འབའ་སྲས།
ཞལ་རས་ཉམས་ཀྱི་མེ་ཏོག་མཛེས།།
ཕྱག་ན་སྒྲ་ཡི་པི་ཝང་སྙན།།
ཐུགས་ན་འགྱུར་གྱི་ཟེགས་མ་འཕྱོ།།
མཚོ་བྱུང་མ་ལ་ཕྱག་འཚལ་ལོ།།
ལྷོ་ཤར་སྙན་ངག་ཚིགས་བཅད་འབུམ།།
རི་མོ་བཞིན་དུ་གཟུགས་གཅིག་ཏུ།།
མེ་ལོང་ངོས་སུ་སྣང་མཛད་པ།།
དབྱུག་པ་ཅན་ལ་ཕྱག་འཚལ་ལོ།།
གངས་རིའི་ལྗོངས་ཀྱི་ར་བ་རུ།།
ལོ་ཙཱ་བ་ཡི་མགོ་བོ་ལ།།
འགྱུར་གྱི་རྐང་པ་འགོད་པ་པོ།།
ཤོང་སྟོན་མཆོག་ལ་ཕྱག་འཚལ་ལོ།།
མ་སྦྱངས་གོམས་པའི་ཤེས་བྱ་ཞིག །
སྲིད་པའི་མཐར་ཡང་རྙེད་པར་དཀའ།།
སྦྱངས་ནས་ཤེས་པའི་སྙན་ངག་གི །
བླ་མ་རྣམས་ལ་ཕྱག་འཚལ་ལོ།།
དེ་ཡང་མཁས་པའི་མཁས་པ་མཆོག །
མཁས་པའི་དབུ་ཡི་ཅོད་པན་ཏེ།།
མཁས་དབང་དམུ་དགེ་བསམ་གཏན་མཆོག །
སྒོ་གསུམ་དད་པས་ཕྱག་འཚལ་ལོ།།
རྒྱལ་དབང་ལྔ་བའི་དགྱེས་གླུ་དང་།།
རང་རྩོམ་ཡང་གསལ་སྣང་མཛོད་གཉིས།།
ལུང་ཁྲིད་ཟབ་ཁྲིད་ཐེངས་མ་གཉིས།།
གནང་མཛད་བླ་མར་ཕྱག་འཚལ་ལོ།།
སྙན་ངག་བརྡ་སྤྲོད་གང་ལ་ཡང་།།
ནང་བྱན་ཆུད་པ་མཁས་པའི་མཆོག །
རྨོངས་པའི་མུན་སེལ་སྒྲོན་མེ་གཅིག །
བཤད་སྒྲུབ་རྒྱ་མཚོར་ཕྱག་འཚལ་ལོ།།
དབྱངས་ཅན་དགྱེས་གླུ་རྒྱས་ཁྲིད་དང་།།
ཚངས་སྲས་བཞད་སྒྲ་ཟབ་ཁྲིད་ཀྱིས།།
སྨྲ་བའི་ལྕགས་སྒྲོག་གཅོད་མཛད་པ།།
སླར་ཡང་ཁྱེད་ལ་ཕྱག་འཚལ་ལོ།།
བསླབ་པ་གསུམ་གྱི་སྙིང་བོ་ནི།།
སྒོ་གསུམ་གནས་སུ་གནས་པ་ཅན།།
ངུར་སྨྲིག་འཛིན་པ་ཀུན་གྱི་མཆོག །
བླ་བྲང་ཨ་ཁུར་ཕྱག་འཚལ་ལོ།།
འདི་ལྟར་བརྒྱུད་པའི་བླ་མ་དང་།།
དངོས་སུ་མཇལ་ཞིང་བཀའ་དྲིན་ཅན།།
སྙན་ངག་བླ་མ་མ་ལུས་པར།།
སྒོ་གསུམ་དད་པས་ཕྱག་འཚལ་ལོ།།
༡༣/༠༢/༡༤ ཕྱི་དྲོར་རང་ཁྱིམ་དུ།
བླ་མ་བཞུགས་དུས་དད་པའི་སྤུ་མ་ལངས།།
མེད་དུས་མཆི་མ་བཀུ་བ་གླེན་པའི་རྟགས།།
་
སྙན་པའི་ངག་ལ་དབང་འབྱོར་བ།།
སྙན་ངག་མཁན་ལ་ཕྱག་འཚལ་ནས།།
སྙན་ངག་མཁན་གྱི་སྙན་ངག་ལ།།
དགེ་སྐྱོན་ཅུང་ཟད་གླེང་བར་བྱ།།
དབྱངས་ཅན་མ་ཡི་མན་ཆད་ནས།།
རྩ་བའི་བླ་མ་ཡན་ཆད་དུ།།
ཤོང་སྟོན་ལོ་ཙྪ་མ་གཏོགས་པ།།
བགྲང་རྒྱུ་མེད་ལ་ཕྱག་འཚལ་ལོ།།
མིའུ་ཐུང་གོམས་པ་གསུམ་གྱིས་ནི།།
ཁམས་གསུམ་བརྒལ་པ་མི་འཚར་ཏེ།།
སྙན་ངག་མཁན་གྱི་ཚིག་གསུམ་གྱིས།།
བརྒྱུད་པའི་བླ་མ་བརྒལ་འདི་མཚར།།
དབྱིག་པ་ཅན་དང་ཤོང་སྟོན་དང་།།
དམུ་དགེ་བསམ་གཏན་བཤད་སྒྲུབ་བཅས།།
༼སྙན་ངག་བླ་མ་མ་ལུས་པ།།༽
