སྤྲོ་ཚིགས་ཆོས་གྲགས།
༸ བོད་ཡུལ་མྱ་ངན་མེད་པའི་རྒྱལ་ཁམས་སུ། །
གཤེན་རབ་མི་བོའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། །
རྣམ་པར་བཞད་པ་གཡུང་དྲུང་བོན་གྱི་ལུགས།།
ཡབ་མེས་ཕ་ཆོས་འཛིན་པའི་སྡེ་རྣམས་རྨད། །
དབུ་རྨོག་བཙན་པོས་མཐའ་བཞི་དབང་དུ་བསྡུས། །
མཁས་མཛངས་བློ་ཡིས་དམ་ཆོས་སྒྲོན་མེ་སྤར། །
མེས་དབོན་རྣམ་གསུམ་ལོ་པཎ་དྲིན་ཅན་གྱིས། །
ལེགས་བཙུགས་སྔ་འགྱུར་རིང་ལུགས་འཛིན་རྣམས་བསྔགས། །
བསྟན་པའི་གསལ་བྱེད་མཉམ་མེད་ཇོ་བོ་རྗེའི། །
སྐྱེས་བུ་གསུམ་གྱི་མན་ངག་གསེར་གྱི་ཆོས། །
རིས་མེད་འདུས་སྡེ་གང་ན་སུ་བཞུགས་ཀྱིས། །
ཉམས་ལེན་སྙིང་པོར་འཛིན་འདི་ཨེ་མ་རྨད། །
བླ་མའི་མན་ངག་ཟབ་མོ་སྙིང་བཅངས་ནས། །
ཚེ་དང་སྒྲུབ་པ་སྙོམས་པའི་རྣལ་འབྱོར་པ། །
བཀའ་བརྒྱུད་སྲོལ་འཛིན་མི་ལའི་རྣམ་ཐར་ཡང་། །
ཟློས་པའི་གར་དུ་འཁྲབ་པའི་སྡེ་དེ་བསྔགས། །
སྟོང་ཉིད་སྙིང་རྗེའི་གདམས་པའི་རལ་གྲི་ཡིས། །
སྲིད་པའི་རྩ་བ་གཅོད་པའི་གདམས་པ་མཆོག།།
ཨ་མ་ལབ་ཀྱི་སྒྲོན་མའི་ཐུགས་བཅུད་ཀྱང་། །
རིས་མེད་འདུས་སྡེ་ཀུན་གྱིས་ཉམས་སུ་ལེན། །
སྔོན་མེད་བཅུ་ཕྲག་རིག་པའི་སྲོལ་ཀ་བཙུགས། །
གངས་ལྗོངས་ཆོས་དང་རིགས་ཀྱི་སྲོག་རྩ་བསྐྱབས། །
མདོ་རྒྱུད་མཁས་པའི་འབྱུང་གནས་ས་སྐྱ་པའི། །
ལུགས་བཟང་སྐྱོང་བའི་སྡེ་རྣམས་མཆོག་ཏུ་བསྔགས། །
གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དང་། །
སྦྱོར་དྲུག་དབང་རྒྱུད་མན་ངག་ཟུང་འབྲེལ་གྱི། །
རིང་ལུགས་སྐྱོང་བ་ཇོ་མོ་ནང་པའི་སྲོལ། །
འཛིན་པའི་ཆོས་གྲྭ་ཆེ་རྣམས་ཕྱག་གི་ཡུལ། །
བྱང་ཆུབ་སེམས་ཀྱི་མངའ་བདག་ཙོང་ཁ་པའི། །
མདོ་སྔགས་ཟུང་འབྲེལ་རྒྱལ་བསྟན་སྙིང་པོའི་སྲོལ། །
བཤད་སྒྲུབ་དཔུང་གིས་འདེགས་ལ་ཟླ་བྲལ་བ།།
དགེ་ལྡན་རིང་ལུགས་འཛིན་པའི་སྡེ་རྣམས་བསྔགས། །
