གནས་ཚུལ་གཏོང་མཁན། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་།
ཕྱི་ལོ་༢༠༡༤ ཟླ་༢ ཚེས་༡༡ ནས་ཚེས་༡༤ བར་ཉིན་བཞིའི་རིང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ། རྒྱ་གར་མངའ་སྡེ་གྷོ་ཇཱ་རཱ་ཏ་ས་གནས་བྷ་རོ་ཌར་བོད་རིགས་མཐོ་རིམ་སློབ་གཉེར་བ་རྣམས་ཀྱིས་གོ་སྒྲིག་ཞུས་པ་ལྟར། དིང་རིང་ཞོགས་པ་ཕྱག་ཚོད་༡༠ པའི་ཐོག་བྷ་རོ་ཌ་གཙུག་ལག་སློབ་གྲྭར་དབུ་འབྱེད་མཛད་སྒོ་བསྐྱངས་ཤིང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་མངའ་སྡེ་གཞུང་གི་དཔའ་འབྱོར་བཀའ་བློན་ཟུར་པ་དཔལ་ལྡན་སཱནཱཏ་མེཧཏཱ་མཆོག་དང་། བོད་དོན་རྒྱབ་སྐྱོར་བ་ཌོག་ཌར་བྷས་ཀར་མཆོག་དང་ཁོང་གི་སྐུ་ཟླ། ཌོག་ཌོར་ནེ་ནི་མཆོག དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་བཅས་ཆེད་ཕེབས་དང་། མཐོ་སློབ་ཁག་མི་འདྲ་བཅུའི་ཚོགས་བཅར་འཐུས་མི་བཞི་བཅུ་དང་དེ་བཞིན། ས་གནས་ཀྱི་བོད་རིགས་སློབ་གཉེར་བ་བཅས་མཉམ་བཞུགས་གནང།
སྐུ་མགྲོན་གཙོ་བོོ་མཆོག་གིས་སྣང་གསལ་མར་མེ་སྒྲོན་ཞལ་འབྱེད་དང་རྒྱ་གར་དང་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་ཞིང་། སྐར་མ་གཅིག་རིང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་མྱ་ངན་གུས་འདུད་དང་། དེ་ནས་སྤྱི་ཁྱབ་འབྲེལ་མཐུད་པ་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་ཚོགས་ཆེན་གྱི་ངོ་སྤྲོད་དང་དམིགས་ཡུལ། མ་འོངས་བྱེད་ཕྱོགས་ཀྱི་གཏམ་བཤད།
དེ་ནས་སྐུ་མགྲོན་གཙོ་བོ་མངའ་སྡེ་གཞུང་གི་དཔའ་འབྱོར་བཀའ་བློན་ཟུར་པ་དཔལ་ལྡན་སཱནཱཏ་མེཧཏཱ་མཆོག་གིས་བོད་རིགས་ན་གཞོན་ཚོས་བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་གནས་སླད། མུ་མཐུད་ནས་འབད་བརྩོན་དང་མདུན་བསྐྱོད་བྱ་གལ་ཆེ་ཚུལ་དང་། དེ་བཞིན་བོད་རིགས་ཚོས་སོ་སོ་གནས་སྡོད་བྱེད་སའི་ས་གནས་མི་རིགས་དང་མཉམ་དུ་གྲོགས་འདྲིས་དང་མཉམ་ལས་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་ཚུལ་དང། དེ་བཞིན་དྲང་བདེན་དང་རང་དབང་འཐབ་རྩོད་སླད་མུ་མཐུད་ལས་ཀ་བྱེད་པར་སྤོབས་པ་ཆེ་སྐྱེད་གལ་ཆེ་ཚུལ་སོགས་གསུངས།
ཌོག་ཌོག་བྷས་ཀར་མཆོག་གིས་བོད་རིགས་ཚོས་རང་མི་རིགས་ལ་བདག་པའི་རྒྱལ་ཁབ་ཅིག་སླར་གསོའི་སླད། རང་བཙན་ཞེས་པའི་ཚིག་རྩ་ཆེན་འདི་མ་བརྗེད་པའི་ཐོག་ནས་བོད་ཀྱི་འབད་རྩོད་སྔར་ལྷག་ཤུགས་ཆེར་གཏོང་དགོས་ཚུལ་སོགས་གསུངས།
བོད་ཀྱི་དབུས་གཞོན་ནུའི་ཚོགས་གཙོ་མཆོག་གིས་ན་གཞོན་ཚོས་སློབ་སྦྱོོང་གི་ལག་འཁྱེར་ཐོབ་ཐུབ་ཙམ་མིན་པར། ལྷག་བསམ་དང་སེམས་ཤུགས་ཆེར་བསྐྱེད་ཐོག བོད་ཀྱི་རྩ་དོན་འཐབ་རྩོད་མུ་མཐུད་བྱེད་གལ་ཆེ་ཚུལ་དང། སློབ་སྦྱོང་ཚར་རྗེས་སྤྱི་ཚོགས་ནང་ལས་དོན་བྱ་བ་སྒྲུབ་དགོས་པ། གོ་ལ་གཅིག་འགྱུར་གྱི་དུས་སྐབས་འདིར་བོད་ཀྱི་ཐུན་མིན་ཁྱད་ཆོས་ཅན་གྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་གལ་ཆེ་ཚུལ་སོགས་ཀྱི་སྐོར་གཏམ་བཤད་གནང་།