རྫོགས་པར་མཛད་ལ་ཕྱག་འཚལ་ལོ།།
ད་དུང་ངག་རིག་སྙན་ཆ་ལ།།
ལེགས་ཆ་མེད་པ་མ་ཡིན་ཏེ།།
རྦབ་ལ་འདྲིལ་བའི་རྦབ་ཆུ་བཞིན།།
ལྷུང་ལྷུང་བཞུར་ལ་ཕྱག་འཚལ་ལོ།།
ཚིག་གི་གཅོད་མཚམས་འགྱུར་གྱི་ཉམས།།
འགྲན་ཟླ་ཡོད་པ་མ་ཡིན་ཏེ།།
མཁས་གྲུབ་དགེ་ལེགས་དཔལ་བ་ཡང་།།
སྐྱེངས་པའི་ཟོལ་གྱིས་ཁོངས་ནས་འཛུམ།།
ད་ལྟ་དུས་ཀྱི་ཡང་མཐའ་འདིར།།
དྲ་ལམ་འཁོར་སྐར་རྒྱུ་ལམ་ན།།
ཚིག་སྦྱོར་ཚིག་གི་ཚིག་ཇ་ཞིག།
འཐུང་རྒྱུ་ཡོད་ལ་ཕྱག་འཚལ་ལོ།།
ད་དུང་སྙན་ངག་པད་ཚལ་ན།།
རིག་སྨྲ་བུང་བ་རྩེན་དགོས་ན།།
ཉིད་ཀྱི་ལྗགས་ཡངས་པད་འདབ་ནི།།
ཟུམ་པ་མེད་པར་བཞད་གྱུར་ཅིག།
ཡག་པོ་བྲིས་འདུག ང་རང་གིས་བཀའ་དྲིན་ཅན་གྱི་བླ་མ་དེ་ཚོ་ཡང་དྲན་གསོས་ཐེབས་བྱུང་།
སྐུ་གཟུགས་རིད་ཀྱང་སྙིང་སྟོབས་སེང་གེའི་ཁྱུ།
གསུང་བབ་འཇམ་ཡང་ལོག་སྨྲའི་སྟག་གིས་མིན།
ཐུགས་སེམས་ཆུང་ཡང་བདེན་གཉིས་དོན་མི་རྨོངས།
དྲིན་ཅན་བཤེས་གཉེན་རབ་རྒྱས་ཞབས་ལ་བཏུད།
དཔེ་རྒྱན་སོ་གཉིས་མི་རྟག་ཆོས་ལ་སྦྱར།
དོན་རྒྱན་སོ་ལྔ་རྒྱུ་འབྲས་ཆོས་ཀྱིས་ཁྲིད།
གབ་རྒྱན་ལ་སོགས་བྱང་སེམས་ཕན་ཡོན་བསྟན།
ངེས་དོན་བཤེས་གཉེན་སྐལ་བཟང་བཀའ་དྲིན་ཆེ།
རྩོམ་མཁན་སྒྱུར་མཁན་འཆད་ཁྲིད་མཁན།།
སྙན་ངག་ལྷ་དང་བཞི་བོ་ལས།།
ཙོང་ཁ་བ་དང་དགེ་ལེགས་དཔལ།།
གངས་རིའི་ཁྲོད་ཀྱི་སྙན་ངག་མཁན།།
རེ་རེའི་ཡི་གེར་འགོད་པ་ན།།
གནམ་ས་ཤོག་བུར་མ་བྱས་པར།།
ཤོང་བའི་འབྲི་ས་རྙེད་མ་གྱུར།།
སྙན་ངག་བླ་མ་དགེ་རྒན་ཞིག།
མཇལ་བསྐལ་ཚེ་ལ་མ་བཀོད་པས།།
ཕ་མའི་ངག་གི་སྦྱོར་ལ།།
འབྲོག་པ་རྒན་པོས་ཕྱག་འཚལ་ལོ།།
སྙན་དེབ་མཐུག་པོར་གོ་བ་ཞིག།
ཨེ་ཡོད་ལྟ་བའི་ཁོམ་མེད་པས།།
དྲ་བའི་ནང་གི་ཚིག་སྦྱོར་ལ།།
འཕྱ་ལད་རྒྱག་བཞིན་ཕྱག་འཚལ་ལོ།།
ད་ནས་བཟུང་རོང་པའི་ལྷ་མོ་དབྱངས་ཅན་མའི་ཚབ་དུ་་་བོད་ཡུལ་རང་གི་འབྲོག་མོ་ཚ་པོ་ཚ་པོ་ཞིག་འཇོག་ཐག་ཆོད་ཡིན།
སྙན་པའི་ངག་གི་བྱིན་རླབས་སྣ་མང་རྒྱུན། །
སྩོལ་མཛད་སྙན་དངགས་ལྷ་མོ་རྒྱ་བོད་ལ། །
དབྱངས་ཅན་མ་དེ་ཕྱི་ནང་གཉིས་ཀ་ཡིས། །
ལྷ་རུ་འདོད་པའི་ཡི་དམ་ལྷ་ལ་འདུད། །
དབྱངས་ཅན་རྒྱུད་མངས་སྒྲ་ལས་ཉེར་ཐོན་པའི།།
སྙན་ཚིག་བུ་རམ་ཁྱོར་གང་འདིར་བཤམས་པས།།
ཡུན་རིང་ཚིག་མུག་བསྲན་པའི་སྐྱེ་བོ་དེར།།
བདུད་རྩིའི་བགོ་བཤའ་བྱས་པ་ཅིས་མ་ཡིན།།
