གྲིབ་གཟུགས།
ཙན་དན་དྲི་ཡི་ངད་པ་འཐུལ་བའི་ལྷོ་ཡི་རླུང་གི་རྒྱུ་བའི་འོག།
མཚམས་སྤྲིན་ཕག་གི་ཉི་མ་གཞོན་ནུ་འཇིག་རྟེན་ལྟད་མོར་ཆས་པ་ཡི།།
ཞོགས་པ་དེ་ནི་ནམ་ཡང་བདག་གི་དྲན་པའི་ངོས་སུ་བརྐོས་པ་སྟེ།།
མིག་ཤེལ་ཅན་གྱི་མཛེས་མའི་འཛུམ་མདངས་ཁོ་བོའི་མིག་ལ་ཐོགས་པས་སོ།།
ཧོབ་དེ་ལྟ་དུས་སྙིང་ཁམས་གཡོ་བའི་ཆགས་ཉམས་དོད་པོ་ཅང་མེད་ཀྱང་།།
ཞིབ་ལྟ་བྱེད་དུས་མཛེས་མའི་ཁྱད་ཆོས་ལུས་པ་མེད་པ་ཁྱོད་ལ་རྫོགས།།
འགྲོ་འདུག་རྒྱུན་གྱི་བྱ་སྤྱོད་གང་ཡང་བག་ཡོད་ཞི་ཞིང་འདུལ་བ་སྟེ།།
མ་བརྟགས་ཉམས་དགའི་གཏམ་གྱི་དྲི་མས་ཁོང་མོའི་ངག་ལ་འགོས་པ་མེད།།
ཧི་མ་ལ་ཡའི་བུ་མོ་ཁོང་ལ་རྒྱ་གར་མཛེས་མའི་སྨིན་མ་ཡོད།།
བལྟས་ན་ངོམ་མེད་སྤྱན་ཟུང་དེ་ནི་ཨུཏྤལ་མཐིང་ཀའི་ཟླ་བོ་ཡིན།།
སྡུག་པའི་ཞལ་གྱི་དཀྱིལ་འཁོར་དེ་ཡིས་ལྷ་མོ་སྒྲོལ་མར་སྐྱེངས་པ་སྟེར།།
དམར་སྨུག་མཆུ་སྒྲོས་ནར་མོ་དེ་ནི་འདོད་ལྡན་སྙིང་གི་མདའ་མོ་ཉིད།།
ཁོང་མོ་དགའ་བའི་འཛུམ་མདངས་མི་གླེང་རྣམ་འགྱུར་དེ་ནི་གློག་ཞགས་ཏེ།།
ཁོང་མོ་བཞད་པའི་དགོད་སྒྲ་མི་གླེང་སྒྲ་དེ་ཐ་མག་ནག་པོ་ཡིན།།
ཁོང་མོའི་སྤྱན་གྱི་འོད་སྣང་མི་གླེང་འོད་དེ་འཕྲུལ་གྱི་ཞགས་པ་འདྲ།།
ཁོང་མོར་དགའ་ལུགས་དུང་ཚུལ་མི་གླེང་གཏམ་དེ་སེམས་ཀྱི་གཏེར་མཛོད་ཡིན།།
ཕོ་གཞོན་རྒོད་པོས་ཁྱོད་རང་མཐོང་དུས་རྨི་ལམ་འཁྲུགས་ལ་གྲངས་ཀ་མེད།།
སྙན་ངག་པ་ཡིས་ཁྱོད་རང་རིག་དུས་སྙན་ཚིག་འཇའ་ཡིས་ནམ་མཁའ་སྤྲས།།
གཞན་ཡང་སྨྱུག་ཐོགས་ཡིན་ཚད་ཀུན་གྱིས་སེམས་ཚོར་བྲིས་པར་ཚོད་ཅིག་མེད།།
“རྐུན་མ་ཡ་མེད་”མཛེས་མ་ཁྱོད་ཀྱིས་ལུགས་བྱུང་རྟེན་འབྲེལ་ལྡོག་པར་བྱས།།
ཉེ་སར་བཅར་ནས་ཞིབ་ཀྱིས་བལྟས་ན་སེམས་དེ་ནམ་མཁའི་འཇའ་ཚོན་འདྲ།།
ལག་ལ་དངོས་སུ་འཛིན་རྒྱུ་མེད་ནའང་མཉེས་གཤིན་རྣམ་འགྱུར་སྣ་ཚོགས་སྟོན།།