དེ་ཡང་༸རྒྱལ་མཆོག་ཕྱག་ན་པད་མོོས་རྒྱ་གར་ནི་ཆོས་ལུགས་རིས་མེད་མཉམ་གནས་ཀྱི་དཔེ་མཚོན་ལྟ་བུ་ཡིན་ཞེས་ཡང་ཡང་གསུངས་བཞིན་པ་ལྟར། བདག་གི་ཕ་ཡུལ་མདོ་སྨད་རྔ་གཡང་ཕྱུག་མོར་ཡང་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་སྟེ་ཡབ་མེས་ཀྱི་ཕ་ཆོས་གཡུང་དྲུང་བོན་དང་། རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྙིང་མ་པ། དཔལ་ལྡན་ས་སྐྱ་པ། ངེས་དོན་རྒྱལ་བ་ཇོ་ནང་པ། མཉམ་མེད་རི་བོ་དགེ་ལྡན་པ་བཅས་ཀྱི་རིས་མེད་དགོན་སྡེ་རྣམས་ལོ་རྒྱུས་དང་ད་ལྟའི་ཆ་གང་ལའང་ཕན་ཚུན་འཆམ་མཐུན་དང་། དག་སྣང་འོ་ཆུ་གཅིག་འདྲེས་ཀྱིས་གནས་བཞིན་པའི་ངང་ཚུལ་ཡིད་ལ་དྲན་ནས་ཐོལ་བྱུང་དུ་སྦྱར་བ་དགེའོ།།
དངོས་གནས་ཡག་པོ་འདུག དགའ་བསུ་ཡོད།
ཨ་ཁུ་ལེ་ལེ་ད་འཁྲབ་སྟོན་མ་བྱེད་རོགས་ཕན་ཐོག་ནི་མ་རེད།
ངས་ནི་བསྟོད་སྨོན་ཕྱོགས་སྒྲིག་ནང་གི་ཞལ་འདོན་ཞིག་རེད་བསམ་སོང་། ལོ་རབས་བརྒྱད་ཅུ་བའི་ནང་གི་བསྟོད་རྩོམ་ཞིག་གི་ཉམས་ཐོན་ཡོད་གི
ལེགས་སོ་ལེགས་སོ། འཆམ་མཐུན་ནི་སྟོན་པའི་རྗེས་འཇུག་རྣམ་པར་མེད་དུ་མི་རུང་བ་དེ་ཡིན་ནོ། མངོན་པར་བསྟོད་དོ།
ལེགས་གསོལ་ཡོད་་་་མི་རིགས་དང་ཆོས་ལུགས་དབར་ལ་མཐུན་བསྒྲིལ་མཉམ་གནས་ཀྱི་སྐད་ཆ་དེ་ཚོ་ཡག་རྟགས་ཤིག་དང་དེ་ནི་ནང་པའི་བསྟན་པ་དར་བ་དང་དེ་ལ་གུས་འདུད་བྱེད་པའི་གཞི་མ་ཞིག་ཡིན་་་དེ་མིན་ཡར་དཀྲུགས་མར་དཀྲུག་ཆགས་སྡང་གི་གཏམ་དེ་ཚོས་རང་བསྟན་ཉམས་རྒུད་དུ་གཏོང་བ་དང་འཚེ་མེད་ཞི་བདེའི་བསྟན་པར་ཁས་སུ་འཆེ་བའི
ནང་བསྟན་པའི་ཞབས་ནས་འདྲེན་བྱེད་ཙམ་ལས་ནམ་ཡང་ཕ་རོལ་པོས་བསྟོད་མི་སྲིད་དོ།
དངོས་གནས་བོད་ལ་ཕྱི་ཡི་ལྕགས་རི་ཟེར་ན་འདྲ། ནང་གི་ནོར་བུ་ཟེར་ན་འདྲ། དགོན་པ་གྲ་ཚང་ཚོ་ལས་དྲག་ཅིག་ནི་མེད་པ་འདྲ། དེ་ཡིན་དུས་མཚམས་མཚམས་ལ་བསྟོད་པ་འདི་འདྲ་རེ་བྲིས་ན་ཡང་མི་འགྲིགས་རྒྱུ་མི་འདུག རྩོམ་པ་པོ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
རྩོམ་འདི་ལ་འོས་ཤོག་ག་ཚོད་ཅིག་གི་རིན་ཐང་འདུག ད་ཆོས་གྲགས་ཡང་ཅིག་ཅིག་དཀའ་རྒྱུ་རེད།
སྤྱི་འཐུས་འོས་མིར་ལང་མཁན་ཚོའི་རྩོམ་དང་བསྡུར་དགོས་རེད། བསྡུར་དུ་མི་བཏུབ། གལ་སྲིད་ཐུབ་ན་རྔན་པ་ཡོད།
རིས་མེད་བསྔགས་པ་ཡིད་ཀྱི་རང་སྒྲ། འདི་བཟང་བྱུང་།
རིས་མེད་ཟེར་ན་རྫུན་གྱི་སྤྱི་མིང་ཙམ།།
ཁ་ཁོག་མཚུངས་པ་མོ་ཤམས་བུ་མོ་འདྲ།།
