པད་མ་འབུམ།
——————–
(ཁ་རྩང་ངས་རང་གི་གློག་ཀླད་ཀྱི་ནང་ནས་འདྲ་པར་ཁ་ཤས་བཙལ་དགོས་བྱུང་། སྟེས་དབང་གིས་ན་ནིང་དབྱར་ཀར་ལྷ་སར་བསྐྱོད་པའི་འདྲ་པར་རྣམས་ཤར་ཡོང་། དེ་དག་ལ་ལྟ་གིན་ལྟ་གིན་ལྟ་མཚམས་འཇོག་མ་ཐུབ། འདྲ་པར་དེ་དག་གིས་ལྷ་སའི་མཐོང་སྣང་གང་མང་ཞིག་དྲན་གསོ་བཏང་། མཐོང་སྣང་དེ་དག་བརྗེད་དུ་ཕངས་ནས་ཡིག་ཐོག་ལ་ཕབ་མགོ་བརྩམས་པ་ཡིན།)
ང་ན་ནིང་ནས་བརྩིས་པའི་ལོ་ཉེར་དྲུག་གི་སྔོན་ཏེ། ༡༩༨༧ ལོར་ལྷ་སར་སླེབས། ཕར་ལྷ་སར་འགྲོ་དུས་ན་གོར་མོ་བར་དུ་མེ་འཁོར་ལ་བསྡད་ཅིང་། ན་གོར་མོ་ནས་འགྲུལ་འཁོར་ལ་བསྡད་ནས་སོང་། ཚུར་ཡོང་དུས་གནམ་གྲུར་བསྡད་ནས་ཁྲིན་ཏུ་བརྒྱུད་ནས་ཡོང་། དེ་དུས་གནམ་ཐང་དུ་ཅུང་ཙམ་སྒུག་ནས་བསྡད་ཅིང་། གནམ་ཐང་གི་གཡས་གཡོན་ཚང་མ་ཞིང་ཁ་རེད། ཞིང་ཁ་ན་སྐྱེས་དམན་སྐོར་ཞིག་གིས་ཡུར་མ་ཡུར་བཞིན་ཡོད་པ་ཡང་དྲན། གནམ་ཐང་ན་ཡོད་ན་ཡང་གྲོང་གསེབ་ན་ཡོད་པའི་ཚོར་བ་ཞིག་སྐྱེས། དེ་དུས་ཉེན་རྟོག་པ་ལོས་ཡོད་ཀྱང་ཐུག་འཕྲད་བྱས་པ་དྲན་གྱི་མི་འདུག ད་དེ་འདྲ་མ་རེད། གནམ་ཐང་ནས་དང་པོ་ཐུག་པ་ཉེན་རྟོག་པ་རེད། གནམ་ཐང་ནས་ཕྱི་ལ་འབུད་སྐབས་བོད་པ་ཉེན་རྟོག་པ་དུ་མ་ཞིག་འདུག་པ་ལས་གཅིག་གིས་ངའི་ཕྱི་སྐྱོད་ལག་ཁྱེར་ལ་ལྟ་བཤེར་བྱས། ཁོས་དེའི་ཐོག་གི་ཐོངས་མཆན་རྙིང་པ་ཞིག་ལ་མཛུབ་མོ་བཙུགས་ནས་འདི་ཁྱེད་ད་རེས་ལྷ་ས་ལ་ཡོང་ཆོག་པའི་ཐོངས་མཆན་ཨེ་རེད་ཅེས་ནས་དྲིས། ངས་དེ་མ་རེད་ཅེས་ནས་ངའི་ཕྱི་སྐྱོད་ལག་འཁྱེར་ཐོག་གི་ལྷ་སར་འགྲོ་སྐྱོད་ཆོག་མཆན་སྟོན་ཞོར་དུ་ངའི་སྐྱེས་དམན་དང་བུ་མོ་གཉིས་ཀྱི་ཕྱི་སྐྱོད་ལག་ཁྱེར་ཡང་ཁོ་ལ་བསྟན། ཡིན་ན་ཡང་ཁོས་མ་བལྟས་ཏེ་ “ཁྱེད་ཚོ་ནང་མི་མཆོད་མཇལ་དུ་ཡོང་བ་ཡིན་པ་རེད།”ཟེར་ནས་འཛུམ་མདངས་ཤིག་བསྟན་ནས་ང་ཚོ་འགྲོ་རུ་བཅུག
གནམ་ཐང་གི་ཕྱི་ལོགས་ལ་སླེབས་པ་ན་ལོ་ཉེར་བདུན་སྔོན་གྱི་ཞིང་ཁས་བསྐོར་བའི་གནམ་ཐང་དེ་མ་རེད། གཡས་གཡོན་ཐམས་ཅད་ཁང་བརྩེགས་དང་རླངས་འཁོར་འཇོག་ས་རེད། འདུ་འཛི་ཧ་ཅང་ཆེ། སྔོན་མའི་གྲོང་གསེབ་ཀྱི་ཉམས་དེ་གཏན་ཡལ་རེད། ཡར་མར་ལ་ཞིབ་མོར་ལྟ་ཁོམ་ཙམ་ཡང་མ་ཡོང་བར་ངའི་མདུན་ལ་གསར་བུ་ཞིག་སླེབས་ནས་ཅི་ཞིག་བཤད་ཀྱི་འདུག ངས་མ་གོ ཁོའི་གདོང་པར་བལྟས་ན་བོད་པ་རེད། ངས་ང་ལ་གླ་འཁོར་ཞིག་དགོས་ཞེས་བཤད།
“རང་གིས་བོད་སྐད་དེ་འདྲའི་ཡག་པོ་བརྒྱབ་གི་འདུག”ཁོས་ང་ལ་དེ་ལྟར་ཟེར།
“ང་བོད་པ་ཡིན།”
“འཇར་པན་གྱི་མིའི་ནང་ལ་བོད་སྐད་ཡག་པོ་རྒྱག་མཁན་ཡོད་པ་ངས་ཤེས་ཀྱི་ཡོད།”
ངེད་གཉིས་ནས་ཕར་ཚུར་བཤད་ཉུང་ཙམ་ཞིག་གིས་ང་ཚོ་ཁོའི་གླ་འཁོར་གྱི་འཁྲིས་ལ་སླེབས་འདུག ངེད་ཚོའི་ཇ་ལག་རྣམས་ཁོའི་གླ་འཁོར་གྱི་ནང་ལ་བཞག གླ་འཁོར་བཏང་ནས་དུས་ཡུན་སྐར་མ་གཅིག་ཀྱང་མ་སོང་བར་གླ་འཁོར་གཞན་པ་ཞིག་གི་འཁྲིས་ལ་བསྡད་སོང་། ང་ཚོའི་ཁ་ལོ་བ་དེས་ཁྱེད་ཚོ་གླ་འཁོར་དེས་ལྷ་སར་བསྐྱལ་རྒྱུ་རེད། རིན་གོང་གཅིག་པ་ཡིན་ཟེར་ནས་ཁ་ལོ་བ་དེས་ང་ཚོའི་ཅ་ལག་རྣམས་ཁོའི་གླ་འཁོར་ནང་ནས་བཏོན་ཏེ་གླ་འཁོར་གཞན་པ་དེའི་ནང་ལ་བཞག་སོང་།
