འགར་ཚེ་རྒྱལ།
ཁོ་བོར་མཚོན་ན་གཞན་གྱི་ལུང་པ་ན་འཚོ་བའི་འུ་ཅག་ཚང་མ་གཅིག་མཚུངས་ཀྱི་བཙན་བྱོལ་བ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་ལ། བཙན་བྱོལ་བའི་གནས་བབ་འདི་ནས་འུ་ཅག་ཚང་མ་གནམ་འོག་འདིའི་དམིགས་ཡུལ་གཅིག་པའི་ཡུལ་གྱར་བ་རྐྱང་རྐྱང་ཡིན་པའི་ཆ་ནས། ང་ཚོ་དང་ཁོ་ཚོ་ཞེས་ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་གཏོགས་རིས་བཅད་ཀྱིས་ཕ་ཡུལ་གཅིག་པ་ཡིན་ཟེར་ནས་ཁྱུ་སྐོར་བྱས་ཏེ་འགྲོ་བ་དང༌། ལུང་ཚན་གཅིག་པ་ཡིན་ཟེར་ནས་སྐོར་ཚོགས་བྱས་ཏེ་ཟ་འཐུང་སྤྲོ་སྐྱིད་ལ་རོལ་བའི་བྱེད་སྟངས་དེ་ལ་ཆེས་མི་དགའ་མཁན་ཞིག་ཡིན། དེ་ནི་ཁོ་བོ་ཕ་ཡུལ་དང་བྲལ་ཏེ་གནམ་འོག་གི་ཡུལ་གྱར་བ་ཞིག་ཡིན་པའི་ཆ་ནས་ཡིན་ལ། ཁོ་བོ་དང་འདྲ་བའི་བོད་མི་ཡུལ་གྱར་བ་ཚང་མ་རིགས་རྒྱུད་གཅིག་པ། སྐད་ཡིག་གཅིག་པ། གོམས་སྲོལ་གཅིག་པ། རིག་གཞུང་གཅིག་པ། ཁོར་ཡུག་གཅིག་པའི་ཕ་ཡུལ་གངས་ཅན་གྱི་ལུང་པ་གཅིག་ནས་ཡིན་པའི་འདུ་ཤེས་ཤིག་བཟུང་ནས་ཡོད་པའི་རྒྱུ་མཚན་གྱིས་ཡིན།
མདོ་སྨད་མི་མང་གི་བར་མའི་སྤྱི་འཐུས་འོས་བསྡུའི་སྐབས་ཁོ་བོས་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་མདོ་སྨད་སྤྱི་འཐུས་སུ་གདམ་རྒྱུ་ཡིན། ཤར་ཕྱོགས་ཁུག་རྟ་དང་ངེད་གཉིས་ཡུལ་ཕྱོགས་གཅིག་པ་དང་གྲོགས་པོ་ཡིན་པ་དེ་ཙམ་གྱི་ཕྱོགས་རིས་བཟུང་ནས་ཁོ་བ་སྤྱི་འཐུས་སུ་གདམ་འདོད་པ་གཏན་ནས་མིན། ང་ཚོས་དེ་ཙམ་གྱི་ཕྱོགས་ཞེན་བཟུང་ནས་སྤྱི་འཐུས་གདམ་པ་ཡིན་ན་དོན་དངོས་དང་འགལ་ཞིང་ང་ཚོའི་རྙོག་འཛིང་གི་སྤྱི་ཚོགས་འདི་དང་ཉམ་ཆུང་གི་མི་མང་ལ་ཕན་པའི་ཞབས་འདེགས་ལེགས་པོ་ཞིག་ཇི་ལྟར་བསྒྲུབ་ནུས། སྤྱི་འཐུས་ནི་མི་སྒེར་བར་གྱི་དོན་དག་ཞིག་མ་ཡིན་པར་མི་མང་གི་བདེ་སྡུག་དང་འབྲེལ་ནས་ཡོད་སྟབས། ང་ཚོས་ནམ་རྒྱུན་ཁ་རུ་གླེང་བའི་སྤྱི་ཕན་གྱི་བསམ་བློ་ཡོད་མཁན་ཞིག་ཡིན་ཕྱིན་སྤྱི་འཐུས་འོས་འདེམ་གྱི་སྐབས་འདིར་དགྲ་གཉེན་ཕྱོགས་ཞེན་དང་སྒེར་དོན་གྱི་དབང་དུ་མ་སོང་བར། སྤྱི་མང་ལ་ཕན་པའི་དོན་དེ་གཙོ་བོར་འཛིན་དགོས་པ་ཞིག་རེད་སྙམ།
དེ་ཡང་རང་སྣང་ལ་སུ་ཞིག་འོས་མི་འོས་དེ་མི་ཚང་མའི་ལྟ་སྟངས་གཅིག་པ་མིན་སྟབས་སོ་སོ་རང་ཉིད་ལ་རག་ལས་པ་ཞིག་རེད། གཙོ་བོ་ཕྱོགས་ཞེན་མེད་པར་དྲང་ཕྱོགས་ནས་འགྲེང་སྟེ་རང་ཉིད་ཀྱི་མཐོང་སྣང་དུ་འོས་ཤིང་འཚམ་པ་གང་དེའི་དོན་དངོས་ཀྱི་འོས་ཆོས་དག་འོས་མི་གཞན་དག་དང་བསྡུར་ནས་འོས་སྦྱོར་བྱེད་རྒྱུ་དེ་གལ་ཆེན་ཞིག་རེད་བསམ། ཡིན་ནའང་ལ་ཤས་ཀྱིས་ཁ་གྲག་པ་ནས་ཚད་བརྒལ་གྱིས་ཕ་རོལ་པོའི་མི་གཞི་ལ་དམའ་འབེབས་ཚིག་རྩུབ་ཀྱིས་གཤེ་དམོད་རྐྱང་རྐྱང་བྱེད་ཀྱིན་ཡོད་པ་དེ་ནི་སྤྱི་ཚོགས་འཆམ་མཐུན་ལ་གཏོར་བཤིག་གཏོང་བའི་ཉེས་བྱས་ཚབས་ཆེན་ཞིག་རེད་ལ། ཞི་བདེ་དང་དྲང་བདེན། མང་གཙོ་དང་མཐུན་སྒྲིལ་གྱི་ཁ་ཆེམས་མེ་ཀློང་ནས་བྲིས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང༌། རེ་སྨོན་དང་འཆམ་མཐུན་གྱི་ལག་ཟུང་གཅིག་ཏུ་སྦྲེལ་བའི་གཞིས་ལུས་མང་ཚོགས་ཚོར་ངོ་གནོང་དགོས་པ་ཞིག་མ་ཡིན་ནམ།
ཁོ་བོས་ཤར་ཕྱོགས་ཁུག་རྟ་མདོ་སྨད་སྤྱི་འཐུས་སུ་གདམ་དགོས་དོན་ནི། རང་གིས་རང་བཀྱག་སྟེ་ལངས་པ་དང་གཞན་གྱིས་རྒྱབ་སྐྱོར་ཏེ་ལངས་པའི་འོས་མི་གཞན་དག་དང་ཤེས་ཡོན་གྱི་ཚད་གཞི། ཆབ་སྲིད་ཀྱི་གོ་རྟོགས། འཐབ་རྩོད་ཀྱི་ལངས་ཕྱོགས། བསམ་བློ་དང་ཀུན་སྤྱོད། ཚུགས་བརྟན་གྱི་བློ་སྤོབས་བཅས་བསྡུར་ཞིང༌། ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་འདི་ལ་དམིགས་ཏེ་ཁོ་བ་འོས་འཚམ་དུ་མཐོང་ནས་རྒྱབ་སྐྱོར་གྱིས་གདམ་འདོད་པ་ལས་གཞན་པའི་སྐུལ་སློང་དང་ལད་རྗེས་འབྲང་ནས་གདམ་བསམ་པ་ཞིག་མིན། འོས་མི་གཞན་དག་ལའང་ཁོ་བོས་དམའ་འབེབས་དང་མཐོང་ཆུང་གང་ཡང་བྱེད་ཀི་མེད་ལ། ཁོང་ཚོར་ཡང་གཞན་གྱི་ལྟ་སྟངས་འོག་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ཡོད་པར་དགའ་བསུ་བྱེད་ཀྱིན་ཡོད།
ཤེས་ཡོན་སོགས་ཀྱི་ཚད་གཞི་བསྡུར་ནས་གླེང་བ།
སྤྱིར་ཡིན་ན་ཤེས་ཡོན་སློབ་སྦྱོང་ཡང་སྤྱི་འཐུས་ཤིག་ལ་མཚོན་ན་ཚང་དགོས་པའི་ཆ་རྐྱེན་ཞིག་རེད་མོད། འོན་ཀྱང་གཙོ་བོ་སྤྱི་ཚོགས་ལ་རྒྱུས་མངའ་ཆེ་ཞིང་མངོན་ལྐོག་མེད་པར་སྤྱི་བའི་དོན་ལ་ཁ་སེམས་གཉིས་མེད་ཀྱིས་ལྷག་བསམ་ཡོད་མཁན་ཞིག་དང༌། སྤྱི་མང་གི་དོན་དུ་བཤད་ཕོད་པ་དང་བསྒྲུབ་ཕོད་པ། སྤྱོད་བཟང་དང་དྲང་བདེན། ཁོག་རྒྱ་ཡངས་ཤིང་བརྟན་ཚུགས་ཀྱི་མི་ཞིག་དགོས་གལ་ཆེ་བར་འདོད།
དེང་གི་དུས་རབས་དང་བསྟུན་ང་ཚོའི་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོའི་ཤེས་ཡོན་གྱི་ཚད་གཞིའི་ཆ་ནས་ཁོ་བོར་སྤྱི་ཡོངས་ནས་ལྟ་སྟངས་ཤིག་ཡོད།
ཁོ་བོས་སྔོན་ཆད་ཅིག་ལ་བྲིས་པའི་<<མི་རབས་གསར་པ་དང་སྤྱི་ཚོགས་ཀྱི་གནས་བབ་ལས་ཤེས་དགོས་པའི་གནད་དོན་འགའ>>ཞེས་པའི་འབོལ་རྩོམ་ནང་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་ཡོད། {ཁོ་བོ་ནི་ཤེས་ཡོན་པ་ཟེར་བའི་གྲས་སུ་ཚུད་མེད་ལ། ཁོ་བོར་མཚོན་ན་ཤེས་ཡོན་པ་ཞིག་བྱེད་རྒྱུ་ནི་ཧ་ཅང་གི་ཁག་པོ་ཞིག་ཏུ་བརྩི་བཞིན་ཡོད། ཤེས་ཡོན་པ་ཞིག་ཡིན་ན་དེའི་བསམ་བློ་དང༌། ཀུན་སྤྱོད། རང་གཤིས། བློ་སྟོབས། ལྷག་བསམ་བཅས་ཀྱི་ཐད་ནས་གཞན་ལས་ཁྱད་དུ་འཕགས་པ་ཞིག་དགོས་པའི་ལྟ་སྟངས་འཛིན་གྱིན་ཡོད་ལ། ལྟ་སྟངས་འདི་འཛིན་པའི་བསམ་བློ་ནི་ད་ལྟའི་འུ་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་པའི་མིང་འཁྱེར་ནས་མི་འཇོན་འཇོན་་མདོག་བྱེད་མཁན་གྱི་ཤེས་ཡོན་པ་རྐྱལ་སྟོང་ཚོའི་བསམ་བློ་ངན་པ་དང༌། ཀུན་སྤྱོད་བཙོག་པ། རིག་སྟོབས་ཞན་པ་སོགས་ཀྱི་ཀུན་གཤིས་དེས་ཁོ་བོ་སློབ་སྦྱོང་གི་ལམ་སྣེར་འཇུས་པའི་ཉིན་མོ་ནས་སྐྱེ་རུ་བཅུག་སོང༌།} ཞེས་དང༌།
ཡང༌། {རང་ཉིད་ཀྱི་ཀུན་གཤིས་དང༌། བསམ་བློ། སྤྱོད་ཟོལ། བྱེད་ནུས་སོགས་ལ་བབ་བསྟུན་གྱིས་བལྟ་མ་ཐུབ་པར། ལོ་ཤས་ཙམ་གྱི་དུས་ཡུན་ཐུང་ཐུང་ཞིག་གི་ནང་སྦྱངས་གཉེར་ཤེས་ཡོན་གྱི་དྲི་ཙམ་འགོས་པའི་ཚད་གཞིས་བློ་ཡིད་ཚིམ་ཏེ། ངའོ་སྙམ་པའི་ཁེངས་དྲེགས་ཀྱིས་ང་ཚོའི་ཁོར་ཡུག་ཆུང་ཆུང་འདིར་རང་གིས་རང་ཤེས་ཡོན་པ་ཡིན་པར་རློམ་པ་དང༌། གཞན་གྱིས་ཀྱང་དེ་མཚུངས་ཀྱི་བསམ་བློའི་འཁྱེར་སོས་ཤེས་ཡོན་པ་རེད་ཅེས་ངོ་བསྟོད་ཀྱི་ཆོ་ལོ་ཕུལ་བའི་རྐྱེན་པས། <ཆུ་བོ་ཆུང་ཆུང་ལ་འུར་སྒྲ་ཆེ།། ཡོན་ཏན་ཆུང་ཆུང་ལ་ང་རྒྱལ་ཆེ་>ཞེས་པའི་ལེགས་བཤད་འདིའི་བསྟན་དོན་ཇི་བཞིན། ད་ཆ་མང་པོ་ཞིག་གིས་གང་སར་མཁས་ཉམས་ཀྱི་སྐད་ཆ་སྦོམ་པོ་རེ་འུར་སྒྲོགས་བྱས་ཏེ་ཡུན་ཐུང་གི་མི་ཚེ་མཐའ་ཟད་ལ་བསྐྱལ་ནས་འདུག་པ་ལས། དངོས་གནས་ཡོན་ཏན་གྱི་གཞི་རྐང་ཚུགས་པའི་ཚད་ཐུབ་ཀྱི་ཤེས་ཡོན་པ་ཞིག་ནི་ང་ཚོའི་སྤྱི་ཚོགས་ཀྱི་མི་རབས་གསར་པའི་ནང་མངོན་ཐུབ་ཀྱི་མེད་པ་ནི་འུ་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་ཅིག་རེད་}ཅེས་བཤད་ཡོད། ཁོ་བོས་ལྟ་ཚུལ་འདི་བཞིན་ད་རེས་མདོ་སྨད་ཀྱི་སྤྱི་འཐུས་ལ་ལངས་མཁན་ཚང་མར་ཚད་ངེས་ཅན་ཞིག་ནས་བལྟས་ན་ཤེས་ཡོན་གྱི་ཚད་གཞིའམ་གཞི་རྐང་གྱ་ནོམ་པ་ཞིག་ཚུགས་ཡོད་པར་མཐོང་གི་མེད། ཡིན་ནའང་ཡུལ་དུས་གནས་བབ་དང་བསྟུན་ནས་ཤེས་ཡོན་པའི་ཚད་གཞི་ཞིག་བཟུང་ནས་གླེང་ན་མི་འགྲིགས་པ་ཆེར་མེད།
མདོ་སྨད་སྤྱི་འཐུས་ལ་ལངས་པའི་འོས་མི་དག་ནི་རེ་རེ་བཞིན་མིང་ནས་བཟུང་སྟེ་གླེང་དགོས་དོན་མི་འདུག དྲ་གནས་ཁག་དང་འུ་ཚོའི་ཁོར་ཡུག་འདིའི་སྲང་ལམ་གྱི་རྩིག་ངོས་དག་ན་ལོ་རྒྱུས་དང་བཅས་གདོང་རིས་དག་ཐར་སེ་ཡོད་པས། སུ་དང་སུ་ཡིན་མིན་མང་པོ་ཞིག་གི་སེམས་ན་འཁྲིགས་སེ་ཡིན་རྒྱུ་རེད། ཁོང་ཚོར་མཚོན་ན་རང་རང་ལ་རྒྱབ་སྐྱོར་བྱེད་མཁན་དང་བཅས་ཤེས་ཡོན་པ་དང་ཆབ་སྲིད་པ་བཅས་ཀྱི་སྟེགས་སུ་འགྲེང་ནས། ཐེངས་འདིའི་མདོ་སྨད་སྤྱི་འཐུས་ཀྱི་ས་མིག་གཅིག་པོ་དེའི་ཆེད་དུ་འཕག་འཚག་རྒྱག་གིན་ཡོད་པ་རེད་ལ། དེ་ལྟར་འཕག་འཚག་རྒྱག་ཆོག་པའི་ཐོབ་ཐང་ནི་སྤྱི་མཚུངས་ཀྱིས་ཡོད་པ་ཞིག་རེད།
