ཨེ་ཝྃ་རིག་པ།
ཉམས་ལེན་གསེར་གྱི་རིན་ཆེན་དང་བྲལ་ན།།
འཇིག་རྟེན་འདི་ལ་སུན་སྣང་དབང་མེད་ཡོད།།
ཉིན་རེའི་དགའ་སྡུག་ཆུ་ཡི་གཉེར་མ་བཞིན།།
ཁ་སང་ནང་བཞིན་དེ་རིང་དུས་ཚོད་ཤོར།།
ཚུར་ལ་གསོན་དང་རིགས་མཐུན་སྤུན་གྲོགས་ཚོ།།
འུ་ཅག་མི་ཡུལ་མགྲོན་པོ་ཤ་སྟག་ཡིན།།
མགྲོན་པོའི་འགྲོ་ཆས་ལྷ་ཆོས་སྒྲུབ་པ་ལས།།
ཡུན་རིང་སྡོད་ཆས་བྱེད་པ་ཀྱེ་མ་སྐྱོ།།
ཉིན་ཉིན་ཁྱེད་དང་འགྲོགས་པའི་ངེས་པ་མེད།།
གུ་ཡངས་བློ་བདེ་སྐྱིད་ཀྱི་གཞི་མ་ཡིན།།
ཀུན་དང་མཐུན་པའི་ཡ་རབས་ལམ་བསླབས་ན།།
རང་ལ་སེམས་ཀྱི་བདེ་སྐྱིད་དམ་པ་ཡོད།།
ཁ་ནས་ལས་འབྲས་བཤད་མཁན་ཧ་ཅང་མང་།།
ལས་འབྲས་ལག་ལེན་བྱེད་པ་ཉིན་སྐར་བཞིན།།
རྫུན་མའི་འཇིག་རྟེན་ཚོང་རར་རྫུན་མ་མང་།།
དེང་རབས་ལས་དབང་བསམ་ཚེ་སྐྱོ་བའི་གཞི།།
ཡ་གིའི་དཔོན་པོ་སྒེར་དོན་ཨུ་ཚུགས་ཆེ།།
མ་ཀིའི་འབངས་མི་རྒྱུ་སྙེག་དེ་ལས་ཆེ།།
དོན་མེད་དཔལ་འབྱོར་བྲན་གཡོག་འགྱུར་བ་ལས།།
ཕྱི་མའི་ལམ་རྒྱགས་དྲན་མཁན་ཉིན་སྐར་བཞིན།།
དགོན་པའི་བླ་གྲྭ་དཀོར་ནག་ལས་ལ་བྲེལ།།
གསར་སྐྱེས་ན་གཞོན་མ་རབས་སྣ་དགུར་དགའ།།
བརྒྱད་བཅུའི་ལོ་ལོན་ཡུན་རིང་འདུག་ཆས་དགའ།།
འདི་འདྲ་མཐོང་ཚེ་ཀུན་ཀྱང་སྨྱོན་པ་འདྲ།།