དེ་ནས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ལོ་རེའི་གཟེངས་བསྟོད་བྱ་དགའ་གཉིས་འབུལ་སྲོལ་ཡོད་པ་བཞིན། ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཕུན་ཚོགས་ཉི་མ་ལགས་ཀྱི་བྱ་དགའ་ངོ་སྤྲོད་དང་དགོས་དམིགས་བཅས་བརྒྱུད། འདི་ག་ས་གནས་བོད་དོན་རྒྱབ་སྐྱོར་བ་ཌོག་ཌར་ནེ་ནི་མཆོག་དང། བོད་རིགས་ན་གཞོན་རྡོ་རྗེ་ཚེ་བརྟན་གཉིས་ལ་ཕུལ།
ཡོང་རྒྱུའི་ཉིན་བཞིའི་རིང་གཤམ་གསལ་བརྗོད་གཞི་གཙོ་ཆེན་ཁག་གི་ཐོག་བགྲོ་གླེང་གོ་བསྡུར་གནང་རྒྱུ།
༡༽ བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གནས་བབ་དང་འབྲེལ་བའི་སྐོར།
༢༽ རང་ལུས་མེར་བསྲེགས་གནད་དོན་ཐོག་གོ་བསྡུར་གནང་རྒྱུ།
༣༽ བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་སྐྱར་ཞིབ་དང་མ་འོངས་ལས་དོན་ཇི་དགེའི་སྐོར།
༤༽ ཚོགས་ཆེན་སྲ་བརྟན་དང་རྒྱུན་གནས་ཡོང་ཐབས་སྐོར།
༥༽ མཐོ་རིམ་སློབ་མའི་འོས་འགན་དང་མདུན་ལམ་ཤེས་ཡོན་བཅས་ཀྱི་ཐོག་གོ་བསྡུར་ཞུ་རྒྱུ།
༦༽ འགོ་ཁྲིད་ནུས་པ་གོང་འཕེལ་གཏོང་ཕྱོགས་སྐོར་བཅས་དང་།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གཞི་རྩའི་དམིགས་ཡུལ་གཉིས་ནི།
༡༽ བོད་རིགས་ན་གཞོན་དབར་འབྲེལ་ལམ་དམ་ཟབ་ཡོང་ཐབས་བྱ་རྒྱུ་དང་།
༢༽ བོད་ཀྱི་ན་གཞོན་རྣམས་རང་ངོ་རང་ཤེས་དང་། རང་འགན་རང་འཁུར་གྱི་བསམ་པ་སྐྲུན་ཐབས་བྱ་རྒྱུ། འདི་གཉིས་ཐོག་སྐབས་བབ་གནད་དོན་ཁག་བརྗོད་གཞི་འཁྱེར་ནས་ཚོགས་ཆེན་སྐབས་བགྲོ་གླེང་གནང་གི་ཡོད་པ་རེད།
རང་ངོ་རང་ཤེས་དང་། རང་འགན་རང་འཁུར། དམིགས་ཐོག་དོན་ལ་འཁེལ་བ་ཤོག །
གུས་བ་དང་བཅས། ག་རེ་གནང་རྩིས་ཀྱི་བྱ་བ་རྣམས་དགྲ་དམར་དཔོན་གྱི་སྲོག་རྩ་གཅོད་པའི་རྒྱུ་རུ་སྨིན་པར་ཤོག། ཤེས་ཡོན་ལམ་སྟོན་ཅན་གྱི་རང་རའི་གསར་བྱུང་གི་རལ་གྲིའི་ཚོགས་འདི། ཤེས་རབ་ཅན་གྱི་རལ་གྲི་ཞིག་ཡིན་པའི་དགའ་སྣང་ཡོད་ཡོད་པ་ཡིན། བཀྲ་ཤིས་བདེ་ལེགས།
བརྗོད་གཞི་དོན་ཚན་དྲུག་པོ་དེ་གནས་ལུགས་དང་འཚམས་པ་རྒྱུ་མཚན་དང་ལྡན་པ་རྐྱང་འདུག ལྷག་པར་གཞོན་ནུའི་ཚོགས་གཙོ་དང་བསྟན་འཛིན་བརྩོན་འགྲུས་ལགས་སོགས་ཆབ་སྲིད་ཀྱི་གནས་སྟངས་ཤེས་ནས་ལས་འགུལ་སྤེལ་མཁན་གྱི་གནད་ཡོད་མི་སྣ་འགའ་ཞིག་གདན་ཞུས་ཀྱིས་གཏམ་བཤད་གནང་དང་གནང་བཞིན་ཡོད་འདུག་པས་ཧ་ཅང་ཡག་པོ་རེད། གང་ནས་བཤད་ཀྱང་ད་ནས་ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་རྒྱལ་ཁབ་དང་མི་རིགས་སྲོག་སྐྱོབ་པའི་དུས་ལ་སླེབས་ཡོད། ཡོད་པ་ནས་མེད་པ། མེད་པ་ནས་རྩ་མེད་བཏང་དང་གཏོང་བཞིན་པའི་བོད་རྒྱལ་ཁབ་འདི་ཉིད་དགྲ་བོའི་ལག་ནས། དེང་དུས་ཤེས་ཡོན་ཅན་གྱི་ན་གཞོན་ཚོས་ཆོས་ལུགས་དང་ཆོལ་ཁ། རྨོངས་དད་དང་བཙན་བཤད། དབང་སྒྱུར་དང་གཡོ་ཁྲམ་གང་གི་ཀྱང་འོག་ཏུ་མགོ་བོ་མི་འདུད་པར་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུ་ནི་ན་གཞོན་དག་གི་བླ་ན་མེད་པའི་འོས་འགན་ཡིན་པར་འདོད།