སྤྱི་འཐུས་ལ་སུ་ཞིག་འོས་མི་འོས་ཀྱི་ཐད་ནས་ཀྱང་མདོ་སྨད་མི་མང་རེ་རེ་ལ་ཁོང་ཚོའི་ཤེས་འཇོན་སོགས་ཀྱི་ངོས་ནས་བརྡར་ཤ་བཅད་དེ་གང་ཞིག་འོས་མི་འོས་གླེང་བའི་སྨྲ་བརྗོད་རང་དབང་དང༌། སུ་ཞིག་འོས་འདེམས་བྱེད་མི་བྱེད་ཀྱི་རང་དབང་ཐོབ་ཐང་ཡོད་པ་ཞིག་རེད། དེའི་ཕྱིར་ཁོ་བོས་ཀྱང་རང་གི་ལྟ་སྟངས་དང་མཐོང་སྣང་ལྟར་སྤྱི་འཐུས་ལ་ལངས་མཁན་དག་གི་གནས་བབ་བསྡུར་ཏེ་གླེང་གི་ཡིན།
གཅིག༽ ཁོ་བོའི་ངོས་ནས་སྤྱི་འཐུས་ལ་ལངས་མཁན་འགའ་ཞིག་ཡོད་པའི་ནང་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་ནི་ཚད་གཞིར་བཟུང་རུང་བ་ཞིག་ཏུ་མཐོང་ཡོད། དེ་མིན་གཞན་རྣམ་པ་ནི་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་དང་བསྡུར་ན་ཤེས་ཡོན་གྱི་ཚད་གཞི་དང༌། ཆབ་སྲིད་ཀྱི་གོ་རྟོགས། སྤྱི་ཚོགས་ཀྱི་རྒྱུས་མངའ། བསམ་བློའི་ལངས་ཕྱོགས་སོགས་ཕྱོགས་མང་པོ་ཞིག་ནས་བསྡུར་ཐུབ་མེད་པ་ཞིག་རེད། རྒྱུ་མཚན་ཡུན་ཐུང་གི་སྦྱངས་འབྲས་ཤེས་ཡོན་དང་ཁྱབ་ཆུང་གི་ཆབ་སྲིད་གོ་རྟོགས་སོགས་ཚད་དེ་ཙམ་ཞིག་གིས་མདོ་སྨད་མི་མང་གི་སྤྱི་འཐུས་སུ་འོས་པ་ཡིན་ན་འུ་ཚོའི་སློབ་གྲྭའི་ཁོར་ཡུག་དང་འཁྱམ་ཉུལ་གྱིས་ཉི་མ་བསྐྱལ་བཞིན་བསྡད་ཡོད་མཁན་དག་གི་ཁྲོད་དུའང་དེ་འདྲ་མང་པོ་ཞིག་འཇོག་རྒྱུ་ཡོད་པར་མཐོང༌། མདོར་བསྡུས་ཏེ་བཤད་ན་བཟང་རུང་ངན་རུང་སྤྱི་འཐུས་ནི་མི་མང་གི་འཐུས་ཚབ་པ་ཞིག་ཡིན་པས། ས་ཁུག་གཅིག་ནས་སྐྱིད་ཉལ་བརྒྱབ་ནས་བསྡད་བསྡད་དེ་གློ་བུར་ཏུ་འཕག་འཚག་ཅིག་བརྒྱབ་ནས་དམག་ཇུས་དང་མཚོན་ཆ་མེད་པར་དམག་ལ་ཆས་ནས་དཔའ་རྟགས་འཇོག་འདོད་ཀྱི་ངང་ཚུལ་དེ་འདྲ་ཞིག་གིས་མི་ཡོང་བར་བསམ་ཡོད།
གཉིས།༽ ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་གཞི་གཅིག་ཏུ་བཞག་སྟེ་ཤེས་ཡོན་གྱི་ཚད་གཞི་བསྡུར་ན་ད་ལྟའི་ཤེས་ཡོན་པའི་ཚད་གཞི་འཛིན་སྟངས་འདི་བཞིན་ཁོ་བ་གཉིས་ཡར་བཀྱག་ན་ཡང་ལྗི་མེད་པའི་ཚད་གཞི་འདྲ་མཉམ་ཞིག་ཏུ་མཐོང་གི་ཡོད། དེ་མིན་བོད་མི་རིགས་ཀྱི་གནས་བབ་འདི་ལ་དཔག་པའི་སྤྱི་ཚོགས་ལ་རྒྱུས་ལོན་དང་ཆབ་སྲིད་ཀྱི་གོ་རྟོགས་ཐད་ནས་བསྡུར་ན། ཤར་ཕྱོགས་ཁུག་རྟས་ཀླུ་མཁར་བྱམས་དང་བསྡུར་ན་ཅུང་མི་འདང་བའི་ཆ་འགའ་རེ་ཡོད་པར་འདོད། ཡིན་ནའང་ཤར་ཕྱོགས་ཁུག་རྟ་ལ་མཚོན་ནའང་ང་ཚོའི་སྤྱི་ཚོགས་འདིར་རྒྱ་ནག་གཞུང་གིས་བོད་ཐོག་ལ་བཟུང་བའི་སྲིད་བྱུས་ལ་རྣ་བ་གཏད་དེ་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ལ་བརྟན་ཚུགས་ཀྱིས་ཞུགས་པའི་རྒྱུད་རིམ་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་དང་སྤྱི་ཚོགས་ལ་རྒྱུས་མངའ་ངེས་ཅན་ཞིག་ཐོབ་ཡོད་པས། ཐེངས་འདིའི་སྤྱི་འཐུས་ལ་ལངས་པའི་འོས་མི་གཞན་དག་དང་བསྡུར་ན་ཁོ་ཚོའི་བར་ལ་ཧེ་བག་ཆེན་པོ་ཡོད་ཅེས་བཤད་ཆོག
གཞན་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀྱི་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཐད་ནས་ཤར་ཕྱོགས་ཁུག་རྟ་ནི་ྋགོང་ས་མཆོག་གཙུག་ཏུ་བཀུར་ཏེ་དབུ་མའི་ལམ་གྱི་རྩ་དོན་ཇི་བཞིན་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་པ་དང༌། ཀླུ་མཁར་བྱམས་ལ་མཚོན་ན་རང་བཙན་གྱི་ལངས་ཕྱོགས་རྩ་དོན་དུ་བཟུང་ནས་ཤར་བསྐྱོད་བྱེད་མཁན་ཞིག་རེད། ལངས་ཕྱོགས་དེ་གཉིས་ཀྱི་གང་ཡིན་ན་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་རེ་ཡིན་སྟབས་སུས་ཀྱང་དགག་རྒྱག་དམའ་འབེབས་བྱེད་མི་རུང་བ་ཞིག་རེད།
ཡིན་ནའང་ཀླུ་མཁར་བྱམས་ཀྱིས་རང་བཙན་གྱི་ལངས་ཕྱོགས་དང་འབྲེལ་བོད་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་མཚན་སྨོད་ཀྱི་སྐད་ཆ་བཤད་པ་དེ་ནི་ཁོ་བ་རང་ཉིད་ཀྱི་བསམ་བློའི་ཀུན་སྤྱོད་ཀྱིས་མ་འདང་བའི་རང་མཐོའི་ཁེངས་དྲེགས་ཀྱི་བྱས་ཉེས་ཤིག་ཡིན་པ་དང༌། གཞིས་བྱེས་བོད་མི་མང་པོ་ཞིག་གི་སེམས་ནང་ལའང་མི་དགའ་བ་དང་མི་སྐྱིད་པའི་ཚོར་བ་རྣོན་པོ་ཞིག་བཞག་ཡོད་སྲིད། དེ་བས་བདག་ལ་མཚོན་ན་ཅི་ལ་ཐུག་ཀྱང་༸གོང་ས་མཆོག་སྤྱི་བོའི་གཙུག་ཏུ་བཀུར་ཞིང་དབུ་མའི་ལམ་ནི་ད་ལྟའི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཉག་གཅིག་ཏུ་མཐོང་གི་ཡོད་པས། ཀླུ་མཁར་བྱམས་དང་ཤར་ཕྱོགས་རྟ་གཉིས་ཀྱི་རང་ཚུགས་དང་འབྲེལ་བའི་བསམ་བློའི་ཀུན་སྤྱོད། ལྟ་བ་དང་འབྲེལ་བའི་ལངས་ཕྱོགས་བཅས་ལ་གཞིགས་ཏེ་ཁོ་བོས་ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་གྱིས་མདོ་སྨད་སྤྱི་འཐུས་སུ་གདམ་རྒྱུ་ཡིན།
མི་ལ་ཤས་ཀྱིས་ཤར་ཕྱོགས་ཁུག་རྟས་རྒྱ་ནག་གི་རྒྱལ་དར་ཕྱར་ཏེ་ལས་འགུལ་ཞིག་སྤེལ་བ་དེ་དྲུད་ཡོང་ནས། ནམ་རྒྱུན་ཚིག་རྩུབ་ཀྱིས་གཤེ་དམོད་ངན་འདོགས་བྱས་ཤིང༌། སྤྱི་འཐུས་ལ་མི་འོས་ཚུལ་གྱི་སྐོར་གླེང་གིན་འདུག