ང་ཚོ་ཅུང་ཙམ་མགོ་འཐོམས་སོང་། སྐད་ཆ་འདྲི་ཁོམ་གང་ན་ཡོད་བསམ་ཁོམ་ཙམ་ཡང་མེད་པར་གླ་འཁོར་གཞན་པའི་ཁ་ལོ་བས་གླ་འཁོར་གྱི་སྒོ་ཕྱེ་ནས་ད་འགྲོ་ཟེར། ངས་ད་དུང་ཡང་ཁོ་ལོ་བ་དེ་གཉིས་ཀྱིས་ཅིའི་ཕྱིར་དེ་ལྟར་བྱས་པ་མི་ཤེས། ཕལ་ཆེར་འགྲུལ་བ་མང་པོ་ལེན་ཐབས་ཤིག་ཡིན་རྒྱུ་རེད།
ཆུ་ཚོད་གཅིག་ཙམ་གྱི་ཡུན་ལ་ལྷ་སར་སླེབས་སོང་། ང་ཚོའི་མགྲོན་ཁང་ནི་བར་སྐོར་ན་ཡོད་པའི་གོར་ཁའི་མགྲོན་ཁང་ཟེར་བ་དེ་རེད། མགྲོན་ཁང་གི་ཕྱི་ལ་བོད་ཉམས་ཆེ་བ་ཙམ་མ་ཡིན་པར་ནང་གི་དོ་དམ་པ་ནས་བཟུང་ཞབས་ཞུ་བ་དང་། མ་བྱན་ཚང་མ་བོད་པ་རེད། ཟ་མ་ལ་བོད་ཟས་ལོས་ཡོད། རྒྱ་གར་ནག་གཉིས་ཀ་དང་། ནུབ་ལུགས་ཀྱི་ཟ་མ་ཡང་འདུག མགྲོན་ཁང་གི་སྦྱིན་བདག་ནི་མགོ་ལོག་གི་ཡིན་པ་དང་དོ་དམ་པ་ཡང་མགོ་ལོག་གི་རེད། ཁོང་རྒྱ་གར་དུ་ཡང་ལོ་ཤས་བསྡད་མྱོང་ཟེར་།
ང་ཚོ་ལྷ་སར་སླེབས་པའི་ཉིན་དེ་ཞོ་སྟོན་རེད། ལྷ་སའི་མི་མང་པོ་འབྲས་སྤུངས་ཀྱི་ཞོ་སྟོན་གྱི་མཛད་སྒོ་ལ་ཕྱིན་འདུག་པ་དང་། ད་དུང་ཕྱི་དྲོའི་དུས་ཚོད་དྲུག་པ་བར་དུ་འབྲས་སྤུངས་ཞལ་ཐང་ཞལ་ཕྱེ་ནས་བཞག་ཡོད་པ་རེད་ཟེར། ང་ཚོ་ལྷ་སར་སླེབས་དུས་ཕལ་ཆེར་ཕྱི་དྲོའི་དུས་ཚོད་གཉིས་པ་ཙམ་རེད། མྱུར་དུ་མགྲོན་ཁང་དེར་གུང་ཚིགས་ཤིག་བཟས་ནས་སེ་རའི་གོས་སྐུ་ལ་མཇལ་དུ་སོང་བ་ཡིན། ཡིན་ན་ཡང་སེ་རར་འགྲོ་སའི་སྲང་སྒོ་ལ་སླེབས་པ་ན་རླངས་འཁོར་གཅིག་ཀྱང་འགྲོ་མི་ཆོག དེ་ནས་ཡར་རྐང་ཐང་གིས་འགྲོ་དགོས། གླ་འཁོར་ནས་བབས་མ་ཐག་ང་ཚོས་སེ་རའི་ཞལ་ཐང་ཆེན་མོ་རྒྱང་རིང་ནས་མཇལ་གྱི་འདུག ང་ཚོ་སེ་རའི་ཕྱོགས་ལ་མགྱོགས་འགྲོ་བྱས། གོམ་པ་ཉི་ཤུ་ཙམ་སོང་བ་ན་རྫ་དུག་གིས་ང་དབུགས་འཚང་མགོ་བརྩམས། ངའི་བུ་མོ་ཡང་དབུགས་འཚང་འགོ་བརྩམས། ཅུང་ཙམ་དལ་འགྲོ་བྱས། རྒྱ་ལམ་གཡས་གཡོན་ལ་ལྕགས་ར་འཐེན་འདུག ལྕགས་རའི་ནང་ལ་ཤིང་སྡོང་བཙུགས་ཡོད་པའི་བར་གསེང་ན་སྤང་ཆུང་རེ་ཡོད་པའི་སྟེང་ལ་མི་ཐར་ཐོར་རེ་བསྡད་འདུག ལམ་དཀྱིལ་ལ་སླེབས་པ་ན་མར་ཡོང་མཁན་གྱི་མི་ཇེ་མང་དུ་གྱུར། སེ་རའི་ཞལ་ཐང་ཡང་ཕྱེད་ཀ་མ་གཏོགས་མཐོང་རྒྱུ་མེད། ང་ཚོ་ད་དུང་ཨུ་ཚུགས་ཀྱིས་ཡར་ལ་སོང་། བར་ཞིག་ལ་ཞལ་ཐང་ཆེན་མོ་དེ་ཡོངས་སུ་བསྒྲིལ་ཚར་འདུག མར་ཡོང་བའི་མི་སྔར་ལས་ཀྱང་ཇེ་མང་དུ་གྱུར། སྐབས་འགར་རླངས་འཁོར་ཡང་མར་ཕྱོགས་ལ་ཡོང་བ་མཐོང་། ང་ཚོ་ཡང་ཁ་ཕྱིར་མི་འཁོར་ཐབས་མེད་དུ་གྱུར།
པད་མ་འབུམ་(ནས།)
མཁས་དབང་པདྨ་འབུམ་ལགས། འབྲས་སྤུངས་ཞོ་སྟོན་ལ་འབྲས་སྤུངས་སུ་གོས་སྐུ་མཇལ་རྒྱུ་ཡོད་པ་ལས་སེ་རར་གོས་སྐུ་མཇལ་རྒྱུ་ཡོད་པ་ཞིག་ད་བར་མིག་གིས་མཐོང་བ་དང་རྣ་བས་ཐོས་མ་མྱོང་།
མུ་འགོད་ཡིན་བགྱི་རེད་མ་གཏོགས། མའོ་ཕྲུག་ཚོའི་རེ་བ་ཤི་ན་ཐང་། མ་མཐར་ཡང་བཤམས་མྱོང་བའི་གོས་སྐུ་དེ་ཚོར་ཡང་བསྐྱར་ཡང་བཤམ་འདུག ཅན་པོ་བཤད་ན་རེད།
ཐུགས་རྗེ་ཆེ། ཀློག་པ་པོ་ཚད་ལྡན་ཞིག་བྱེད་འཆར་ཡིན།
ཧེབ་ཟིག་བརྩངས་ནོ་དེ་རེད་ལ་་ཧཧཧཧཧ
འདིར་སྐད་ཆ་གཅིག་ཞུ་འདོད་བྱུང་། བོད་འགྱུར་བཞིན་པ་ནི་ང་ཚོ་ཚང་མས་ཤེས་ཀྱི་ཡོད། བོད་ཙམ་ཞིག་མ་རེད། འཛམ་གླིང་གི་ས་ཁུལ་ཡོངས་རྫོགས་ལ་འགྱུར་བ་ཞིག་འགྲོ་བཞིན་ཡོད། ལྡི་ལི་འགྱུར་བཞིན་ཡོད་ལ་རྡ་ས་ཡང་འགྱུར་བཞིན་ཡོད། འོན་ཀྱང་འགྱུར་བ་འདི་དག་ང་ཚོའི་མིག་དང་དན་རྣ་བ་ལ་སླེབས་ཀྱིན་ཡོད་མོད་ཡིག་ཐོག་ན་མེད་པ་རེད། ཡིག་ཐོག་ན་ཡོད་ན་སྐབས་འདི་དང་དུས་ཚོད་འདིའི་འགྱུར་བ་དེ་དག་འདི་འདྲ་ཞིག་རེད་ཨང་བསམས་པའི་གོ་རྟོགས་ཤིག་མི་རབས་རྗེས་མ་རྣམས་ལའང་འཇོག་ཐུབ་ཀྱི་རེད། དེ་མིན་ཚར་འགྲོ་གི་རེད། དེ་ལ་དགོངས་པ་བཞེས་རོགས་ཞེས་ཞུ་རྒྱུ་ཡིན། རྔ་ལ་དཔག་པའི་འཆམ་ཟེར་སྲོལ་བཞིན་འགྱུར་བ་འདི་དག་ངོས་འཛིན་ཐུབ་པ་དང་གསལ་བཤད་ཐུབ་པའི་མཆན་གང་མང་རེ་ཡོང་བའི་རེ་བ་ཞུ་བ་ཡིན།
ཡང་དོན་དག་གཞན་ཞིག་བརྗེད་འདུག ད་བཙན་བྱོལ་ནང་མི་ལོ་བཅུ་ཕྲག་གཉིས་ལྷག་བསྐྱལ་བའི་ཉམས་མྱོང་གི་ཐོག་ནས་ཞུས་ན། ང་ཚོ་ལ་སྐྱོན་འཚོལ་རྒྱུ་ལ་དགའ་བའི་གཤིས་ཀ་ཞིག་འདུག སྐྱོན་ཆུང་ཆུང་ཅིག་བཙལ་ནས་ཡོན་ཏན་ཚང་མ་བསྒྲིབས་འགྲོ་བའི་གཤིས་ཀ་ཞིག་འདུག དཔེར་ན་གངས་སྐྱིད་དུ་བོད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལ་ཆ་བཞག་ན། གསལ་བསྒྲགས་དེའི་ནང་གི་ “འབྲེལ་སྒྲ་”ཡི་སྦྱོར་ཚུལ་ཞིག་ནོར་བ་རྒྱུ་མཚན་དུ་བྱས་ནས་གསལ་བསྒྲགས་དེ་བོད་ཡིག་ཏུ་བྲིས་པའི་དགེ་མཚན་དེ་བརྩིས་མེད་བྱེད་པའི་གཤིས་ཀ་ཞིག་འདུག སྐབས་འདི་འདྲ་ལ་སྐྱོན་ནི་མཐོང་སླ་བ་དང་ཡོན་ཏན་ནི་མཐོང་དཀའ་བ་ཞིག་ཡིན་པ་འདྲ་སྙམ་པའི་སེམས་ཚོར་ཡང་ཡང་སྐྱེས།
རྗེས་མ་ལ་སྒུག་ནས་ཡོད།
བོད་ཞེན་ལགས། ན་ནིང་ང་ལྷ་སར་ཞོ་སྟོན་གྱི་ཉིན་མོར་སླེབས་དུས་ཕྱི་དྲོ་རེད། མགྲོན་ཁང་གི་ཞབས་ཞུ་བས་ང་ལ་འབྲས་སྤུངས་ལ་དེ་རིང་འཚང་ཀ་ཧ་ཅང་ཆེན་པོ་ཡིན་པ་དང་སླེབས་ཐབས་ཀྱང་མེད། དེ་བས་སེ་ར་ལ་ཚོད་ལྟ་ཞིག་བྱས་ན་རྗེས་ཟིན་རྒྱུ་རེད་ཟེར་ནས་ང་ཚོ་སེ་ར་ལ་ཕྱིན་པ་ཡིན། སེ་རའི་གོས་སྐུ་ལ་རྒྱང་མཇལ་ཙམ་མ་གཏོགས་བྱེད་མ་ཐུབ་མ་སོང་།
ལྷ་མོ་སྐྱབས་ལགས། ཁྱེད་རང་གིས་ཡིག་གི་འབྲི་སྐབས་གོ་རྒྱུ་མེད་པའི་ལོག་སྐད་དེ་རིགས་མ་འབྲི་རོགས་གྱིས། ཁྱེད་རང་གིས་ཡིག་གེ་སྤྱད་ན་ཡག་པ་མེད་འགྲོ།
༄༅།།ལྷ་སའི་ཞོ་སྟོན།
ཞོ་སྟོན་ཞེས་པ་ནི་དབྱར་དུས་ཀྱི་དགའ་སྟོན་ཞིག་སྟེ། བོད་ཟླ་དྲུག་པའི་གནམ་གང་གི་སྔ་དྲོ་འབྲས་སྤུངས་ནུབ་རིའི་ལྡེབས་སུ་སྟོན་པ་ཐུབ་པའི་དབང་པོ་གཙོ་བཞུགས་ཀྱི་གོས་སྐུ་ཆེན་མོ་བཀྲམ་པ་དེའི་སྐུ་མདུན་དུ། ཡུལ་ལུང་ཁག་ནས་ཕེབས་པའི་ལྷ་མོ་བ་རྣམས་ཀྱིས་རིམ་པས་གཟིགས་ཕུད་འབུལ་གྱི་ཡོད། ཞོ་སྟོན་དངོས་གཞི་དེ་བོད་ཟླ་བདུན་པའི་ཚེས་གཅིག་གཉིས་ནས་བཟུང་ཡུལ་ལུང་ཁག་གི་ལྷ་མོ་བ་རྣམས་ནས། རང་རང་གི་ཁྱད་ཆོས་ལྡན་པའི་འཁྲབ་གཞུང་འདྲ་མིན་འཁྲབ་སྟོན་བྱེད་ལ་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་། ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས། ས་ཁུལ་གཞན་ནས་ཕེབས་པའི་བོད་མི་བཅས་ཀྱིས་གཟབ་མཆོར་གང་ལེགས་སྦྲས་ཏེ། ཞོ་སྟོན་གྱི་གཟིགས་མོར་ཕེབས་པ་དང་ཆབས་ཅིག་བཟའ་བཏུང་གི་གཡོས་སྦྱོར་ཕུན་སུམ་ཚོགས་པ་འཁྱེར་ནས་གླིང་ག་ཁག་ལ་ཅི་དགར་ལོངས་སུ་སྤྱོད་ཀྱི་ཡོད། དེང་སྐབས་ཞོ་སྟོན་གྱི་ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས། ཆེད་ལས་རིག་རྩལ་ཚོགས་པ་ཁག་གིས་ཀྱང་ཡིད་དབང་རབ་ཏུ་འཕྲོག་པའི་འཁྲབ་སྟོན་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མཁན་ཚོས་ཀྱང་ལྷ་སའི་ཞོ་སྟོན་གྱི་དུས་དང་བསྟུན་ནས་བོད་ལ་ཕེབས་ཀྱི་ཡོད་སྟབས། ཞོ་སྟོན་གྱི་དུས་དེར་ཡུལ་སྐོར་སྤྲོ་འཆམ་གྱི་བྱེད་སྒོ་སྔར་བས་འཁྲུག་པའི་ཁར། ཁྲོམ་ར་འཁྲུག་པོ་ཡོང་ཆེད་དེའི་རིང་ལྗོངས་ནང་ཁུལ་གྱི་ལག་ཤེས་ཐོན་ཟོག་བརྗེ་ཚོང་བྱེད་པའི་ཚོང་འདུས་ཀྱང་ཚོགས་ཀྱི་ཡོད། ཞོ་སྟོན་ཞེས་པའི་མིང་གི་ཐ་སྙད་དེ་ཅི་འདྲ་བྱས་ནས་བྱུང་བའི་སྐོར་མདོར་བསྡུས་ཤིག་ཞུས་ན། དེར་བཤད་སྲོལ་ཁག་གཉིས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་གྲུབ་བྱུང་མཚམས་སུ་ལས་མི་རྣམས་ལ་ཞོའི་སྟོན་མོ་བཏང་བ་ལས། དུས་ཆེན་དེའི་དབུ་ཐོག་མར་བརྩམས་པ་མ་ཟད་མིང་ལའང་དེ་ལྟར་ཐོགས། ཟེར་བ་གཅིག་དང་། ཡང་ཞོ་སྟོན་ཟེར་བའི་མིང་དེའི་འབྱུང་ཁུངས་ནི་བོད་ཟླ་བདུན་པའི་ནང་བོད་ལ་ཞོ་འཕེལ་ཞིང་ལེགས་པའི་སྐབས་ཡིན་པ་ན། ཞོའི་སྟོན་མོ་གཏོང་སྲོལ་ཡོད། ཟེར་བ་ཁག་གཉིས་ཡོད།
http://zw.tibetculture.net/mc/msjr/200808/t20080822_421884.htm
བོད་ཞེན་ལགས།
སེ་རར་གོས་སྐུ་བཤམས་པ་དེ་ཁྱེད་ཀྱིས་མ་ཐོས་མ་མཐོང་ན་མཁས་དབང་པདྨ་འབུམ་གྱིས་དངོས་སུ་མཐོང་བའི་བྱུང་བ་ཡི་གེར་འབྲི་སྐབས། སེ་རའི་གོས་སྐུ་ལ་རྒྱང་མཇལ་བྱས་པ་དེ་ནག་བསུབ་གཏོང་དགོས་པ་རེད་དམ། ཧཧཧཧ ཡིན་ནའང། ཞའོ་སྟོན་ཉིན་དང་པོའི་སྔ་དྲོར་འབྲས་སྤུངས་དང་ཉིན་རྒྱབ་སེ་རར་གོས་སྐུ་བཤམས་པ་གཉིས་ལ་ང་མཇལ་མྱོང། གོས་སྐུ་གཉིས་ཀའི་གཙོ་སྐུ་སྟོན་པ་རེད་འདུག་ཅིང་ཆེ་ཤོས་འབྲས་སྤུངས་སུ་བཤམས་པ་དེ་རེད།
ངོ་མ། ཨ་ཁུ་པདྨ་འབུམ་དེ་ཉིད་དྲན་གསོ་འབྲི་རྒྱུར་མཆོག་ཏུ་འགྱུར་བ་ཞིག་རེད་འདུག་ཚིག་སྦྱོར་གོ་སླ་ཞིང་། གསོན་ཉམས་ལྡན་པ་ཞིག་རང་རེད་འདུག་
པདྨ་འབུམ་ལགས། དྲན་པ་ཡག་པོ་གསོས། དངོས་ཡོད་ནི་འབྲས་སྤུངས་ཞོ་སྟོན་གྱི་ཉིན་སྔོན་མར་ལྷ་སའི་ཉེ་འཁོར་གྱི་ལྷ་མོ་ཚོགས་པ་ཁག་གིས་ཕོ་བྲང་རྡོ་གཅལ་སྟེང་ལྷ་མོའི་གཟིགས་ཕུད་ཕུལ་བ་དང་། དངོས་གཞིའི་ཉིན་ཉི་ཤར་གྱི་དུས་སུ་གོས་སྐུ་གཤམས་གྲུབ་མཚམས་ཕོ་བྲང་རྡོ་གཅལ་སྟེང་ལྷ་མོ་ཉིན་གང་འཁྲབ་། ཉིན་གསུམ་པར་ནོར་བུ་གླིང་ཁར་ལྷ་མོ་ཚོགས་པ་ཁག་ནས་ལྷ་གཞུང་གཟིགས་འབུལ་གྱིས་གཞུང་ཞབས་ཙམ་མ་ཟད་༧གོང་ས་མཆོག་ནས་ཀྱང་རབ་གསལ་ནས་དགྱེས་གཟིགས་གནང་སྲོལ་ཡོད། དུས་འགྱུར་རྗེས་ཀྱི་བརྒྱད་བཅུ་གྱ་གྲངས་ནས་རྒྱ་གཞུང་གིས་ཞོ་སྟོན་དེ་གལཆེན་ཞིག་ལ་བརྩིས་ནས་སྔར་སྲོལ་རིམ་པ་བཞིན་རེད་། ལོ་རྒྱུས་དང་བྱུང་རབས་ནང་འབྲས་སྤུངས་ཞོ་སྟོན་སྐབས་སུ་སེ་རའི་གོས་སྐུ་ཟེར་བ་ཞིག་མཇལ་མ་བྱུང་བས། པདྨ་འབུམ་ལགས་ཀྱིས་མཇལ་དེ་ཡང་ན་ལུགས་སྲོལ་གསར་པ་ཞིག་ཡིན་ཚོད་རེད།
ཁྱུང་ཆེན་ལགས ཧ་ཧ་ ཉིན་བརྒྱབ་གོས་སྐུ་བཤམས་པའི་ལོ་རྒྱུས་ཤིག་ཀྱང་བཟོས་འདུག ཁྱུང་ཆེན་གྱིས་གོས་སྐུ་ཉིན་བརྒྱབ་བཤམས་པ་དེ་པདྨ་འབུམ་ནས་མཇལ་བ། ཕལ་ཆེར་སྒྲུང་ཡིན་པ་འདྲ།
པདྨ་འབུམ་མཆོག་སྐུ་ཟླ་སྲས་མོ་བཅས་བོད་ལྗོངས་ལ་ཕེབས་ནས་སླར་རང་གནས་སུ་བཞུགས་པ་ཞལ་བྲོ། འོན་ཀྱང་། ང་ན་ནིང་ནས་བརྩིས་པའི་ལོ་ཉེར་དྲུག་གི་སྔོན་ཏེ། ༡༩༨༧ ལོར་ལྷ་སར་སླེབས། ཕར་ལྷ་སར་འགྲོ་དུས་ན་གོར་མོ་བར་དུ་མེ་འཁོར་ལ་བསྡད་ཅིང་། ་་་ཞོར་དུ་ངའི་སྐྱེས་དམན་དང་བུ་མོ་གཉིས་ཀྱི་ཕྱི་སྐྱོད་ལག་ཁྱེར་ཡང་ཁོ་ལ་བསྟན། ་་་སོགས་ལ་གོ་བ་རྒྱབ་སྟངས་མ་ཤེས་པས་མགོ་འཁོར་བ་ལྟ་བུ་བྱུང་། ཧོང་ཀོང་ནས། མེ་འཁོར་ཐོག་ཀོང་ཇོ་ཞེས་པ་བར་མེ་འཁོར་ཐོག་ཕྱིན། དེ་ནས་ཏིན་ཏུ་ནས་གནམ་གྲུ་དང་རླངས་འཁོར་ཐོག་༡༩༨༧ ལོར་ལྷ་སར་སླེབས། དགའ་ལྡན་རི་བོར་བསངས་གཏོང་བའི་མི་ཞིག་ལ་ང་རྐྱང་རྐྱང་ཨ་རི་ནས་འོངས་པ་ཡིན་བཤད་པ་ལ་ཁོ་ཧ་ལས། སྟབས་བཞག་ནས་ཇག་པ་ཞིག་དང་མ་ཐུག ལྷ་ས་ནས་དགའ་ལྡན་དུ་གོམ་པ་བརྒྱབས་ནས་འགྲོ་རྩིས་བྱས་ཀྱང་། མི་ཞིག་གིས་རྩ་ནས་འགྲོ་རྒྱུ་ཡོད་མ་རེད་ལབ་སོང་། ཁྱད་ཅིག་ཡོད་པ་འདྲ།
གཅིག་ཆ་ན་ད་ལོ་མཇལ་འོང་། སརྦ་མངྒ་ལོ་བྷ་བ་ཏུ།
དེ་རིང་སེ་རའི་སྐོར་གསུངས་དུས་ང་ལ་དྲན་པ་ཞིག་སོས་བྱུང་། དེ་ནི་ ༡༩༨༧ ལོ་ལ་རེད། སེ་ར་དགོན་པ་རེད། ང་དང་གྲོགས་པོ་བསྟན་ཆོས་གཉིས་དགོན་པར་སླེབས་སྐབས་ལྷ་མོ་འཁྲབ་བཞིན་འདུག མི་ཚོགས་མང་པོ་འདུག མི་ཚོགས་ཀྱིས་མཐའ་སྐོར་བའི་དབུས་ན་ལྷ་མོ་འཁྲབ་ཀྱིན་འདུག དེ་དུས་ལྷ་མོའི་ཟློས་གར་གོ་བ་ཐེངས་དང་པོ་དེ་ཡིན། ཨ་ཡི་འི་ཡེ་ཞེས་གདངས་རིང་པོ་དེ་འཐེན་ནས་ཚིག་འབྲུ་གོ་མི་ཐུབ་པའི་དབྱངས་རྟ་དེ་ཚོ་ཐོས་དུས། ཕ་ཡུལ་གྱི་ཁ་ཆེ་ཚོས་གྱེར་བའི་ཆོས་སྐད་དེ་སེམས་ལ་ཤར་སོང་ཞིང་། དེས་རྐྱེན་བྱས་པའི་རྣམ་རྟོག་ཅིག་ཀྱང་ལངས། འོན་ཀྱང་ད་ཆ་ང་ཡང་གདངས་དེ་ལ་ཧ་ཅང་དགའ་བ་ཞིག་ཏུ་གྱུར། དེ་ཙམ་ཞིག་དྲན་པ་སོས།
པདྨ་འབུམ་གྱི་གསུང་བཤད་གོ་དཀའ་ཡང་། །
པདྨ་འབུམ་གྱི་འབྲི་རྩོམ་གོ་བདེར་འདུག །
ཆོལ་ཁ་གསུམ་གྱི་སྐད་གདངས་མི་འདྲ་ཡང་། །
བྲིས་དུས་ཀུན་གྱིས་གོ་འདི་གཅེས་ཉར་མཛོད། །
དགེ་རབ་ཀྱིས་མཇལ་བ་དེ་སེ་རའི་ཆབ་ཞུགས་རེད་། སེ་རའི་ཆབ་ཞུགས་དང་ཕུར་མཇལ། འབྲས་སྤུངས་ཀྱི་ཞོ་སྟོན་དང་ཀླུ་བུམ། དགའ་ལྡན་གསེར་ཐང་དང་ལྔ་མཆོད། དེ དག སེ་འབྲས་དགའ་གསུམ་གྱི་དུས་ཆེན་གསུམ་རེད
ཨ་ཁུ་པད་མ་འབུམ་ལགས་ཀྱིས་ལོ་ཉི་ཤུ་ལྷག་གི་དྲན་སྣང་འདི་ཞིབ་འབྲི་་ཞིག་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ། ན་གོར་མོ་ལབ་དུས་ང་རང་གི་ཡིད་ལ་ཚོར་སྣང་དྲན་བུ་ཞིག་འདུག ངའི་གྲོགས་པོ་དང་ངེད་གཉིས་ཟི་ལིང་ནས་ན་གོར་མོ་བར་དུ་མེ་འཁོར་ནང་ཕྱིན་པ་ཡིན། མེ་འཁོར་ནང་ཕལ་ཆེར་ཉིན་མཚན་གཉིས་འདྲ་ཞིག་སོང་བ་ཡིན། ངེད་གཉིས་ཀྱི་རྐུབ་སྟེགས་འདུག་རོགས་སྐུ་འབུམ་སྟག་འཚེར་ཡིན་པའི་མི་འགའ་འདུག