དོན་མེད་བསྟོད་བསྔགས་ནམ་མཁའ་མེ་ཏོག་བཞིན།།
གཞི་མེད་སྒྲོ་བཀུར་འདོགས་པ་ངོ་རེ་ཚ།།
ཀརྡོས།
བོད་ཡུལ་ཞང་གཞུང་ཡུལ་ནས་རྒྱལ་ཁམས་སུ། །
གཤེན་རབ་མི་བོའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། །
རྣམ་པར་བཞད་པ་གཡུང་དྲུང་བོན་གྱི་ལུགས། །
ཡབ་མེས་ཕ་ཆོས་འཛིན་པའི་སྡེ་རྣམས་བྱོན། །
དབུ་རྨོག་བཙན་པོས་མཐའ་བཞི་དབང་དུ་བསྡུས། །
མཁས་མཛངས་བློ་ཡིས་དམ་ཆོས་སྒྲོན་མེ་སྤར། །
མེས་དབོན་རྣམ་གསུམ་ལོ་པཎ་དྲིན་ཅན་གྱིས། །
ལེགས་བཙུགས་སྔ་འགྱུར་པ་རྣམས་འགྲན་ཟླ་བྲལ། །
བསྟན་པའི་གསལ་བྱེད་མཉམ་མེད་ཇོ་བོ་རྗེའི། །
སྐྱེས་བུ་གསུམ་གྱི་ལམ་རིམ་མན་ངག་ཆོས། །
རིས་མེད་འདུས་སྡེ་གང་ན་སུ་བཞུགས་ཀྱིས། །
ཉམས་ལེན་སྙིང་པོར་འཛིན་འདི་ཨེ་མ་ཧོ། །
བླ་མའི་མན་ངག་ཟབ་མོ་སྙིང་བཅངས་ནས། །
མར་མི་དྭགས་སོགས་བཀའ་བརྒྱུད་སྲོལ་འཇིན་པ། །
ཚེ་དང་སྒྲུབ་པ་མཉམ་པའི་རྣལ་འབྱོར་པ། །
མི་ལའི་རྣམ་ཐར་ལ་སོགས་བྱིན་རླབས་ཆེ། །
སྟོང་ཉིད་སྙིང་རྗེའི་གདམས་པའི་རལ་གྲི་ཡིས། །
སྲིད་པའི་རྩ་བ་གཅོད་པའི་གདམས་ངག་མཆོག །
མ་ཡུམ་ལབ་ཀྱི་སྒྲོན་མའི་ཐུགས་བཅུད་ཀྱང་། །
རིས་མེད་འདུས་སྡེ་ཀུན་གྱིས་བོད་ཆོས་བཀུར། །
སྔོན་མེད་བཅུ་ཕྲག་རིག་པའི་སྲོལ་ཀ་བཙུགས། །
གངས་ལྗོངས་ཆོས་དང་རིགས་ཀྱི་སྲོག་རྩ་བསྐྱབས། །
མདོ་རྒྱུད་མཁས་པའི་འབྱུང་གནས་ས་སྐྱ་པའི། །
ལུགས་བཟང་སྐྱོང་བའི་སྡེ་རྣམས་མཆོག་ཏུ་བསྔགས། །
གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དང་། །
སྦྱོར་དྲུག་དབང་རྒྱུད་བཤད་སྒྲུབ་ཟུང་འབྲེལ་གྱི། །
རིང་ལུགས་སྐྱོང་བ་ཇོ་བོ་ནང་མའི་སྲོལ། །
འཛིན་པའི་ཆོས་གྲྭ་ཆེ་རྣམས་ཕྱག་གི་ཡུལ། །
བྱང་ཆུབ་སེམས་ཀྱི་མངའ་བདག་ཙོང་ཁ་པའི། །
མདོ་སྔགས་ཟུང་འབྲེལ་རྒྱལ་བསྟན་སྙིང་པོའི་སྲོལ། །
བཤད་སྒྲུབ་དཔུང་གིས་འདེགས་ལ་ཟླ་བྲལ་བ། །
དགེ་ལྡན་རིང་ལུགས་འཛིན་ལ་གུས་ཕྱག་འཚལ། །
འདི་ནི། ནོར་བཅོས་བྱས་པ་མིན་པར། ལད་ཟློས་དང་རང་འདོད་ལྟར། ཚིག་སྒྱུར་བྱས་ནས་སྨོན་པའོ།། །།
བོད་ཆོས་བན་བོན་རིས་མེད་གསོལ་འདེབས་བཞུགས་སོ།།