ཤར་ཕྱོགས་ཁུག་རྟས་རྒྱ་ནག་གི་རྒྱལ་དར་འཁྱེར་བ་དེ་ཙམ་ཞིག་ལ་སྡང་སེམས་ཀྱིས་ངན་དམོད་བྱེད་པའི་གཞི་རྩ་རྒྱ་ནག་གཞུང་གི་བྱས་ཉེས་ལ་སྡང་སེམས་ཡོད་པས་ཡིན་རྒྱུ་རེད། སུ་ལ་ཡིན་ན་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་སྡང་སེམས་ལོས་ཡོད། ཡིན་ནའང་སྡང་སེམས་ཤིག་བཟུང་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང༌། རྒྱལ་དར་བཅས་ལ་བྱེད་ཕྱོགས་འདྲ་མིན་གྱིས་དམའ་ཕབ་པ་ནི་བོད་རྒྱའི་མི་སེར་གྱི་བར་ལའང་འཆམ་མཐུན་མི་ཡོང་བའི་རྒྱུ་རུ་འགྱུར་བར་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་རེད་བསམ།
དོན་དངོས་ནི་ཤར་ཕྱོགས་ཁུག་རྟས་རྒྱ་ནག་གི་རྒྱལ་དར་འཁྱེར་བ་དེ་བོད་རྒྱའི་འཆམ་མཐུན་ལ་དམིགས་པ་ཞིག་རེད་ལ། དབུ་མའི་ལམ་གྱི་མ་འོངས་རྩ་དོན་ལ་དམིགས་པ་ཞིག་རེད། བོད་རྒྱའི་བར་མུ་ནས་མུ་མཐུད་དེ་ཕན་ཚུན་སྡང་སེམས་དང་དམའ་འབེབས་བྱས་ཏེ་བསྡད་པ་ཡིན་ན་ང་ཚོའི་བདེན་མཐའ་ནི་ནམ་ཡང་སེལ་མི་ཐུབ་པ་ཞིག་རེད། དབུ་མའི་ལམ་གྱི་འཐབ་རྩོད་ཙམ་མ་ཟད། རང་བཙན་གྱི་འཐབ་རྩོད་ལམ་ནས་བོད་ཀྱི་བདེན་མཐའ་བསལ་བར་ཡང་བོད་རྒྱ་གཉིས་ཕན་ཚུན་བསྟུན་ཤེས་ཀྱི་འཆམ་མཐུན་ནི་དགོས་ངེས་ཀྱི་ལག་ཆ་ལྟ་བུ་ཞིག་ཆགས་ཡོད།
མཐའ་དོན་རེ་བ་ཞིག་ཡོད་པ་ནི། ང་ཚོས་ལངས་ཕྱོགས་གང་ཞིག་བཟུང་ནས་བོད་ཀྱི་བདེན་མཐའ་བསལ་བར་གུ་ཡངས་དང༌། བཟོད་བསྲན། ཕུགས་རྒྱང་རིང་པོས་རྒྱ་ནག་གཞུང་དང་ཕན་ཚུན་འཆམ་མཐུན་གྱི་སྒོ་ནས་སེལ་ཐུབ་བྱེད་དགོས་པའི་གནས་ལུགས་འདི་ཤེས་དགོས་པ་ཞིག་རེད་ལ། གནས་ལུགས་འདི་བཞིན་ང་ཚོ་བོད་མི་ཡོད་དོ་ཅོག་གི་འདི་ཕྱིའི་སྐྱབས་གནས་ཉག་གཅིག་ྋགོང་ས་ཡིད་བཞིན་ནོར་བུའི་འཚེ་མེད་ཞི་བའི་སྒོ་ནས་བོད་མི་རིགས་ཀྱི་བདེན་མཐའ་སེལ་བའི་ལམ་སྟོན་བཞེད་དགོངས་ཇི་བཞིན་འགྲུབ་པར་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྦྲེལ་བྱེད་རྒྱུ་ནི་གལ་ཆེན་ཞིག་རེད་ཅེས་ཞུ་ན་འདོད།
བཤད་བབ་མ་བདེ་བར་ཐེངས་འདིའི་སྤྱི་འཐུས་འོས་མི་རྣམ་པ་དང་དེ་འབྲེལ་གྱི་རང་རིགས་སུ་ལ་ཕོག་ཐུག་རེ་བཟོས་ཡོད་ན་དགོངས་འགལ་མེད་པར་ཞུ།
ཁ་དྲོ། བཀྲ་ཤིས།
ཁྱོས་འདི་འདེམས་ན་ཁྱོད་མི་བུ་ག་འདྲ་ཞིག་ཡིན་མིན་ཤེས་གི།ཤར་ཁུག་བལྟ་བུ་མི་རང་ཚིགས་མེད་ནི་ཞིག་དང་མི་འཁྲབ་ཐོ་ཞིག།མདོ་སྨད་སྤྱི་འཐུས་ལ་མཛའ་གི་མ་རེད་ལོ།
ཤར་ཕྱོགས་ཁུག་རྟས་རྒྱ་ནག་གི་རྒྱལ་དར་འཁྱེར་བ་དེ་བོད་རྒྱའི་འཆམ་མཐུན་ལ་དམིགས་ནས་བོད་མི་དམངས་སྤྱི་མཐུས་ལྷན་ཁང་གི་ཚོགས་ཁང་གསར་པའི་ཐོག་ཏུ་སྐར་ལྔ་དར་དམར་སྒྲེང་འཛུགས་བྱས་པའི་ཉི་མོ་དེར་ཁྱེད་རང་གི་འོས་མི་ཤར་ཁུག་ལ་རྒྱལ་ཁ་ཐོབ་པ་རེད། ལོ་རྒྱུས་ཐོག་བོད་ཤིན་ཏུ་ཕབ་པ་རེད།