མི་ཞིག་མིང་ལ་ཉི་མ་ཟེར་ཞེས་ལབ་པ་དེ་རིང་ངའི་དྲན་ངོར་གསལ་བོར་འདུག་ལ། མ་ཟད་ཁོས་ངེད་གཉིས་ལ་༧གོང་ས༧་མཆོག་དང་ཁོང་ཚོ་གྲོང་སྡེ་གཅིག་པ་ཡིན་ཟེར།ཁོང་ཚོའི་ནང་གི་མི་རྒན་པ་ཞིག་གིས་ངེད་གཉིས་ལ་ཉི་མ་ཟེར་བ་དེ་མཛུབ་མོ་བཙུགས་ནས་ཁོ་དང་རྒྱལ་བ་རིན་པོ་ཆེ་གཉིས་ན་ཟླ་རེད་ཟེར་བ་ཞིག་དེ་རིང་ཡང་ངའི་དྲན་ངོར་གསལ་བོར་ཤར་གྱི་འདུག
ལོ་ལོན་ཚོ་ཉི་མས་དྲོ་ན་ཁ་བརྡ་ཡག་པོ་ཀློད་ནས་འདུག རྒྱག་རེས་མ་བརྒྱབ་ན་ལོ་ལོན་ཚོ་ལ་རྡུ་རུ་བསྐོལ་ནས་སྟེར། མུ་མཐུན་གནའ་རྒྱས་ད་རྒྱུས་ཤོད་ནས་སྡོད། ཁེངས་བབས་ནས་ཕྱི་ལ་ནི་འགྲོ་ཁེགས་པོ་འདུག
ཕར་ཕྱོགས་ཞིག་ལ་མགོ་བཏང་བ་ཡིན་པེ་ནེ། ཀླུ་མཁར་བྱམས་བཤད་ནས་འཐབ་འཛིང་དྲག་པོ་བྱེད་ཀྱི་འདུག གསར་བུ་དེ་ཚོ་དཔུང་ཤ་རྒོད་ནི་རེད། སྐྲག་ནི་ཙུག་རེད། ཕྱིར་བྲོས་ནས་ཡོང་བ་ཡིན། འདི་ནང་ན་ལྷོད་ལྷོད་འདྲ་ཞིག་རེད།
གོང་དུ་པད་འབུམ་ལགས་ཀྱིས་བཤད་ཚུལ་ལ་གཞིགས་ན་བོད་དུ་རི་ལོང་ས་གཞིའི་ཁོར་ཡུག་ཡོད་ཚོད་འགྱུར་བར་ཕྱིན་ཡོད་པ་མ་ཟད། གདན་ས་ཆེ་ཁག་གི་ཆོས་ཕྱོགས་ཀྱི་མཛད་སྒོར་ཁག་ལ་ཡང་འགྱུར་བ་ཞིག་སོང་ནི་ཡིན་ས་རེད། དེང་སྐབས་གདན་ས་འབྲས་སྤུངས་སུ་ཞོ་སྟོན་ཉིན་ལ་སེ་རར་གོས་སྐུ་བཤམས་པའི་ལམ་སྲོལ་ཞིག་ཡོད་པ་འདྲ། དེ་ནི་ལམ་སྲོལ་གསར་པ་ཞིག་ཡིན་རྒྱུ་རེད། ལམ་སྲོལ་དེ་ག་དུས་དར་བ་ཡིན་ནམ། སྤྱིར་གདན་ས་སེར་འབྲས་དགའ་གསུམ་སོ་སོའི་དམིགས་གསལ་མཛད་ཆེན་རེ་ཡོད་ནི་རེད། དགའ་ལྡན་གྱི་གོས་སྐུ། འབྲས་སྤུངས་ཀྱི་ཞོ་སྟོན། སེར་རའི་ཕུར་མཇལ་ཞེས་པ་དེ་རེད། དེ་དག་ནི་ཟླ་ཚེས་མི་འདྲ་བའི་དུས་ཆེན་ཁག་གསུམ་སྔ་མོ་ནས་དར་སྲོལ་ཡོད་འདུག།
རྒས་དུས་ལྷ་སར་ལོག་དགོས།
གཞོན་དུས་མའོ་ལ་གཡོག་རྒྱུགས།
པད་མ་འབུམ་གྱི་བསོད་ནམས།
ཚེ་བརྟན་སྒྲོལ་མར་འདྲ་བྱུང་།
ལས་ངན་བོད་གཞུང་སྒང་ལ།
བཏགས་ཁྱིའི་བཙན་ཀྱིས་འཐེན་པ།
གློད་ན་རྒྱོངས་རྒྱུ་མེད་པའི།
ཧོར་འཇིགས་དེ་དང་འདྲ་བྱུང་།
ཁ་ལ་ཚོད་ཡོད་ཁྲིམས་ཡོད།
གནའ་དུས་བོད་ཀྱི་ལུགས་ཡིན།
བསམ་བསམ་དྲན་དྲན་བཤད་པའི།
ཨ་མདོའི་སྙན་ངག་འདི་རེད།
ཨ་ཁུ་འབུམ་ལགས། ནང་མི་ཚང་མ་བདེ་མོ། མུ་མཐུད་འབྲི་བའི་རེ་བ་ཞུ་གི་ཡོད།
རྒན་པད་མ་འབུམ་ལགས། སྐུ་ཉིད་ཀྱིས་དབུས་མཇལ་གྱི་ལམ་དེ་ཡིག་ཐོག་བྲིས་གནང་བར་ཐུགས་རྗེ་ཆེ། ལྗགས་རྩོམ་འདི་ཀློག་སྐབས་ས་ཆ་དེ་ཚོ་དང་། མི་སྣ་དང་། ཁོར་ཡུག་དང་། ཐ་ན་གནམ་གཤིས་ཀྱང་ཇི་འདྲ་ཡོད་མེད་སྣང་བར་འཆར་བྱུང་།མུ་མཐུད་ཕྲིས་རོགས་གནང་།
རྒད་པོའི་དབུས་མཇལ་དེ་ཀློག་རྒྱུ་བྱུང་བས་ཧ་ཅང་དགའ་ཡོད། མུ་མཐུད་དུ་ཀློག་གི་ཡིན།
ངའི་སེམས་ནང་གི་རྒད་པོ་པད་མ་འབུམ་དང་། དབུས་མཇལ་བའི་རྒད་པོ་འདི་གཉིས་ཏག་ཏག་ཞིག་མཐུན་གྱི་མི་འདུག། དེ་ན། དབུས་མཇལ་འདྲ་ཡིན་ནི་མ་རེད་འདོད། དབུས་ལ་ལྟ་སྐོར་དུ་ཕྱིན་པ་ལབ་ན་ཡག་པོ་མེད་འགྲོ།