སྙན་དངགས་ལྷ་མོ།
ཚངས་སྲས་མོ་ཡི་སྐུ་ལུས་མཛེས། །
མཚོ་འབྱུང་ལྷ་མོའི་སྒྲ་སྙན་སྙན། །
དབྱངས་ཅན་ལྷ་མོའི་ངག་དེ་འཇེབས། །
སྙན་དངགས་ལྷ་མོས་དངོས་གྲུབ་སྩོལད། །
དབྱངས་ཅན་མ་ཞུ་བ་འདི་ཕལ་ཆེར་རྒྱ་གར་བྲམ་ཟེའི་རིགས་བརྒྱུད་སྣ་རིང་ལས་བྱུང་བའི་ལྷ་མོ་ཞིག་ཡིན་པར་ངེས། བྲམ་ཟེའི་རིགས་བརྒྱུད་སྣ་རིང་ལས་བྱུང་བའི་སྔོན་གྱི་སློབ་དཔན་དེ་ཚོས་ཁོ་རང་ཚོའི་མི་རིགས་དེ་ཤིན་ཏུ་རྩ་ཆེན་དུ་བཟུང་ནས། མི་རིགས་དེའི་རིགས་བརྒྱུད་ལས་གྲོལ་བའི་ལྷ་རིགས་འདྲ་མིན་སྣ་ཚོགས་པ་བཟོས་པ་ཡོད་རེད། དེ་འདྲའི་ལྷ་རིགས་འདྲ་མིན་སྣ་ཚོགས་དེ་ལ། མི་རིགས་གཞན་ལ་དད་མོས་དང་གསོལ་བ་འདེབས་གུས་བཀུར་བཅས་བྱེད་དུ་བཅུག་ནས། དུས་གཏན་དུ་བྲམ་ཟེའི་མི་རིགས་སྣ་རིང་དེ་ལ་གང་ཟག་སུས་ཀྱང་ལྷ་རིགས་སམ་གཙང་རིགས་ཅིག་ལ་ངང་ངམ་ཞུགས་ཀྱིས་བརྩི་བཀུར་ཞུ་དགོས་པ་ཞིག་བཟོས་ཡོད་པ་རེད། ད་འདི་ལ་བོད་པ་སྣ་ལེབ་ཚོས་བསམ་བློ་ཡག་པོ་ཐོངས། བོད་པ་སྣ་ལེབ་ཚང་མགོ་བསྐོར་འོག་ལ་བཙུད་པ་ཐེངས་གཅིག་རང་ཨ་ཡིན་ནམ། དེ་བྱས་ནས་ཞུས་པ་ཡིན། ཡང་ངས་མི་ཤེས་ཤེས་མདོག་ཅིག་ཤོར་སོང་ན་དགོངས་འགལ་མེད་པ་ཞུ། བོད་རང་གི་་རང་འབྱུང་ཁམས་ཀྱི་འབྲོག་མོ་གླུ་ངག་སྙན་མོ་མ་དེ་ཚོ་རོང་མོ་དབྱངས་ཅན་མ་ལས་ལྷག་པ་ཞིག་ཡོད་ན་མ་གཏོགས་སྐྱོ་བ་ཞིག་རྩ་བ་ནས་ཡོད་པར་མི་སེམས་སོ། །
ཧེ་ཧེ། ལྷ་མི་གཅིག་ཏུ་ལྟ།
Bonpo ལགས།
བོན་གྱི་ནང་ལ་རིག་པའི་ལྷ་གཙོ་བོ་སུ་བསྟེན་ནམ། འདི་སྐོར་ལ་མདོར་ཙམ་གསུང་རོགས།
བོན་ལ་རིག་པའི་ལྷ་ཡོད་ནི་མ་རེད། འོན་ཀྱང་ལད་མོ་བྱས་ནས་བཟོ་ལ་ཡོད་ནི་རེད། དེ་ཡང་ས་ཆ་གང་ཡང་མེད་ས་ཞིག་ནས་འཁྲུངས་པ། དབྱངས་ཅན་མ་དང་འདྲ་བོ་ཡོད་པ། མིང་མི་གཅིག་པ། སྔགས་ཀྱང་མི་གཅིག་པ་དེ་འདྲ་ཞིག་བཟོ་ལ་ཡོད་ནི་རེད་པ།
་་་་་་ བོད་རང་གི་་རང་འབྱུང་ཁམས་ཀྱི་འབྲོག་མོ་གླུ་ངག་སྙན་མོ་མ་དེ་ཚོ་་་་་་་་་
སྤྱིར་སྟངས་རོང་པའི་ལྷ་མོ་དབྱངས་ཅན་མ་ལ་གསོལ་བ་སྨོན་ལམ་བརྒྱབ་ན་ལོས་འགྲིག། དེ་སོ་སོའི་དད་མོས་རང་དབང་རེད། སུ་དང་གང་གིས་འགག་པར་མི་འོས། ཡིན་ནའང་གངས་ཅན་གདོད་མའི་བོད་ཀྱི་གླུ་དབྱངས་དང་སྙན་ངག་ཞབས་བྲོ་དང་སྒྱུ་རྩལ་སོགས། ཡོད་ཚད་ཀྱི་བྱུང་ཁུངས་དེ། རོང་ལྷ་དབྱངས་ཅན་པ་གཏུག་དགོས་ཟེར་ན་ངོས་ལེན་རྩ་བ་ནས་ཞུ་མི་ཐུབ། བསམ་ཚུལ་འདི་རིགས་ནི་དོན་དངོས་ལ་ཡང་གནས་ཐུབ་ཀྱི་མེད། དེ་སྔ་བར་བོད་ཡུལ་རང་གི་ལྷ་མོའི་རིགས་དང་བུད་མེད་ཀྱི་རིགས་ལ། བོད་མི་རང་གིས་མཐོང་ཆུང་དང་ཁྱད་གསོད་འཇིག་རྟེན་འདིར་མི་སྲིད་པ་ཞིག་བྱས་པ་དེར། རང་གིས་རང་ལ་གནོང་འགྱོད་དྲག་པོས་ཐོལ་བཤགས་ཕུལ་ན་ཡག་ས་མ་རེད་དམ། དེང་སང་བོད་ནང་གི་གླུ་བ་གླུ་མ་མང་པོ་ཞིག་གིས་རོང་ལྷ་དབྱངས་ཅན་མའི་ཐང་སྐུ་སོགས་ཡར་བཤམས་ནས། ཁོ་ཚོས་གླུ་གཞས་ཀྱི་ཁུངས་གཏུག་ས་ཡིན་མདོག་སྟོན་བཞིན་འདི་རིགས་ནི། བླུན་པོ་ཆུ་སྣ་གར་ཁྲིད་ཟེར་བ་དེ་མིན་ན་ཅི་ལ་ཡིན། ལས་སྟངས་འདི་རིགས་ལ་བསམ་ན། ཕ་སྐད་གཙང་མ་ཟེར་བ་དང་བོད་མི་རིགས་ཀྱི་ངོ་བོ་གཙང་མ་བཟུང་དགོས་ཟེར་བའི་བྲག་ཆ་འདྲ་པོ་དེ་ཚོ་དོན་ལ་གནས་མིན་ཡང་བརྟག་པའི་གནས་སུ་རིགས་པར་བྱའོ།
བསམ་ཤེས་ལགས།
ཁྱེད་ཀྱིས་་་བོན་གྱི་ནང་ལ་རིག་པའི་ལྷ་གཙོ་བོ་སུ་བསྟེན་ནམ། འདི་སྐོར་ལ་མདོར་ཙམ་གསུང་རོགས་་་གསུངས་པ་ལ་ལན་ཞིག་འབུལ་བར་སྤྲོ། བོན་གྱི་ནང་ལ་རིག་པ་ལྷ་མང་པོ་ཡོད། སྤྱིར་ལྷ་གང་ཞིག་ཡེ་ཤེས་ཀྱི་ལྷ་ཡི་ངོ་བོར་གནས་པ་ཡིན་ན་རིག་པའི་ལྷ་རུ་བསྟེན་པར་འོས། དེ་ལ་ལྷ་ཕོ་དང་མོའི་ཁྱད་པར་ཡོད་པར་མི་སེམས། གནས་ལུགས་དོན་གྱི་ངོ་བོའི་ཆ་ནས་བྱས་ན་་་དབྱིངས་ཀྱི་ཡུམ་ཆེན་མོ་་་ནི་འཁོར་བ་དང་དམྱང་འདས་ཀྱི་དོན་ཕྲ་རགས་ཡོངས་རྫོགས་གཅིག་ཆར་རམ་རིམ་ཅན་གང་གི་སྒོ་ནས་ཀྱང་གདུལ་བྱའི་བློ་ལ་གསལ་བར་སྟོན་པར་བྱེད་པའི་རིག་པའི་ལྷ་དངོས་གནས་དེ་ཡིན། དེ་ལ་བོན་གྱི་གཞུང་ཆེན་རྣམས་སུ་་་ས་ཏྲིག་ཨེར་སངས་་་ཅེས་སུ་མཚན་ནས་འབོད་པར་བྱེད། ས་ཏྲིག་ཨེར་སངས་ནི་བདེར་གཤེགས་གཙོ་བོ་བཞིའི་ནང་གི་གཙོ་མོ་དེ་རེད། བདེར་གཤེགས་གཙོ་བཞི་ནི། ཡུམ་ཆེན་ས་ཏྲིག་ཨེར་སངས། ལྷ་ཆེན་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། སྟོན་པ་གཤེན་རབ་མི་བོ། བཅས་བཞི་ཡིན། ཡུམ་ཆེན་ས་ཏྲིག་ཨེར་སངས་ནི་བོན་མདོ་རྒྱུད་མན་ངག་ཀུན་གྱི་ཕུགས་གཏུག་ས་དེ་རེད། དེ་ཡང་་་དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཀྱི་ཀློང་ལ་སྐྱབས་སུ་མཆིའོ་་་ཞེས་གཞུང་ཆེན་ཀུན་གྱི་དབུར་མཇལ་རྒྱུ་ཡོད། ལྷ་མོ་འདི་ལས་འཕྲོས་པའི་ཞི་རྒྱས་དབང་དྲག་གི་ལྷ་མོ་མང་པོ་ཞིག་ཡོད་པའི་ནང་ནས། རྒྱལ་བའི་ཡུམ་ཆེན་་་ཤེས་རབ་བྱམས་མ་་་་ཞུ་བ་འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་བླ་སྲོག་དུ་གྱུར་བའི་ལྷ་མོ་དེ་ཡང་ཡོད། སྤྱིར་བོན་ལུགས་ཀྱི་བསྒྲུབ་གཞུང་ཚད་ལྡན་ཞིག་ཡིན་ན་རྒྱུད་གཞུང་ཁུངས་མ་ཞིག་གཞིར་བཞག་ནས་ལྷ་དེའ་ིབསྒྲུབ་གཞུང་གཏན་ལ་འབེབ་དགོས་པ་རེད། དེ་ལྟར་མཛད་པའི་ཤེས་རབ་བྱམས་མ་ལ་བསྒྲུབ་གཞུང་ཆ་ཚང་བ་ཞིག་ཡོད་པའི་ནང་དུ་ཤེས་རབ་བློ་འཕེལ་མའི་བསྒྲུབ་གཞུང་དམིགས་བསལ་བ་ཞིག་ཀྱང་འདུག། དེ་བཞིན་ཞང་ཞུང་གི་བོན་སྐོར་ནང་དུ་་ཨ་ཏི་མུ་ཝེར་་ཞུ་བ་དང་་་ཀུ་བྱི་མང་ཀེ་་་ཞུ་བའི་ཡེ་ཤེས་ཀྱི་ལྷ་དེ་དག་རིག་པའི་ལྷ་རུ་བསྟེན་པར་འོས། དེ་བཞིན་་་གནམ་ཕྱི་གུང་རྒྱལ་་་ནམ་མཁའི་མཛོད་འཛིན་མ་ཞུ་བ་དེ་ཡང་རིག་པའི་ལྷ་རུ་བསྟེན་པར་འོས་ཅིས་ན་ནམ་མཁའི་མཛོད་འཛིན་ཐུབ་མཁན་གྱི་ལྷ་མོ་ཞིག་ཡིན་ན་དེས་སེམས་རིག་ལ་དབང་བསྒྱུར་ཐུབ་མཁན་ཞིག་ངེས་པར་དགོས་པ་རེད། རྒྱུ་མཚན་ནི་བོན་ལུགས་སུ་འབྱུང་བ་ལྔ་ཡི་ནང་ནས་ནམ་མཁའ་ནི་སེམས་ཀྱི་འབྱུང་གཞི་དེ་ཡིན། འདི་ཚོ་བོན་པོའི་རིག་པའི་ལྷ་དངོས་གནས་དེ་ཡིན་པར་ངེས། འདི་ནི་ངའི་ད་ལྟའི་ཤེས་པར་དྲན་ཚོད་ཙམ་ཡིན། ད་དུང་བོན་ལ་་་ཕྱྭ་ཀིང་ཙེ་ལིང་མེད་་་ཞུ་བའི་རིག་པའི་ལྷ་ངོ་མཚར་ཅན་ཞིག་ཀྱང་ཡོད་དེའི་བསྒྲུབ་གཞུང་དང་བཅས་པ་ཆ་ཚང་ཡོད་པ་རེད། ཕྱྭ་སྲས་ཀིང་ཙེ་་་ཡང་འབོད། དེ་རྗེས་་་ཤེས་རབ་སྨྲ་བའི་སེང་གེ་་་ཞུ་བའི་སྨྲ་སེང་རིགས་ལྔའི་རིག་པའི་ལྷ་ཚོགས་ཀྱི་བསྒྲུབ་གཞུང་དང་བཅས་པ་ཆ་ཚང་ཡོད། ད་དུང་དྲན་ལ་མི་དྲན་མང་པོ་ཞིག་འདུག་མོད་ད་ལན་འདི་ཙམ་མོ། །
ད་འདི་ཚོ་ང་ཚོ་བོད་པའི་ལྷ་ཨ་ཡིན་ན། ཞང་ལྷ་ཡིན་རྒྱུ་རེད།
ཞང་ལྷ་དང་འབྲུག་ལྷ་ཡིན་ན་བོད་པའི་ལྷ་མ་ཡིན་དགོས་ན་ཁག་པོ་བཟོས་ཡོང་ད་ཨ་རོགས། ཁམས་པའི་ལྷ་ཨ་མདོའི་ལྷ་དབུས་གཙང་གི་ལྷ་སྟོད་པའི་ལྷ་མོན་པའི་ལྷ་སོགས་མང་པོ་མང་པོ་དབྱེ་ཆོག་ལེ་རེད་ད། རྣམ་རྟོག་ལ་མཐའ་མེད་པ་དང་ལྕེ་ལ་རུས་པ་མེད་སོང་དུས་ལབ་རྒྱུ་མང་པོ་ཡོད་ལེ་རེད། །
དཔེ་ཡག་པོ་བྲིས་འདུག ཤུགས་རྒྱོབ།
་་་་་་ བདེར་གཤེགས་གཙོ་བཞི་ནི། ཡུམ་ཆེན་ས་ཏྲིག་ཨེར་སངས། ལྷ་ཆེན་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། སྟོན་པ་གཤེན་རབ་མི་བོ། བཅས་བཞི་ཡིན། ་་་་་་