མདོ་སྨད་སྤྱི་འཐུས་བར་མའི་འོས་བསྡུ་སྐབས་འདིར་མི་མང་བོ་ཚ་ཚ་འུར་འུར་ངང་འོས་མི་འགྲན་སློང་ཐད་ལས་འགུལ་སྤེལ་ནས་འདུག དེ་ནི་དགའ་འོས་པའི་དོན་དང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རེད།ཡིན་ཡང་དངོས་གནས་བོད་ནས་རྒྱ་དམར་བཙོན་ལ་ཚུད་པ་དང་། བཙན་བྱོལ་ནས་དཀའ་སྡུག་མང་བོ་མྱངས་པ། ཆབ་སྲིད་ཀྱི་གོ་རྟོགས་ཡངས་ཤིང་ཆེ་བ། རང་དོན་བློས་གཏོང་བ། ཁེ་ཕན་ཆེད་ངོ་སོ་མི་ལེན་མཁན། ཕོད་པ་གསུམ་གྱི་ཀླུ་མཁར་བྱམས་འོས་འདེམས་རྒྱུ་ནི་ཧ་ཅང་གལ་ཆེ་རེད།
རྒྱུགས་རྟ་བཅོལ་མགུར།
རྟ་ཕོ་སྒོ་ཁར་བཏགས་ན། རིན་ཐང་སྡེ་བས་བཅད་ཡོང།
རྟ་རྒྱུགས་ཐང་ནས་བྱེད་དུས། ལྟད་མོ་སྒང་ནས་བལྟ་ཆོག
ཁུག་རྟ་ཀླུ་རྟ་གཉིས་ཀ བང་རྩལ་གཅིག་ལས་གཅིག་ལྷག
རྒྱུག་ཐང་འབའ་འབུར་མང་ནོ། རྟ་བདག་སེམས་ཁྲལ་གཞི་ཞིག
ཨ་མྱེས་རྨ་ཆེན་སྦོམ་ར། རྨ་ཡུལ་རྟ་རྒྱུག་ཐང་ནས།
གྱི་ལིང་རླུང་གཤོག་ཅན་པོའི། རླུང་རྟའི་ཁ་འཛིན་གནང་རོགས།
ཇོ་རུ་སྒུ་རུ་གཉིས་ཀ གླིང་གི་མཐའ་ལ་དེད་ཀྱང།
བདེན་པའི་མཐུ་ཡིས་བསུས་ཏེ། དབུ་མའི་གསེར་ཁྲི་ནོན་དགོས།
{ཁོ་བོ་ནི་ཤེས་ཡོན་པ་ཟེར་བའི་གྲས་སུ་ཚུད་མེད་ལ།} ཁོ་ལ་ཤེས་ཚད་མེད་བཞིན་དུ། ཤེས་ཡོན་པའི་གྲལ་དུ་བརྫངས་དགོས་དོན་ཅི་ཡིན། འགར་ཚེ་རྒྱལ་ལགས།
{ངའོ་སྙམ་པའི་ཁེངས་དྲེགས་ཀྱིས་ང་རང་ཤེས་ཡོན་པ་ཡིན་པར་རློམ་པ་དང༌།} ཁེངས་དྲེགས་ཀྱི་ཤེས་ཡོན་གྱིས་སུ་ཞིག་གི་མགོ་གཅོག་འདོད་རེད། མགོ་དེ་མི་མིང་གི་མགོ་ཡིན་ནམ་གཞུང་ཞབས་པའི་མགོ་ཡིན། འགར་ཚེ་ལགས།
{ད་ལྟའི་འུ་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་པའི་མིང་འཁྱེར་ནས་མི་འཇོན་འཇོན་་མདོག་བྱེད་མཁན་གྱི་ཤེས་ཡོན་པ་རྐྱལ་སྟོང་ཚོ} སྐད་ཆ་འདི་ཚོ་སུ་ལ་ཟེར་བཞིན་ཡོད་པ་རེད། བཀའ་ཤག་ལ་རེད་དམ་སྤྱི་འཐུས་རྣམ་པ་ཚོ་ལ་རེད། འགར་ཚེ་རྒྱལ་ལགས།
{ཆབ་སྲིད་ཀྱི་གོ་རྟོགས། སྤྱི་ཚོགས་ཀྱི་རྒྱུས་མངའ་ཐོབ་ཡོད།} ཆབ་སྲིད་ཀྱི་གོ་རྟོགས་མཐོ་བས་དགྲ་དར་ཕྱར་ནས་བོད་སྤྱི་སེམས་སད་པ་ཡིན་ནམ། སྤྱི་ཚོགས་ལ་རྒྱུས་མངའ་མེད་པར་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མདོག་བསྟན་པ་རེད། འདི་གཉིས་མཉམ་དུ་ཚང་བའི་ལྟ་བ་དང་རིག་པ་ཞིག་ཁོ་ལ་ཡོད་མ་མྱོང་། དོན་དངོས་ཁོས་ང་ཚོ་ལ་ཕན་གནོད་ཅི་ཞིག་བྱེད་རྩིས་ཡིན་ནམ། འགར་ཚེ་ལགས།
འགར་ཚེ་ལགས། ཁྱེད་ཁོའི་ཕ་ཡུལ་གཅིག་པ་རེད། ཁོའི་མཚང་དང་སྐྱོན་ལ་ཡང་ཆ་རྒྱུས་ཡོད་རྒྱུ་རེད། དེ་དག་ཡང་རེ་རེ་བྱས་ནས་ཅིག་གསུང་དང་། སྤྱི་མྱི་བྱེད་པ་ལ་མྱི་དེའི་སྐྱོན་ཤེས་དགོས་བ་དེ་རྩ་བའི་རྨིང་གཞི་དང་པོ་དེ་ཡིན་པས། སྤྱི་དོན་ཁ་བཤད་དོན་ལ་གནས་ནི་ཞིག་ཡིན་ན། ཉན་ནས་བསྡད་ཡོད།
