གཉན་ཆེན།
བཙན་པོའི་དམག་རྟའི་རྨིག་རྗེས་ཤུལ་ལ་བཞག །
ཐང་དམག་ཁྲི་ཡི་ཁྲག་དམར་ས་ལ་འཁྱིལ། །
ཐང་སིན་བླ་མའི་ཡི་གེ་ཐང་ལ་སྟོར། །
ཁ་བའི་བུ་རྒྱུད་དམག་གི་འཐབ་ར་ཅན། །
མི་ཉག་རྒྱལ་རྒོད་བཙན་པོའི་གཉའ་གནོན་མྱངས། །
འཇིང་གར་བུ་རྒྱུད་དཔུང་གིས་འཇིགས་སྣང་བསྐུར། །
ཙོང་ཁ་རྒྱལ་བོས་རྒྱལ་མཁར་བཙན་གྱིས་བརྩིགས། །
མི་ཇིའི་ཀླ་ཀློའི་དམག་སྣ་ཡང་ཡང་དྲངས། །
ཤར་ཕྱོགས་ཙི་ནའི་མདུང་གི་ཁ་གཏད་ན། །
ཞུམ་མེད་དཔའ་ངར་འུར་རྡོའི་ས་སྲུང་ཅན། །
སྡེ་བ་གཞུང་གི་བདག་པོ་མེད་པའི་དུས། །
ཏང་གིས་ཁམ་གང་ཟོས་པའི་དེང་ལ་ཐུག །
མཁར་སྒོ་སྲུང་བའི་འགག་མདོའི་ས་མཚམས་ན། །
ཁ་བའི་ལ་རྒྱའི་རང་མདངས་མ་ཉམས་པར། །
ཁ་ཆེ་ཁོག་ནག་གཏུམ་པོའི་ཁ་གཏད་དུ། །
ཁ་ཁོག་ཆུང་རུང་ཁ་བའི་སྒོ་སྲུང་ཡིན། །
ཁ་བ་ཅན་གྱི་དམག་རྒྱུད་ཡིན་ནའང་། །
ཁ་སྟོབས་ཞན་པའི་ཉམ་ངའི་ཡུལ་མི་ཚོར། །
ཁ་མིན་དོན་གྱི་ཕན་པའི་ཐབས་ལམ་ཞིག །
ཁ་ལག་རྣམ་རིག་འགུལ་ནས་སྟོན་རན་ཡིན། །
ཁ་ན་སོ་མེད་རྒན་འཁོགས་མང་ནའང་། །
ཁོག་ན་ཉམས་མྱོང་ཅན་གྱི་བསམ་ཤེས་དཀོན། །
རྐང་ལག་མི་དལ་འདུར་རྒྱུག་ཆེ་ནའང་། །
རང་ཡུལ་ཕྱོགས་ལ་ཕྱི་རྗེས་འཇོག་མཁན་དཀོན། །
མགོ་ན་སྐྲ་མེད་མགོ་རིལ་མང་ནའང་། །
པོད་ཏི་ལྔ་ལ་བག་ཆགས་འཇོག་ནི་ཉུང་། །
ལག་ལ་དཔེ་དེབ་སྙུ་གུ་འཛིན་མཁན་ལས། །
རྐེད་ལ་གྲི་དང་གསོར་བ་ཐོགས་ནི་མང་། །
མ་ཎི་ཡིག་དྲུག་འདོན་ནི་མང་ནའང་། །
ཀ་ཁའི་འབྲི་ཀློག་སྦྱང་ནི་ཧ་ཅང་ཉུང་། །
ནང་ལ་ཐུག་ན་དཔའ་རྒོད་མང་ནའང་། །
ཕྱི་ཡི་དགྲ་ཡ་སླེབས་ན་གྲག་འགུལ་མེད། །
ང་མཁས་ཁྱོད་མཁས་ཟེར་ནི་མང་ནའང་། །
དམངས་ལ་ཕན་པའི་ཡོན་ཏན་ང་ཚོར་མེད། །
རྣམ་དཔྱོད་རིག་པ་ཡོད་ནི་མང་ནའང་། །
རང་ཡུལ་སྐྱོ་བོར་བེད་སྤྱོད་གཏོང་མཁན་སུ། །
ཤེས་ཡོན་ཕྲན་ཙམ་ཡོད་ནི་མང་ནའང་། །
ང་རྒྱལ་ཕྲག་དོག་ཆེ་བ་དེ་བས་སྡུག །
འགོ་དཔོན་ལས་བྱེད་ཟེར་མཁན་མང་ནའང་། །
རང་ཡུལ་རྗེས་ལུས་ཐེབས་པ་རང་འཇགས་ཡིན། །
