སྤྲེལ་ལུང་པ།
སྐྱག་རྫང་གི་དྲི་ངད་ལྡང་ཞིང་།
རྡུལ་འཚུབ་ཀྱི་གཡོ་ལང་ཁྲོད་ན།
དུང་སྒྲ་ཆེན་པོ་ཞིག་དང་ལྷན་དུ་་་་
ཐལ་མདོག་གི་མི་ཚོགས་ཤིག་ལོང་ལོང་དུ་འདུར་བཞིན་པ་ནི་རྒྱ་གར་གྱི་རི་ལི་འམ་མེ་འཁོར་འབབ་ཚུགས་རེད།
ཟ་འདོད་ཀྱི་མིད་པ་འགུལ་ཞིང་།
ལེན་འདོད་ཀྱི་ལག་པ་འདར་གྱིན།
འབབ་ཚུགས་ཀྱི་གཡས་གཡོན་ན་་
ཉིན་མཚན་ཁ་སྤྲོད་དུ་ཅི་ཞིག་འུར་བཞིན་པ་ནི་ཙག་ཙིག་འཚོང་མཁན་གྱི་རྒྱ་གར་བ་དེ་ཚོ་རེད།
ཞེད་སྣང་གི་ཁོག་པ་བརྒྱང་ཞིང་།
དོག་སྣང་གི་སེམས་རྩ་ཁོལ་གྱིན།
བསྐྱོད་བཞིན་པའི་མེ་འཁོར་ནང་དུ་་་་
མིག་ཟུང་གི་ཁོམ་ལོང་བརླགས་ནས་ཡོད་པ་ནི་མེ་འཁོར་ནང་གི་ཆ་མེད་འགྲུལ་པ་ཚོས་ཕན་ཚུན་ལ་བཟུང་བའི་དགྲ་དོགས་རེད།
ངོ་གདོང་ལ་དྲི་ནག་ཁེངས་ཤིང་།
ལག་པ་ལ་སེར་ཀས་ཁྱབ་པའི།
བྲེལ་ཟིང་དང་འཚང་ཁའི་བར་ན་་་
ཁ་ནས་མིག་མིག་ཅིག་ཟེར་གྱིན་ཐད་ཀར་ལག་པ་བཟེད་ཡོང་མཁན་ཚོ་ནི་འབབ་ཚུགས་ན་རྒྱུ་བའི་སློང་མོ་བ་རེད།
ལྷམ་གོག་རྔས་འོག་ལ་བཅུག་ཅིང་།
འདྲུད་སྒམ་ལྕགས་ཐག་གིས་བཏག་ནས
འུར་སྒྲ་དང་ཆོབ་སྒྲའི་གསེང་ན་་་་
གཉིད་ཚགས་མི་སོས་བཞིན་མགོ་བོ་མལ་ལ་འཇོག་པ་ནི་མེ་འཁོར་ནང་གི་མཚན་མོའི་གནས་སྟངས་རེད།
༢༠༡༤ ་་་༡ ་་་༢༩་་་་
དངོས་གནས་བསྙན་མོ་ཞིག་བྲིས་འདུག།
རྒྱ་གར་མེ་འཁོར་ནང་འགྲོ་ན་དེ་ག་རང་རེད་ཡང་གྲོགས་པོ་ཁ་ཤས་མཉམ་དུ་ཡོད་ན་སྐྱིད་པོ་རེད། ཉུང་ཐར་ལྷམ་སྔས་མགོ་བྱེད་དགོས་མ་རེད།