབྱོར་མི་ལུས་ཐོབ། །
བསོད་ནམས་ལྡན་པས་ཆོས་ལྡན་བོད་ལ་སྐྱེས། །
དུས་ཀྱི་དབང་གིས་མཁོ་དགོས་སྣ་ཚོགས་འཛོམས། །
ཨ་མའི་དྲིན་གྱིས་ལུས་ཟུངས་བདེ་བར་མཆིས། །
གཟུགས་པོ།
ཚོན་པོ་ཤ་མཐུག་ལྟོ་བ་འབུར་དུ་ཐོན། །
མིག་ཟུང་ཆུང་ལ་སོ་སེར་རྣོ་བའི་དབྱིབས། །
གདོང་ལ་སྣུམ་ཆགས་སྔོ་བའི་མདངས་ལྡན་པ། །
ལུས་ཀྱི་བོངས་ཚད་བོད་མི་ཕལ་པ་ཞིག །
གཤིས་ཀ།
གདོང་ལ་འཛུམས་མེད་ཁྲོ་བའི་ཉམས་སྟོན་པ། །
སྨྲ་བ་ཉུང་ལ་ཚིག་སྣ་ཐུང་བ་སོགས། །
མི་གཤིས་རྩུབ་ལ་འདྲིས་གཞུང་བརྟན་པའི་ཚུལ། །
རྒྱུས་མེད་ཕལ་བའི་མི་དང་འགྲོགས་པ་དཀའ། །
རིག་གནས།
ལྷན་སྐྱེས་རིག་པ་བཟང་བའི་ཚུལ་ལྡན་ཡང་། །
སྐྱེས་པའི་ཁོར་ཡུག་བས་མཐའི་འབྲོག་ཁྱིམ་ཞིག །
ཤེས་བྱར་སྦྱོང་བའི་སྐལ་བ་ཆེས་ཕྲ་བས། །
སྦྱངས་འབྲས་ཤེས་ཡོན་སྤྲང་པོའི་བྲོ་ཁ་ཙམ། །
གནས་སྟངས།
བྱ་བྱེད་མང་བས་ཚོང་པའི་མིང་ཙམ་ཞིག །
འགྲོ་འདུག་མང་བས་སྤྲོ་བའི་ཉམས་ཙམ་ཞིག །
ཕུ་ནུས་བརྩེ་བས་མགོ་པའི་མིང་ཙམ་ཞིག །
ཡང་དག་སྙིང་པོ་སུས་ཀྱང་རྟོགས་པར་དཀའ། །
ཡིག་འབྲི།
ཕ་རྒྱུད་གཅིག་ལས་ཆད་པ་སྙིང་གི་སྤུན། །
ལུས་ཀྱི་གཟུགས་དང་སྤྱོད་པའི་ཉམས་ལ་སོགས། །
གནས་སྐབས་སེམས་ཀྱི་ངོས་སུ་གང་ཤར་བ། །
ཡི་གེའི་རིས་སུ་སྤེལ་བ་ཨེ་མ་ཧོ། །
རང་རྣམ་ཚིགས་བཅད་བཟང་བ་དང་། །
ངེད་རྣམ་དེ་དང་མཚུངས་འདྲ་མང་། །
ཚོང་གི་བྱ་བ་ངས་མི་ཤེས། །
ཁ་བརྡར་མཆན་བུ་འབྲི་བར་དགའ། །
(ཨ་མའི་དྲིན་གྱིས་ལུས་ཟུངས་བདེ་བར་མཆིས། །) ཨ་མ་སྨན་མོ་ཞིག་ཡིན་ནམ་ཅི།
ཁྱེད་ཀྱི་སྤུན་ཟླ་ང་མིན་ཡང་། །
བོད་རིགས་གཅིག་པས་སྤུན་ཟླར་གྱུར། །
སྤུན་ཟླ་གནམ་ཁོ་བར་འཛུལ་ནས། །
སྨན་མོ་ཡིན་མིན་དྲི་བགྱིན་འདུག །
མཚམས་འདྲི་ཞུ