མྱི་འདི་ཚོ་མྱི་གཞི་མེད་སོང་ན་བྱ་གཙོག་གི་རེད། ནམ་ཡིན་ན་བྱི་ལུ་བྱིས་མོ་སྣབས་ལུག་འདྲ་མོ་ཏག་ཏག་བྱིངས་སྐྱེད་མི་འབུད་ཀི མྱི་རྒས་ནས་སྲང་མདོར་མ་ནི་བསྐོར་གི་ཡོང་ན་ཐུགས་རྗེ་ཆེ་ར་བརྫོ་དགོས་ནི་མ་རེད། བཀྲ་ཤིས་བདེ་ལེགས་རེ་ཞུས་ནས་མགོ་གུག་རེ་བགྱིས་ན་འགྲིག་གི་རེད།
ཨ་ཁུ་པདྨ་འབུམ་ལགས་ལ། བཀྲ་ཤིས་བདེ་ལེགས་ཞུ། རྩོམ་མཇུག་གང་མགྱོགས་མུ་འགོད་ཡོད་པར་ཞུ།
གོ་བདེ་བོ་ཡག་པོ་ཞིག་གནང་འདུག
སེ་ར་དང་འབྲས་སྤུངས་ལ་ངས་གཞས་ཤིག་དྲན་སོས་སོང་། རྣམ་པ་ཚོས་གཞས་འདིའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མཁྱེན་ནམ། ༼ འབྲས་སྤུངས་འབྲས་ཀྱི་ཐུག་པ། །ཁོལ་ནས་བླུད་རྒྱུ་མེད་པར།། སེ་ར་པ་མགོའི་ཐུག་པ།། མ་ཁོལ་གང་ནས་བླུད་རྒྱུ།། ༽ འདི་འབྲས་སྤུངས་ཞོ་སྟོན་དང་དན་དན་འབྲེལ་བ་ཡོད་རེད།
སྙན་པོ་བྱུང་། འོན་ཀྱང་། མཆན་བུ་འགའ་མཐོང་དུས། ལྟ་སྐོར་འགྲོ་བགྱིན་འགྲོ་བགྱིན་ཟིན་འབྲི་འབྲི་བགྱིན་འབྲི་བགྱིན་བྱས་པ་མིན་པར་རྗེས་སུ་བྲིས་པ་དང་། ཆེད་རྩོམ་གཉིས་པ་སོགས་མུ་མཐུད་བྱ་བགྱི་ཡིན་ཟེར་བ་འདྲ། དབུས་མཇལ་མ་རེད། གཞན་ཅིག་རེད། ཟེར་བའི་གོ་དོན་ཤེས་ཐུབ་ཀྱང་།
མའོའི་གཡོག་རྒྱུགས་དང་བོད་གཞུང་ལ་སྟག་ཁྱི་ལྟར་རེད་ཟེར་བགྱིད་འདུག པདྨ་འབུམ་ལགས་ཀྱི་ལོ་རྒྱུས་ལ་དྭོགས་པ་ཅིག་ཤར་བྱུང་། བོད་ནས་ཕེབས་པའི་ཤེས་ཡོན་ཅན་གསར་འབྱོར་བ་ཅིག་ལ། ན་ནིང་བོད་ནང་འགྲོ་བར། ཆོག་མཆན་ཝི་ས་ལས་སླ་བོར་ཐོབ་པ་འདི་ལ་ཡང་དྭོགས་པ་རང་བཞིན་གྱིས་ཤར་བྱུང་བས། དྲ་གྲོགས་ཚོས་དྭོགས་སེལ་ཅིག་གནང་རོགས་གནོངས།
སྤྱིར་སྟངས་ང་ནི། བོད་རིགས་གསར་རྙིང་གང་རུང་། གང་མང་བོད་ནང་ལོག་པའམ། འགྲུལ་བཞུད་གང་མང་མང་བྱས་ཐུབ་ན་དགའ་སྒོམ་ཚད་མེད་བྱེད་མཁན་ཅིག་ཡིན་ལགས། འདི་ནི་ང་རང་བོད་ལ་མི་ཐར་བས་ཡིན་ཀྱང་སྲིད།
ཨ་ཁུ་པདྨ་ལགས་མཐུད་དུ་འབྲི་རོགས་གནང་། ངས་མུ་མཐུད་དུ་ཀློག་རྒྱུ་ཡིན།
པད་འབུམ་ལགས་ཀྱིས། ཀརྡོས།
་་་་་་་་་་་་་་་་་་་་་་་་་་་་་་་་་་
པད་མ་འབུམ། པདྨ་འབུམ།
ཁ་རྩང། མདང་།
ལྟ་གིན་ལྟ་གིན། ལྟ་བགྱིན་ལྟ་བགྱིན།
སྐྱེས་དམན། སྐྱེས་སྨན།
དྲན་གྱི་མི་འདུག དྲན་བགྱིད་མི་འདུག
བོད་སྐད་ཡག་པོ་བརྒྱབ་གི་འདུག བོད་སྐད་ཡག་པོ་བརྒྱབ་བགྱིད་འདུག
ངས་ཤེས་ཀྱི་ཡོད། ངས་ཤེས་བགྱིད་ཡོད།
ཁ་ལོ་བ། ཁ་ལོ་པ།
ཞབས་ཞུ་བ། ཞབས་ཞུ་པ།
མཇལ་གྱི་འདུག མཇལ་བགྱིད་འདུག
ང་དང་འབྲི་སྟངས་མི་འདྲ་བ་འགའ་ཟུར་བཀོལ་བྱས་པའོ།།
སྐུ་ཞབས་པད་འབུམ་གྱི་དྲན་ཐོ་ཀློག་སྙིང་བྲོ་བ་ཞིག་བཀོད་པ་བཀའ་དྲིན་ཆེ། མུ་མཐུད་ནས་བཀླག་ངེས་ཡིན།
ཀརྡོའི་ཀླད་པ་རྡོ་ལས་མཁྲེག ཀརྡོའི་རྙིང་ཞེན་དྲེགས་ལས་ནག ཀརྡོའི་ཨུ་ཚུགས་གཡག་ལས་ཐུ། འདི་གསུམ་འཛོམས་ལ་བདག་ཕྱག་འཚལ། འདིའི་ནང་དུ་ཁྱོད་ཀྱི་འབྲི་སྟངས་དང་མི་འདྲ་བ་ཅི་ཙམ་འདུག་ལགས། ཧ་ཧ་ཧ
རྒན་རབས་མཁས་མིང་འཛིན་པ་ཨ་ཁུ་པད་མ་འབུམ་ལགས་ཀྱིས་མི་འགོད་དྲན་ཐོ་འདི་བརྗོད་བྱའི་ཚིག་དང་ནང་དོན་གང་གི་ཆ་ནས་ཡང་ང་ཚོ་རྗེས་རབས་པ་དག་གིས་སློབ་དགོས་པ་མང་པས། མི་མཐུད་དུ་ཀློག་ཐུབ་པའི་རེ་བ་ཡོད།
ཡ་གྲོགས་པོ་ཚོ་ཕྱི་ལོ་ ༢༠༡༣ ལོའི་ནང་གལ་ཆེ་བའི་གནས་ཚུལ་ཅི་འདྲ་བྱུང་བ་རེད་དམ།