རང་ཡུལ་ར་བ་འདྲ་བའི་ལྷས་ར་ན། །
རི་བྲག་གཏོར་བའི་ས་རྡུལ་དགུང་ལ་འཕྱུར། །
རི་གྲོང་སྐྱོ་བོར་ཐལ་རྡུལ་ནག་པོས་བཏིམས། །
ར་ལུག་གསོ་སྐྱོང་བྱེད་པའི་ཁོར་ཡུག་བརླག །
སོ་ནམ་ཞིང་ལས་འདེབས་པའི་གཤིན་ས་འཕྲོག །
རང་ཁ་རང་གསོའི་ཁོར་ཡུག་རྩ་ཡལ་སོང་། །
རང་ཡུལ་རང་ལ་མི་དབང་དུས་ངན་ཤར། །
རང་རེའི་རིགས་རྒྱུད་འཕེལ་བའི་སྐྱེ་སྒོ་བཀག །
རང་ཚུགས་མེད་པའི་རོང་ཕྲུག་སྤུན་ཟླའི་ཚོགས། །
རང་ཡུལ་རང་གིས་སྐྱོང་ལ་བློ་རིག་སྒྲིམས། །
ར་མ་ལུག་གི་སྦྲགས་སྐད་ངག་ལ་བྱང་། །
ཡ་མ་ཟུང་གི་ཆས་གོས་ལུས་ལ་འབྱར། །
ཡ་རབས་ཡོན་ཏན་ཕྱོགས་ལ་ཡར་ལྟ་མེད། །
མ་རབས་ཇག་རྐུན་བྱེད་ལ་ངོ་ཚ་མེད། །
མི་དགོས་ལས་ལ་འཇུག་རྒྱུར་འཇིགས་སྣང་མེད། །
དགོས་པའི་བསླབ་བྱ་ལེན་རྒྱུར་དོ་སྣང་མེད། །
ཁོག་ན་མི་ལ་དགོས་པའི་རང་ཚུགས་མེད། །
སེམས་ན་དམངས་ལ་དགོས་པའི་སྤྱི་སེམས་མེད། །
ལོ་ངོ་སྟོང་ཕྲག་གོང་གི་འཚོ་ཐབས་ལ། །
འགྱུར་ལྡོག་གོམ་པ་གང་ལས་ཅང་ཡོད་དམ། །
གནའ་མིས་བདག་སྲུང་གནང་བའི་ཁོར་ཡུག་ལ། །
ད་ལྟའི་མི་ཐོག་འདི་ལ་གཏོར་བཤིག་བཏང་། །
གནའ་བོའི་སྲོལ་རྒྱུན་བཟང་བོའི་གོམས་གཤིས་ལ། །
ད་ལྟའི་མི་ངན་རིགས་ཀྱིས་རྡོག་བརྫིས་བཏང་། །
རི་བྲག་བརྐོས་ནས་ལུང་བ་ཐལ་ལ་བཏང་། །
ཤིང་ནགས་བཅད་དེ་རི་ལུང་བཅུད་ཀྱི་སྟོང་། །
སྤང་ལྗོངས་བཀོག་སྟེ་ས་གཞི་གཅེར་བུར་ཧུད། །
རྩྭ་སྨན་འཐུས་ཏེ་རྩྭ་ཆུ་འཕྲོ་བརླག་བཏང་། །
གད་སྙིགས་གང་སར་སྟོར་ནས་བཙོག་པ་བཟོས། །
ས་བརྐོ་རྡོ་སློག་བྱས་ཏེ་ཆུ་མིག་བསྐམས། །
ཞིང་ས་བཟང་བོར་གཞུང་ལམ་འཕྲེད་ཀྱི་བཅད། །
གཞུང་ཆུ་དྭངས་མོར་རྫས་ངན་འདམ་གྱིས་རྙོག །
རང་ཡུལ་རོང་འབྲོག་འཛོམས་པའི་སྐྱིད་ས་ན། །
རང་སྡུག་རང་གིས་མྱོང་བའི་ཡུལ་མི་ཚོ། །
རང་ཡུལ་རང་གིས་བདག་པོ་མ་རྒྱབ་ན། །
རང་ཅག་གཞན་གྱི་བྲན་གཡོག་ཉིད་དུ་འགྱུར། །
རང་ས་སྐྱ་བོ་ལྗང་མདོག་འགྱུར་དགོས་ན། །
རྩི་ཤིང་སྡོང་ཕྲུག་འདེབས་འཛུགས་ལོ་རེར་འབད། །
རང་རེའི་འཚོ་ཐབས་ཡར་རྒྱས་གཏོང་དགོས་ན། །
ནག་ཉེས་མེད་པའི་ཚོང་ལས་ཙག་ཙིག་གཉེར། །
རང་ཡུལ་སྐྱོ་བོའི་ཁ་དོག་བསྒྱུར་དགོས་ན། །
རང་དོན་སློབ་སྦྱོང་ཕྱོགས་ལ་འབད་པ་དགོས། །
རང་མི་ཚད་ལྡན་གསོ་སྐྱོང་བྱེད་དགོས་ན། །
རང་གི་བུ་ཕྲུག་སློབ་གྲྭ་བཟང་བོར་སྐྱོལ། །
རང་སྐད་རང་ཡིག་རང་མདོག་སྟོན་བྱེད་ཡིན། །
རང་གི་རིག་གནས་རང་གི་ཚེ་སྲོག་ཡིན། །
གསེར་དངུལ་གཡུ་བྱུར་ལུས་ལ་འདོགས་རག་གི །
སྒོར་མོ་ཡོད་ན་སློབ་མའི་ཆེད་དུ་ཐོངས། །
ཕྱུག་པོའི་རྒྱུ་ངོམས་ལུས་ལ་རྒྱན་རག་གི །
དབུལ་བོའི་ཡོན་ཏན་སེམས་ན་ཡོད་ནིས་རྒྱན། །
ཤེས་ཡོན་མེད་ན་སྤྱི་ཚོགས་ཡར་རྒྱས་མེད། །
དཔལ་འབྱོར་མེད་ན་རང་ཡུལ་འཕེལ་རྒྱས་མེད། །
ཤེས་ཡོན་དཔལ་འབྱོར་ཟུང་འབྲེལ་བསྒྲུབས་པ་ལས། །
རང་རེའི་ཕ་ཡུལ་གོང་འཕེལ་ངང་གིས་འགྲོ །
སེར་བས་སེར་བོའི་ས་ནས་ལྷ་ཆོས་སྒྲུབས། །
སྐྱ་བས་སྐྱ་བོའི་ས་ནས་མི་ཆོས་སྒྲུབས། །
ཆོས་སྲིད་ཟུང་གི་སྲོལ་རྒྱུན་བཟང་བོ་འདི། །
མི་ཉམས་རྒྱུད་འཛིན་བྱེད་པའི་འོས་འགན་ཡོད། །
མདོར་ན་ཆོས་སྲིད་གཉིས་ཀ་མིག་གཉིས་ཡིན། །
སྐྱ་སེར་ལམ་ལུགས་གཉིས་ཀ་ལག་གཉིས་ཡིན། །
གནའ་དེང་ཤེས་རིག་གཉིས་ལ་ཧུར་བརྩོན་གྱིས། །
མདུན་རྒྱབ་མཐོང་བའི་མིག་ཟུང་ཆེ་ཆེར་སྡོངས། །
མཐུན་སྒྲིལ་ལག་གདངས་དཔུང་བ་མཉམ་དུ་གཤིབས། །
གཤོག་ཆེན་བཞི་བོ་ཨ་ལུང་བཞིན་དུ་སྒྲིལ། །
རང་སེམས་བློ་རྒྱ་སྐྱེད་དེ་སྤྱི་མི་བྱོས། །
རང་མགོ་རང་གིས་མ་གཡོག་རང་དོན་སྒྲུབས། །
རང་མདོག་མ་འགྱུར་རང་རིགས་རང་སྲུངས་གྱིས། །
རང་ཚུགས་ཟིན་པའི་རེ་བ་འགྲུབ་ནས་ཡོང་། །
༢༠༡༤ ༢ ༧ ཉིན།
མགོ་ན་སྐྲ་མེད་མགོ་རིལ་མང་ནའང་། །
པོད་ཏི་ལྔ་ལ་བག་ཆགས་འཇོག་མཁན་ཉུང་། །
ལག་ལ་དཔེ་དེབ་སྙུ་གུ་འཛིན་མཁན་ལས། །
རྐེད་ལ་གྲི་དང་གསོར་བ་ཐོགས་མཁན་མང་། །
རང་སྐད་རང་ཡིག་རང་མདོག་སྟོན་བྱེད་རེད། །
རང་གི་རིག་གནས་རང་གི་ཚེ་སྲོག་རེད། །
གསེར་དངུལ་གཡུ་བྱུར་ལུས་ལ་འདོགས་རག་གི །
སྒོར་མོ་ཡོད་ན་སློབ་མའི་ཆེད་དུ་ཐོངས། །