་་་་་་་ དེ་བཞིན་ཞང་ཞུང་གི་བོན་སྐོར་ནང་དུ་་ཨ་ཏི་མུ་ཝེར་་ཞུ་བ་དང་་་ཀུ་བྱི་མང་ཀེ་་་ཞུ་བའི་ཡེ་ཤེས་ཀྱི་ལྷ་དེ་དག་རིག་པའི་ལྷ་རུ་བསྟེན་པར་འོས། ་་་་་་
ང་ཡི་ཆོས་ལུགས་ཡང་དག་ཡིན། ང་ཡི་ལྷ་རྣམས་ངོ་མ་ཡིན།
གཞན་དག་རྫུན་ནམ་འདྲེ་འོ་ཞེས། ལྟ་བའི་དུག་འདིས་ཆོས་ལུགས་དཀྲུགས།
རྒྱ་གར་བྲམ་་ཟེ་བཟང་ངམ་ངན་ཡང་རུང། རིག་གནས་རོལ་དབྱངས་སྒྱུ་རྩལ་སྣ་ཚོགས་དང།
ཆོས་ཀྱི་གྲུབ་མཐའ་མང་པོའི་འབྱུང་ཁུངས་ཏེ། མི་རིགས་གཞན་ལས་ལྷག་པ་མངོན་སུམ་རེད།
ད་ལོ་ཟི་ལིང་ལ་སོང་བ་ཡིན། རིག་གནས་འགྲེམ་སྟོན་ཁང་ཟེར་ནི་འགྲེམ་སྟོན་ཁང་ཤིན་ཏུ་རྒྱ་ཆེན་པོ་ཞིག་བཞེངས་འདུག བོད་ཀྱི་བན་བོན་གཉིས་ཀའི་ཆོས་ལུགས་ནང་ཡོད་པའི་ལྷ་རྣམས་དང་། བཙན་པོ་རྣམས། ལྷག་པར་དུ་སྨན་རམས་བརྒྱུད་པའི་བླ་མ་རྣམས་བྲིས་སྐུ་བྱས་ནས་བཞེངས་ཡོད་ཀི བོན་པོའི་ལྷ་དེ་འདྲ་མང་པོ་མཐོང་བ་ཐེངས་དང་པོ་ཡིན། བོད་ལ་མི་ལས་ལྷ་མང་ནི་འདྲ་ཞིག་རེད་ཀོ
ད་དུང་ཕ་ཡུལ་ནས་བོན་པོ་དང་འབྲེལ་བའི་ཅ་དངོས་རྙིང་བ་ཁ་ཤས་རེག་སོང་། བོན་དགོན་ཞིག་རོ་ཞིག་ཡོད་པ་མི་ཚང་མས་ས་རློག་རྡོ་རློག་བྱས་ནས་ཅ་དངོས་བཙོང་གི་འདུག ང་ལ་ཡང་སྐལ་བ་ཞིག་རེག་སོང་། མཆོད་ཆ་དེ་ཚོ་བན་བོན་གཉིས་ཀ་གཅིག་པ་འདྲ་ཞིག་རེད། སྡུག་ག་ཞིག་ལ་ང་ཚོ་ཕ་ཡུལ་ནས་ཁྱིམ་ཚང་གིས་ཅ་ལག་དེ་དག་ཉེར་མི་ཐུབ་ཀི་ཟེར། ཉེར་ནས་ཁང་བ་ནང་ནས་སྒྲ་ཡ་མཚན་པ་དེ་འདྲ་གྲགས་ཡོང་གི་ཟེར། ངའི་ཅ་དངོས་དེ་ངའི་ལག་ཏུ་སླེབས་པ་ནས་བཟུང་སྒྲ་གང་ཡང་གྲགས་མི་ཐུབ་ཀི ངའི་ཆོས་སྐྱོང་བཙན་ས་རེད་ཡ།
འདིའི་སྐོར་གྱི་ཟིན་ཐོ་ཞིག་འབྲི་འདོད་མོད། སྐྲག་ནི་ཞིག་རེད། ཁ་སང་ཀླུ་སྨྱོན་གྱི་གཅིག་འབྲི་རོགས་གྱིས་ཟེར་མོད། ད་འབྲི་ཐུབ་ས་མ་རེད།
ཁ་སང་ཁྲོམ་ལ་སོང་ཡིན། གསར་བུ་གསར་མོ་ཁ་ཤས་ཤིག་མཐོང་སོང་། ཁོ་ཚོའི་གོན་པ་རལ་མེད་པ་གཅིག་ཀྱང་མི་འདུག དཔལ་འབྱོར་མེད་པས་མ་རེད། དེ་ཚོ་མཐོང་བས་སྙན་ངག་ཟེར་བ་འདི་ངས་འདི་ལྟར་འབྲི་དགོས་རེད་བསམ་སོང་། དུས་རབས་ཀྱིས་ང་ཚོ་ཚ་འདེད་གཏོང་གི་འདུག་བསམ་བྱུང་།
བོན་པོ་ལགས་ཐུགས་རྗེ་ཆེ། བོན་གྱི་རིག་ལྷའི་སྐོར་ཏོག་ཙམ་ཤེས་སོང་།
ཐང་རྒྱལ་རབས་ཀྱི་སྐྱོ་གླུ་རྒྱ་སྐད་ལས་བསྒྱུར་བ་ཞིག་ལ།
དཀར་གསལ་ཟླ་བ་བཀྲ་ཡང་། །