༡༩༨༧ དབྱར་དུས་ཨ་རིར་སློབ་གྲྭའི་དགུང་གསེང་ལ་བོད་ལ་འགྲོ་དུས། བོད་དང་ཧོང་ཀོང་དུ། གཅིག་ན་ཇག་པ་འབྱུང་བ་མངོན་དུ་ཕྱོགས་ཀྱང་། སྐྱོན་མ་བྱུང་། ལྷ་ས་ནས་གཞིས་ཀ་རྩེར་རློངས་འཁོར་ཐོག་འགྲོ་བ་ལ་སྔ་དྲོའི་ཆུ་ཚོད་༦པར་ཤོག་ཟེར། ཁུར་པོ་སྐྱེལ་འདྲེན་མ་ཞིག་ལ་མངགས་ཏེ་འོང་རྒྱུ་བྱས་ཀྱང་མ་སླེབས། ཁུར་པོ་མི་འཁྱོག་བཞིན་དུ་ཁུར་ནས་འགྲོ་བ་ན། ལྷ་ས་་གཞོན་ནུ་མ་རེས་མཐོང་སྟེ་སྐྱེལ་གྲོགས་བྱས། དངུལ་རྔན་པ་ཆུང་ཆུང་ཕུལ་ཀྱང་། རྩ་ནས་བཞེས་མ་སོང་། རླངས་འཁོར་འབབ་ཚུགས་སུ་སླེབས། སུ་གང་ཡང་དེར་སླེབ་མི་འདུག །ཉེ་ལོགས་ཀྱི་མགྲོན་ཁང་ཞིག་ནས་སྐྱེས་མ་འགའ་གཞན་དུ་འཐོན་པ་ན། བདག་ལ་གཟིགས་ཏེ། འདིར་བཞུགས་ན་ཡ་ང་ཆེ་གསུངས། ངས་མགྲོན་ཁང་གི་ཁང་སྲུང་ལ་བར་ཁྱམས་ནང་ལོགས་ལ་སྡོད་ཆོག་པའི་གནང་བ་ཞུས། ཁང་སྲུང་གིས་ཀྱང་གནང་བ་སྟེར། རྒྱ་སྒོ་བརྒྱབས། སྐར་མ་ཁ་ཤས་རྗེས་སུ། གཟུགས་རིང་སྐྱེས་པ་གཅིག་གཉིས་ཕྱི་ལོགས་ན་ཡོད་པ་མཐོང་། དེ་ཀུན་ཇག་པ་ཡིན་མ་ཡིན་སུས་ཤེས། བདག་རང་ལ་ནི་གནོད་སྐྱོན་གང་ཡང་མ་བྱུང་། གཞན་ཡང་བ་ནག་ཤ་ཞེས་པའི་མགྲོན་ཁང་དུ་དེར་སྡོད་ལས་བྱེད་པ་ཞིག་གིས་བཤད་པ་འདི་ལྟར་ཐོས། ཕྱི་རྒྱལ་པ་དེ་ཚོ་ག་ས་ག་ལ་འགྲོ། ཇག་པས་་ཕྱི་རྒྱལ་པ་ཞིག་བཅོམ་ཞེས་པ་ད་བར་དུ་གོ་མ་མྱོང་། དེ་དག་ལ་ལག་ཆ་འདྲ་མི་འདྲ་རེ་ཡོད་འགྲོ་བསམ་པ་ཡིན་ནམ་གང་ཡིན། དེ་མིན་ནི། གཅིག་ཅིག་བཅོམ་སོང་། གཉིས་གཉིས་ཤིག་བཅོམ་སོང་། གནས་ཚུལ་རྐྱང་རེད། ཅེས་བཤད། འདི་དག་ནི་དངོས་བྱུང་གནས་ཚུལ་ཡིན། ཚིག་གཅིག་ལ་ཡང་སྒྲོ་བཏགས་དང་སྐུར་འདེབས་མེད་དོ།
གནས་སྐོར་སྤྲོ་འཆམ་སོགས་འགྲུལ་བཞུད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་དང༌། ཉིན་ཐོ་བཅས་འབྲི་ན་སྐབས་ཐོག་དུས་ཐོག་ལ་བྲིས་ན་བཟང༌། དེ་མིན་ཡུན་རིང་གི་རྗེས་ནས་བྲིས་ན་དྲན་པ་རབ་རིབ་ཅིག་གི་གསེང་ནས་བརྗོད་བྱའང་རབ་རིབ་ཙམ་ཞིག་ལས་དེ་འདྲའི་འཐུས་ཚང་ཞིག་མི་ཡོང༌།
རྒན་འཇམ་དཔལ་ལགས།
སྐུ་བདེ། དེ་ལོ་མཇལ་བའི་སྨོན་ལམ།
# 37 ཕུར་པ་སྐྱབས།་ལགས།
ཀརྡོའི་ཀླད་པའི་ནང་ལ།
འདས་ད་ལྟ་མ་འོངས་གོ་རིམ་བཞིན།
སྐྱེས་བུ་དང་པོར།
༡༽ངས།
་་་པ་ཡིན།
་་་་བགྱིད་ཡོད།
་་་་བགྱི་ཡིན།
སྐྱེས་བུ་གཉིས་པར།
༢༽ཁྱོད་ཀྱིས།
་་་པ་རེད།
་་བགྱིད་རེད།
་་་་བགྱི་རེད།
སྐྱེས་བུ་གསུམ་པར།
༣༽ཁོས་དང་མོས།
་་་་པ་རེད།
་་་བགྱིད་རེད།
་་་་བགྱི་རེད།
ཡིན་མིན། རེད་མ་རེད།
ང་ཡིན། ང་མིན།
ཁྱོད་རེད། ཁྱོད་མ་རེད།
ཁོ་རེད། ཁོ་མ་རེད།
འདི་རེད། འདི་མ་རེད།
ཡོད་མེད་དང་། འདུག་མི་འདུག
ང་ལ་ཡོད། ང་ལ་མེད།
ཁྱོད་ལ་འདུག ཁྱོད་ལ་མི་འདུག
ཁོ་ལ་འདུག ཁོ་ལ་མི་འདུག
དེ་ལ་འདུག དེ་ལ་མི་འདུག
འདས་ད་ལྟ་མ་འོངས་གསུམ་ལ།
༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
༢༽ འདི་རིང་ ངས་ ཤིང་ གཅོད་བགྱིད་ ཡོད།
༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།