འཁྲུལ་པའི་དྲན་པའི་གསེང་ན་འཕུར་བའི་ཕྱེ་མ་ལེབ་དེ་ཁྱོད་རང་ཡིན།།
འདུར་མ་རྒྱུག་གི་གོམ་ཟུང་སྤར་ནས་རྗེས་སུ་སྙེག་མཁན་ཇི་ཙམ་ཡོད།།
ལ་མོ་བརྒྱ་ཡིས་བར་ཐག་ཆོད་རུང་སེམས་འདིས་ཁྱོད་རང་བོར་ཐབས་བ ྲལ།།
དྲན་པའི་ཁྲོད་དུ་བཞིན་ཞིག་འཛུམ་ན་ཁྱོད་ཀྱི་ཡིན་པར་འགྲོ་ས་མེད།།
ཡིད་ལ་སྙེན་སའི་ཡི་དམ་ཡོད་ན་དེ་ནི་ལྷ་གཅིག་ཁྱོད་རང་སྟེ།།
མིག་ཤེལ་ཅན་གྱི་མཛེས་མ་ཁྱོད་ནི་བདག་གི་སྣང་གྲགས་རིག་གསུམ་ཡིན།།
ཁྱོད་རང་མཐོང་བའི་ཉི་མ་དེ་ནས་ངོ་གདོང་མང་པོ་འཇའ་ལྟར་ཡལ།།
ཁྱོད་ཀྱི་གསུང་སྐད་ཐོས་པ་ཉིད་ནས་སྒྲ་གཞན་བྲག་ཅའི་རྣམ་འགྱུར་ངོམ།།
གཞན་གྱིས་བརྗོད་པའི་དགའ་ཚུལ་དུང་ཚུལ་ཡོད་ཚད་རིན་ཐང་བྲལ་བ་སྟེ།།
མདོར་ན་ཁྱོད་ནི་རྨི་ལམ་ཞིང་ནའང་ཁོ་བོས་བཙལ་བ་ཉུང་ཉུང་མིན།།
དམར་པོའི་སྙིང་ལ་མིང་ཞིག་བརྐོ་ན་ཁྱོད་ཀྱི་ཡིན་པར་ཐེ་ཚོམ་མེད།།
ཡ་ཐོད་དུར་རྡོར་མ་བསྙེས་བར་དུ་ཁྱོད་རང་བདག་གི་དགའ་ས་སྟེ།།
བརྕེ་དུང་འཚོལ་བའི་གོ་རིམ་འདི་ནས་ང་རང་སྨྱོས་ན་ཁྱོད་ཀྱི་ཆེད།།
ཁྱོད་རང་དྲན་པའི་སྐད་ཅིག་མ་དེར་བདག་གི་རྣམ་འགྱུར་ཁྱད་མཚར་རེད།།
པདྨ་གཞོན་ནུ་བཞད་འདྲའི་འཛུམ་དེ་བདག་གི་སེམས་ཀྱི་ཟས་མཆོག་སྟེ།།
འཛུམ་མདངས་དེ་ལ་སྣུམ་ཤ་སྣོན་པའི་སྤྱན་དེ་སེམས་ཀྱི་སྒྲོན་མེ་ཉིད།།
ཡིད་ཁམས་རྒྱ་མཚོ་གཏིང་ནས་སྲུབ་པའི་རོལ་དབྱངས་དང་མཚུངས་བཞད་སྒྲ་དེ།།
བདག་གི་མི་ཚེའི་འགྲུལ་ལམ་དག་ནས་ནམ་ཡང་རྣ་བ་བླགས་ས་ཡིན།།
ཁྱོད་ཀྱི་ཁྱད་ཆོས་བརྗོད་པས་མི་ཟིན་སྨྱུག་ཐོགས་གཞན་གྱི་སྐལ་བར་འཇོག།
ཁྱོད་ཀྱི་རྣམ་འགྱུར་ཡི་གེས་མི་ཟིན་རི་མོ་མཁན་ལ་སྐུལ་དུ་འགྲོ།།
ཁྱོད་དང་འབྲེལ་བའི་སྙན་ཚིག་འདི་ཀོ་ཡི་གེའི་གཟུགས་སུ་འབེབ་པོ་ནི།།
འགྱུར་མེད་ཅེས་པའི་དོལ་པོའི་ཨ་ཇོ་ཁྱེད་ཀྱིས་མཁྱེན་པ་དེ་ཀ་ལགས།།
23/1/2014