ཨེ་མ་ཧོ།
ན་མོ་གུ་རུ་བོ་དྷི་ཙིཏྟ་ཡེ།
བསམ་པ་བཟང་པོས་ཀུན་ནས་སློང་བའི་མཐུས།།
ཁ་ཁོག་མཚུངས་པའི་གྲོགས་ལ་གྲོས་ཞིག་འདེབས།།
ཡུལ་དང་དུས་ཀྱིས་བསྐལ་བར་གྱུར་ན་ཡང་།།
དད་གུས་གཙང་མའི་ཚོགས་ཀུན་དལ་ཅིག་གསོན།།
སྙིང་གི་གྲོགས་པོར་འཛིན་རྣམས་ཕེབས་མཛོད་དང་།།
དམ་ཚིག་ལྡན་པའི་བླ་སློབ་ལྷན་འཛོམས་གནས།།
ངོ་ལྐོག་མཐུན་པའི་སྡེ་དགོན་གླིང་ཀ་འདིར།།
སྐྱིད་སྡུག་འབེལ་གཏམ་རོལ་མོ་གང་དགར་དཀྲོལ།།
གོང་གི་ཨ་འགྱུར་རིན་ཆེན་མན་ཆོད་དང་།།
ས་མཐའི་འཁྱམ་པོ་བདག་གི་ཡན་ཆོད་ཀྱིས།།
གྲོས་མཐུན་མདུན་ལམ་གཅིག་ཏུ་བྱུང་བ་ན།།
བསྟན་སྲིད་ཡར་ངོའི་ཟླ་བའི་རྗེས་སུ་འགྲོ།།
དེ་རིང་འཛམ་གླིང་བརྩེ་དུང་ཉི་མ་ལ།།
ཤར་ནུབ་རྒྱ་མཚོས་བསྐལ་བའི་ངེད་ཅག་བར།།
དམ་སེལ་མིག་སེར་དྲི་མས་མ་གོས་པས།།
ཆོས་མཐུན་ལེགས་ལམ་གཤེགས་པར་གདོན་མི་ཟ།།
གཡོ་སྒྱུ་མེད་པའི་བདེན་གཏམ་གསུངས་ལ་ཤོག།
དམ་སེལ་མེད་པའི་མཐུན་སྒྲིལ་གྱིས་ལ་ཤོགས།།
ཀུན་མཐུན་རིག་པའི་ཕྱག་རྒྱ་འཆང་ལ་ཤོགས།།
དམ་ཚིགས་དུས་ལ་བབས་པོ་ས་མ་ཡ།།
དགོན་པར་བཤད་སྒྲུབ་སློབ་གླིང་ཡོད་པ་དང་།།
ཇོ་དགོན་ཐོས་བསམ་སྒོམ་ལ་འབད་པ་དང་།།
ཨེ་ཝྃ་ཆོས་སྨན་རྒྱལ་སྤྱིའི་དཔལ་སྨིན་ན།།
རང་དགོན་ཕྲིན་ལས་གླིང་འདིར་ཁྱབ་པར་ངེས།།
དེ་མིན་མ་ཉེས་ཁ་གཡོགས་རང་དོན་ཕྱོགས་ཞེན་དང་།།
གྲོང་ཆོག་ཁོ་ནས་མི་ཚེ་བསྐྱལ་བྱས་ན།།
དཀོར་ནག་ཉེས་པས་ཁ་རྗེ་དབང་ཐང་རལ།།
དེང་རབས་མི་ཡི་རྗེས་སུ་ལུས་པར་འགྱུར།།
དགོན་པར་རབ་བྱུང་བཤད་སྒྲུབ་ལས་ལ་འབད་།།
མདོ་སྔགས་མཁས་པའི་རྣལ་འབྱོར་ཕོ་མོ་དང་།།
ཨེ་ཝྃ་བློ་གསལ་ཀུན་ཕན་སློབ་ཚོགས་ཀྱིས།།
ལུགས་གཉིས་སྐྱོང་བའི་དགེ་བསྙེན་ཀུན་མཐུན་མཛོད།།
ཚེ་འདིར་མི་རབས་མཐུན་པའི་ཕན་བདེ་འབོད།།
ཕྱི་མ་བདེ་ཆེན་ཕྱིན་པའི་དམ་ཆོས་འབོད།།
རང་དོན་མི་ཞེན་བསྟན་སྲིད་ལ་བརྩོན་པས།།
ཞི་བདེའི་སྙིང་པོ་སོན་པར་ཆོས་ཉིད་ལགས།།
བློ་ཁ་དམ་པར་ཆོས་ལ་རབ་ཕྱོགས་ནས།།
ཆོས་པ་ཡང་དག་ས་ལམ་རྟག་བརྩོན་པས།།
གཞི་ལམ་རྣམ་དག་ངེས་ཤེས་ལེགས་འདྲོངས་ཏེ།།
འབྲས་བུ་ཆོས་སྐུར་གྲོལ་བའི་དགོས་གལ་ཆེ།།
ཞེས་པ་ཨེ་ཝྃ་རིག་པས་གསུང་བསྐུལ་བཞིན་དུ་ཉིས་སྟོང་བཅུ་བཞིའི་འཛམ་གླིང་གི་བརྩེ་དུང་གི་ཉིན་མོར་ཝ་ཡེར་རྒྱལ་སྤྱིའི་སྨན་ཁང་ནས་རྒྱལ་ཁམས་པ་ཨེ་མ་ཧོས་གང་དྲན་དུ་གླིང་ཀ་རུ་ཕུལ་བར་དགེའོ།།
ཚིག་གི་མེ་ཏོག་ལ་དོན་གྱི་ས་མ་ཡ་འབྱོངས་བར་ཤོག སྙན་བྱུང་།
གླིངཀ་ལས་གླིང་ག་དག་པ་དང་། གླིང་ག་ལས་གླིང་ཁ་དག་པ་མེད་དམ་སྙམ་པས། དཔྱད་པར་འཚལ།
ནོར་བུ་གླིང་ཁ་ཞེས་པས་གླིང་ཁ་དག་པ་ལས་ཀ་དང་ག་གཉིས་ཀ་ཡང་མ་དག་པ་རེད་དྲན་ནོ། ཡང་ན་ཀ་ཁ་ག་ང་། གང་བརྟག་ན་ཆོག་ས་མ་རེད། བདེ་སྐྱིད་ཀྱི་གླིང་ཁ་ཞེས་པ་ལས་ཀ་དང་ག་ཡིན་ནོར་ཡིན་པས་དག་ཡིག་ཚིག་མཛོད་ཁག་ལ་གཟིགས་རོགས།