བོད་ཡུལ་ཞང་གཞུང་ཡུལ་ནས་རྒྱལ་ཁམས་སུ། །
གཤེན་རབ་མི་བོའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། །
རྣམ་པར་བཞད་པ་གཡུང་དྲུང་བོན་གྱི་ལུགས། །
ཡབ་མེས་བོན་ཆོས་འཛིན་ལ་གསོལ་བ་འདེབས། །
དབུ་རྨོག་བཙན་པོས་མཐའ་བཞི་དབང་དུ་བསྡུས། །
མཁས་མཛངས་བློ་ཡིས་དམ་ཆོས་སྒྲོན་མེ་སྤར། །
མེས་དབོན་རྣམ་གསུམ་ལོ་པཎ་དྲིན་ཅན་གྱིས། །
ལེགས་བཙུགས་སྔ་འགྱུར་པ་ལ་གསོལ་བ་འདེབས། །
བསྟན་པའི་གསལ་བྱེད་མཉམ་མེད་ཇོ་བོ་རྗེའི། །
སྐྱེས་བུ་གསུམ་གྱི་ལམ་རིམ་མན་ངག་ཆོས། །
རིས་མེད་འདུས་སྡེ་གང་ན་སུ་བཞུགས་ཀྱིས། །
ཉམས་ལེན་སྙིང་པོར་འཛིན་ལ་གསོལ་བ་འདེབས། །
བླ་མའི་མན་ངག་ཟབ་མོ་སྙིང་བཅངས་ནས། །
ཚེ་དང་སྒྲུབ་པ་མཉམ་པའི་རྣལ་འབྱོར་པ། །
མི་ལའི་རྣམ་ཐར་ལ་སོགས་བྱིན་རླབས་ཆེ། །
མར་མི་དྭགས་པོ་སོགས་ལ་གསོལ་བ་འདེབས། །
སྟོང་ཉིད་སྙིང་རྗེའི་གདམས་པའི་རལ་གྲི་ཡིས། །
སྲིད་པའི་རྩ་བ་གཅོད་པའི་གདམས་ངག་མཆོག །
མ་ཡུམ་ལབ་ཀྱི་སྒྲོན་མའི་ཐུགས་བཅུད་ཀྱང་། །
རིས་མེད་འདུས་སྡེས་འཛིན་ལ་གསོལ་བ་འདེབས། །
སྔོན་མེད་བཅུ་ཕྲག་རིག་པའི་སྲོལ་ཀ་བཙུགས། །
གངས་ལྗོངས་ཆོས་དང་རིགས་ཀྱི་སྲོག་རྩ་བསྐྱབས། །
མདོ་རྒྱུད་མཁས་པའི་འབྱུང་གནས་ས་སྐྱ་པའི། །
ལུགས་བཟང་སྐྱོང་བའི་སྡེ་ལ་གསོལ་བ་འདེབས། །
གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དང་། །
སྦྱོར་དྲུག་དབང་རྒྱུད་བཤད་སྒྲུབ་ཟུང་འབྲེལ་གྱི། །
རིང་ལུགས་སྐྱོང་བ་ཇོ་བོ་ནང་མའི་སྲོལ། །
འཛིན་པའི་ཆོས་གྲྭ་ཆེ་ལ་གསོལ་བ་འདེབས། །
བྱང་ཆུབ་སེམས་ཀྱི་མངའ་བདག་ཙོང་ཁ་པའི། །
མདོ་སྔགས་ཟུང་འབྲེལ་རྒྱལ་བསྟན་སྙིང་པོའི་སྲོལ། །
བཤད་སྒྲུབ་དཔུང་གིས་འདེགས་ལ་ཟླ་བྲལ་བ། །
དགེ་ལྡན་རིང་ལུགས་འཛིན་ལ་གསོལ་བ་འདེབས། །
# 10 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་བསྐུལ་བ་ལྟར། ཨ་ཕྱི་ལ་སོགས་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱི་ཆེད་དུ་བྲིས་པ་དགེ །སྐུ་རྩེད་དང་བཅས་དྲ་གྲོགས་རྣམས་ལ་ཕུལ།། །།
ཨ་ཕྱིའི་བཀའ་བཀྱོན་སྒུག་ནས་སྡོད་ཡོད་ཀྱང་་་་་་