རེད་ཡ། ཤར་ཁུག་གི་དར་དམར་ཕྱར་བ་བོད་ནང་གི་མེ་བསྲེག་ལས་འགུལ་གྱི་ཁ་གཏད་དུ་རང་ཉིད་བསླངས་པ་ཡིན་པས། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་སོང་ཟེར་བའི་ངག་རྒྱུན་དེ་ལས་ཛ་དྲག་ཆགས་ཡོད། དེ་བས། རྒྱ་དམར་གཞུང་གི་བསམ་ཐོག་ཏུ་འགྲོ་དགོས་ན། ཤར་ཁུག་དང་། བོང་ཀྱི་དཔའ་བོ་དཔའ་མོ་ཚོར་བརྩི་བཀུར་བྱེད་དགོས་ན་རང་བཙན་ལྟ་བར་འཇུས་པའི་ཀླུ་མཁར་བྱམས་ཡིན་པའང་ཤེས་གལ་ཆེ།
ཆབ་བྲག་ལགས། ཤར་ཁུག་ནི་རྒྱ་དམར་དར་ཆ་དགུང་ལ་འཁྱེར་མཁན་གྱི་རྒྱལ་ཚོང་བ་དང་མགོ་འདོགས་རིང་ལུགས་པ་ཞིག་རེད། ཀླུ་མཁར་བྱམས་ནི་རྒྱ་དམར་བཙོན་དུ་ཚུད་པའི་རྒྱལ་གཅེས་དཔའ་བོ་ཞིག་རེད། བོད་ནས་མདོ་སྨད་གཞོན་ནུ་འཆི་ཕོད་ཚོགས་བཙུགས་ནས་སྒྱུ་རྩལ་བ་སྨན་བླ་སྐྱབས་དང་ཁོ་ཚོ་འཐབ་རོགས་གཅིག་འོག་གི་དཔའ་བོ་དང་མི་རིགས་འདིའི་བློ་སེམས་བཅོལ་ས་རེད། ཁོ་གཉིས་བསྡུར་བ་ནི་སེང་གེ་དང་ཁྱི་ཕྲུག་དང་། སྟག་དང་ཞི་མི་བསྡུར་བ་ལྟ་བུ་རེད་ཡ།
བསྟན་པ་ཟེར་བ་འདིས། ཀླུ་མཁར་བསྟོད་ནས། སྨན་བླ་བཙོན་ལ་སྐྱོལ་འདོད་པ་ཅི་ཡིན་ནམ། ཁ་ཚོད་ནང་གི་ཚིག་བདག་མེད། བཤད་མ་ཤེས་བ་ཡིན་ནམ། ཤེས་བཞིན་དུ་ཁྱད་གསོད་བཏང་བ་ཡིན། ལན་ཁུར་ཤོག།
དེང་སྐབས་ཁུག་རྟ་ཁོ་རང་དང་ཡང་ན་ཁོ་བོར་ཁ་ལག་འབྲེལ་བསྡད་ཡོད་པའི་དྲ་འབུ་མིང་ཅན་དེ་དག་གིས་ཁུག་རྟ།
ཀླུ་མཁར་བྱམས་ཀྱི་སྐེ་ལ་སྦྱར་ནས་མིང་གྲགས་ཅིག་བཟོ་ཐབས་བྱེད་མཁན་འདུག་མོད། བཟོ་སྟངས་དེས་ཀླུ་བྱམས་ཀྱི་རྐང་པ་ནས་མར་ཅིག་འཐེན་ཐུབ་པ་ལས། ཁུག་རྟ་ཁོ་རང་ཁ་ཡར་ལ་འགྲོ་བྱེད་ཅིག་མི་འཁྱོངས་པ་གསལ་བོ་རེད། ཡང་སྐྱག་བཤད་བརྒྱག་སྟངས་ཤིག་ལ་ཁུག་རྟ་དང་བློ་སེང་གཉིས་མཉམ་དུ་བགྲིལ་ཡོང་བ་འདི་རེད། ད་དུང་ཧམ་པ་ཚ་ཐག་ཆོད་ཅིག་ལ་རྒྱལ་བ་རིན་པོ་ཆེ་མེད་རྒྱུ་ན་བློ་སེང་ཤོག་ཁག་གིས་ཁོ་བསད་སོང་བ་འདྲ་ཞིག་སྤུར་བརྒྱངས་འདུག ཁུག་རྟ་སྐད་གྲགས་དགོས་པར་ཅི་ཁག་སྟེ། འདི་འདྲའི་སྐད་གྲགས་བཟོ་སྟངས་ཐབས་སྐྱོ་བོ་ཞིག བློ་སེང་ངམ་ཁོའི་ཤོག་ཁག་ཐབས་ཅི་འདྲ་སྐྱོ་ཡང་ཁུག་རྟ་ལྟ་བུ་ཞིག་མིག་ནང་ལ་འཇོག་དགོས་པའི་ཚད་ལ་སླེབས་ག་ལ་ཡོད། དཀྲོགས་མགོ་སླངས་སྟངས་འདི་ནི་སྡུག་པ་མིག་བཙུམ་ཀྱིས་མི་མགོར་མི་ཤ་གཡོག་གི་ཡོད་སྟབས། ཁུག་རྟ་སོགས་ཀྱི་སྐད་ཆར་ཆ་འཇོག་མེད་པ་རེད་མ་གཏོགས་འདི་ཉེས་འགེབས་ཆུང་ཆུང་ཞིག་མ་རེད། རྒྱ་གཞུང་གིས་བློ་སེང་འདི་འཇིགས་སྐུལ་བ་རེད་ཟེར་ནས་ལབ་མྱངས་རེད། སོང་ཙང་ཁུག་རྟའི་སྐད་ཆ་འདི་ཚོ་པེ་ཅིན་གཞུང་གིས་ཅིག་གོ་རྒྱུ་ན། ཧ་ཧ་ཧ་་་