སེམས་ལ་མུན་པ་རུབ་སོང་། །
སྟོད་རླུང་སིལ་སིལ་ལྡང་དུས། །
ཐག་རིང་གཉེན་ཉེ་དྲན་བྱུང་། །
གཞོན་ནུ་ཟླ་མེད་ལགས། །
སྐུ་ཉིད་ཟི་ལེང་ལ་ཕེབས་པར་ལེགས་གསོལ་ཞུ། གཡས་གཡོན་གང་སར་གཟིགས་སྐོར་ཡག་པོ་གནང་ཐུབ་ཡོད་པའི་རེ་བ་ཆེ། མ་ཚད་ཁྱེད་ཀྱིས་བོད་ཡུལ་དུ་མི་ལས་ཀྱང་ལྷ་མང་བ་ཡོད་པ་ད་ལན་གཞི་ནས་མཁྱེན་འདུག། ངས་བལྟས་ན་བོད་ཡུལ་དུ་ལྷ་ལས་ཀྱང་འདྲེ་མང་འདྲེ་ལས་ཀྱང་གདོན་མང་བ་ཡོད་ངེས། ཧཧཧ ད་དེ་ཚོ་ཕར་བཞག་ན་དགའ་ས་རེད། དེ་ལས་ཁྱེད་ལ་བོན་པོའི་ཅ་དངོས་རྙིང་བ་ཁ་ཤས་རེག་སོང་གསུངས་འདུག་པས་ཅ་དངོས་གང་དང་གང་ཡོད་ཤེས་འདོད་ལངས་ནས་བསྡད་ཡོད། ལོ་ཤས་སྔོན་ཁྱེད་ཀྱིས་ཕ་ཡུལ་དུ་བོན་པོའི་དགོན་པ་རྙིང་པའི་ཞིག་ཤུལ་ཞིག་ཡོད་སྐོར་ང་ལ་གསུངས་སོང་། དེ་དུས་མི་ཞིག་དེར་ལྟ་སྐོར་ལ་གཏོང་འདོད་ལངས་ཀྱང་ཁྱེད་ཀྱིས་ཕ་ཡུལ་གྱི་མི་རྣམས་གྱོང་སས་ཡོད་རབས་དང་སྟབས་མ་ལེགས་ན་མགོ་ཁྲག་རལ་ཉིལ་ལེ་བཟོ་གི་རེད་གསུངས་བྱུང་། དེ་གོ་བ་དང་ང་བོན་པོ་ཉམ་ཆུང་ད་ལས་རྒྱུ་མང་ན་ཉོ་ཆ་གཟེད་ཡོང་བསམ་ནས་ཁྱེད་ལ་མང་པོ་ཞིག་ཞུ་མ་ཕོད། བདེན་པ་ཡིན་ད། ཡིན་ནའང་ད་ལམ་ཁྱེད་ཕ་ཡུལ་གྱི་བོན་པོའི་དགོན་པ་རྙིང་པའི་ཞིག་ཤུལ་ས་གནས་དེར་སྐུ་དངོས་སུ་ཕེབས་ནས་ཅ་དངོས་རྙིང་པ་ཁ་ཤས་ཀྱང་རགས་ཡོད་རབས་གསུངས་འདུག་པས་དགའ་ཚོར་ཆེན་པོ་བྱུང་། བྱུང་ན་འདི་ཚོའི་སྐོར་གྱི་ཟིན་ཐོ་དེ་དཔར་རིས་དང་སྦྲག་ངེས་པར་འདུ་འབྲི་རོགས་གནོངས་ཟེར་ནས་རེ་བརྐུལ་ཞུ་བཞིན་ཡོད། ཁྱེད་ཀྱིས་བོན་དགོན་ཞིག་རོ་ཞིག་ཡོད་པ་མི་ཚང་མས་ས་རློག་རྡོ་རློག་བྱས་ནས་ཅ་དངོས་བཙོང་གི་འདུག་གསུངས་འདུག་པས་གནས་ཚུལ་འདི་ཚོ་ཉན་ཁ་ཆེན་པོ་རེད། བོན་པོའི་ཅ་དངོས་རྙིང་པ་དེ་ཚོ་ལ་བོད་མི་རིགས་ཀྱི་སྔ་རབས་ལོ་རྒྱུས་རིན་ཐང་ཅན་མང་པོའི་དཔང་རྟགས་ཡོད་པ་རེད། ཅ་དངོས་དེ་ཚོ་བྱུང་ན་འགྲེམ་སྟོན་ཁང་ཞིག་བཟོས་ནས་དེར་བཤགས་སྟོན་བྱས་ནས་རང་གཞན་ཀུན་ལ་ཕན་ཆེ་བར་སེམས། ཅ་དངོས་ཕྱི་མི་ལ་ཚོང་བསྒྱུར་བྱས་ན་བོན་པོའི་སྲུང་མས་ཁྱེད་རང་ཚོ་ག་བར་སོང་བ་ཡིན་ནའང་རྗེས་དེད་བྱང་ཡོང་ད། ངས་ནི་བོན་པོའི་སྲུང་མ་དངོས་གནས་དྲང་གནས་དེ་ཚོ་ལ་འཕྲིན་བཅོལ་ཞུ་བ་དང་གསོལ་མཆོད་འབུལ་བ་སོགས་ཡག་པོ་ཤེས་ཀྱི་ཡོད་དོ། ད་ཡང་ཁོ་རེ་རྐང་རྩ་འདར་མ་ཡོང་ཨ། ཧཧཧ ཀུ་རྩེ་ཞུས་པ་ཡིན་ད་། དངོས་ནས་ཡིན་ན་རང་བྱས་རང་ལ་སྨིན་རྒྱུ་ཡིན་དུས་ཞེད་དགོས་ན་ལས་རྒྱུ་འབྲས་ཀྱི་སྲུང་མ་ལ་ཞེད་དགོས་པ་རེད། གཞན་སོ་སོའི་དྲང་པོ་དྲང་བཞག་བྱས་ན་བན་བོན་གྱི་ལྷ་འདྲེའི་་སྲུང་མ་ཁག་ལ་ཞེད་དགོས་དོན་ཡོད་མ་རེད་བློ་བདེ་པོ་བྱས་ནས་སྡོད། གནམ་གཤིས་ཚ་དྲང་གིས་རྐྱེན་པས་་ནང་གི་ཤིང་ཆ་ཁག་ལ་ཚག་སྒྲ་དེ་འདྲ་གོ་རྒྱུ་མང་པོ་ཡོད་རེད། དེ་ཚོ་གནམ་གཤིས་ཀྱི་རྐྱེན་རེད་མ་གཏོགས་ལྷ་སྲུང་གིས་བྱས་པ་མ་རེད་དོ། ད་དུང་བོད་པ་རྒན་རབས་དེ་ཚོས་དགོང་མོ་ཉལ་རན་དུ་བོད་ཇ་གར་པོ་དེ་འདྲ་ཡག་ཐག་ཆོད་བཏུང་དེ་ནས་མཚན་མོ་གཉིད་མ་ཁུག་དུས་ལྷ་དང་འདྲེས་གནོད་པ་གཏོང་གི་འདུག་ཟེར་ནས་ཤི་བྲབ་ཤི་བྲབ་འདྲ་བྱེད་ཀྱི་འདུག། འདི་ཚོ་ཚང་མ་རང་གི་རྣམ་རྟོག་གིས་བཟོས་པའོ་ལྷ་འདྲེ་རེད་མ་གཏོགས་དོན་དངོས་ལ་གྲུབ་པ་གང་ཡང་མེད་དོ། །
ཆབ་བྲག་ཕོ་ཉས་ཅི་ཞིག་འགོག་བཞིན་ཡོད་དམ། ཕ་རོལ་པོའི་འདོད་པ་དང་ཚིག་ཟིན་ལ་གང་བྲིས་འདུག་ལྟ་ལོངས་མེད་པར་ལམ་སེང་མུན་ནག་མདའ་འཕེན་མ་གནང་ན་ལེགས། བསྐལ་པ་བཟང་བ་ཞིག་ལ་ད་བར་བོན་པོ་ཚོས་ཆོས་ལུགས་དཀྲུགས་པའི་ལོ་རྒྱུས་ཡོད་མ་རེད། གཅིག་བྱས་ན་མ་འཇོན་པ་ཡིན་འགྲོ། མི་ཚོས་ཟེར་ན་མ་འཇོན་པ་རེད་ཟེར་གྱི་འདུག་དེ་ཡིན་ནའང་ཡིན་དུ་ཆུག གང་ལྟར་མགོ་བདེ་དང་དྲན་འཕྲུལ་མང་ཙམ་བྱེད་མ་ཐུབ་པ་ནི་གཏན་གཏན་ཡིན་ས་རེད། རིགས་རུས་དབྱེ་འབྱེད་ཀྱི་བསམ་བློ་བཟུང་ནས་རྒྱ་གར་བྲམ་ཟེ་ཚང་ངན་པ་རེད་ཟེར་བ་དང་ཁོ་ཚོར་ཁོ་པའི་རིན་ཐང་ཅན་གྱི་ཡོན་ཏན་ཡོད་མ་རེད་ཅེས་ངས་ལབ་རྒྱུ་རྩ་བ་ནས་མ་བྱུང་ངོ་། རྩ་བའི་ཆ་ནས་ཁྱེད་རང་བལ་ཡུལ་དུ་སོང་ནས་སྔོན་མ་བོད་རིགས་ཡིན་མཁན་དེང་སང་ཕལ་ཆེར་རོང་པར་གྱུར་ཟིན་ནའང་བོད་ཀྱི་རིག་གཞུང་གི་ཤན་ཏོག་ཙམ་ཡོད་པའི་མི་རིགས་རྟ་མང་དང་གུ་རུང་དམངས་མགར་དང་བླ་མ་སྦོ་ཊེ་དང་ཤར་པ་ཟེར་བའི་ཡུལ་མི་དེ་ཚོར་སྐད་ཆ་ཡག་པོ་དྲིས་དང་ཁོང་ཚོར་ལུས་སེམས་གཉིས་ཐོག་ལ་ཉམས་སུ་མྱོང་བའི་སྐད་ཅ་མང་པོ་ཤོད་རྒྱུ་འདུག དེར་མ་ཚད་འབྲུག་པ་ཚོ་ལའང་དྲིས་དང་ཤོད་རྒྱུ་ཡོད་འགྲོ ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་བྱས་པའི་སྐད་ཆ་ཡིན་ད། འོལ་འོལ་ཚོད་ཚོད་ཀྱིས་མི་ལ་དོན་མེད་སྙད་བརྐོ་འདོད་མེད་དོ།