དོན་འགྲུབ་བཀྲ་ཤིས།
ནེའོ་ཡོག་ས་གཞོན་གྱིས་གོ་སྒྲིག་འོག་ཀླུ་བྱམས་ནས་གཏམ་བཤད་སྤེལ་ཞིང་། ཁོ་པས་བཤད་དོན། ༼ང་ཚོས་རང་བཙན་རྩོད་དགོས་པ་ལས་དབུ་མའི་ལམ་ནས་རང་སྐྱོང་རྩོད་པ་ནི་དགོས་མེད་དང་། དབུ་མའི་ལམ་ནི་རྒྱ་ནག་གི་རྩ་ཁྲིམས་འོག་རང་སྐྱོང་རྩོད་ཀྱིན་ཡོད་པས་རྒྱ་ནག་གི་རྩ་ཁྲིམས་འོག་རང་སྐྱོང་ནམ་ཡང་རག་མི་སྲིད་པ་དང་། རྒྱ་ནག་མང་གཙོར་འགྱུར་ན་རང་སྐྱོང་རྩོད་མི་དགོས་པར་རག་རྒྱུ་ཡིན་པ་དང་། རྒྱ་ནག་མང་གཙོར་འགྱུར་རྗེས་བོད་མི་ཚོས་བོད་མི་གདམས་པ་ལས་རྒྱ་མི་གདམས་མི་སྲིད་པ་དང་། ཁོ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དོལ་རྒྱལ་བསྟེན་མི་བསྟེན་གྱི་བོད་མི་གཉིས་ལ་ཁྱད་པར་གང་ཡང་མེད་༽ཅེས་སོགས་ཟེར།
ཕན་ཚུན་བར་གནད་དོན་གང་ཞིག་གླེང་ན་ཡང་མི་སྒེར་གྱི་གནད་དོན་མཐའ་དག་ཟུར་དུ་བཞག་ནས་སྤྱི་དོན་དང་དོན་དངོས་རང་ཨང་དང་པོར་རྩིས་ནས་བཤད་དགོས་པ་སྨྲོས་མེད་རེད། ང་ཚོས་ཀླུ་མཁར་བྱམས་ཁོ་པ་བོད་ཀྱི་ཆབ་སྲིད་འཐབ་རྩོད་པ་ཞིག་ཡིན་ཟེར་བའི་ཆ་ནས་ལངས་ཕྱོགས་ག་འདྲ་ཞིག་ཡིན་དགོས་མིན་ཐད་ནས་དཔྱད་པ་བྱ་ཆོག བོད་ཀྱི་ཆབ་སྲིད་པ་སུ་འདྲ་ཞིག་ཡིན་ནའང་གལ་གནས་ཆེ་ཤོས་སུ་རྩིས་དགོས་པ་ནི་བོད་མིའི་ཆིག་སྒྲིལ་ཡིན་ལ། ཆིག་སྒྲིལ་ནི་འཐབ་རྩོད་པ་ཡོངས་ཀྱི་ཆེས་གཞི་རིམ་གྱི་རྩ་དོན་མེད་ཐབས་མེད་པ་ཞིག་ཡིན་པ་ངས་བཤད་ག་ལ་དགོས། འོ་ན་ཀླུ་བྱམས་ནས་བོད་མིའི་ཆིག་སྒྲིལ་གང་ལ་བརྟེན་དགོས་པ་སོགས་ལ་ལྟ་ཕྱོགས་གང་འདྲ་ཡོད་དམ། དེ་ནི་ཁོ་པའི་གོང་གི་གཏམ་བཤད་དེ་རང་ལས་ཤེས་ནུས་པར་མཐོང་། ཁོ་པས་དོལ་རྒྱལ་བསྟེན་མཁན་ཡིན་མིན་ལ་ཁོ་རང་གི་ངོས་ནས་ཁྱད་པར་གང་ཡང་མེད་ཅེས་ཟེར་བ་དེས་གང་མཚོན་ཐུབ་ཀྱིན་ཡོད་དམ།
ཐོག་མར་རང་གཞུང་ནས་དོལ་རྒྱལ་བསྟེན་སྲོལ་ནི་ནང་ཁུལ་གྱི་གནད་དོན་དང་དེ་ཡང་དད་པ་བྱེད་ཡུལ་གྱི་ཡུལ་དུ་རུང་མིན་གྱི་གནད་དོན་ཙམ་ལས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་མའི་གཞི་རིམ་གྱི་ཐོབ་ཐང་དང་འགན་བབ་གཅིག་གྱུར་ཡིན་དགོས་པ་གསལ་སྟོན་བྱས་ཡོད། རང་གཞུང་གི་བཞེངས་ཕྱོགས་སྔ་ཕྱིར་བར་གསུམ་དུ་དེ་ལྟར་ཡིན་པ་སྦེབ་ཀོབ་བོད་ཁྱིམ་སློབ་གྲྭར་དོལ་རྒྱལ་རྗེས་འབྲངས་པའི་ཕྲུ་གུ་ད་ལྟའང་རང་འཇགས་སུ་གནས་ཡོད་པ་ལྟ་བུ་ཡིན། ཡིན་ནའང་དོལ་རྒྱལ་བ་ཚོས་རང་ཉིད་བོད་མི་ཞིག་ཡིན་པ་ཡོངས་སུ་བརྗེད་དེ་རྒྱ་ནག་གུང་ཁྲན་དང་ལག་གདངས་གཅིག་ལ་སྒྲིལ་ནས་རང་གཞུང་གི་ཁ་གཏད་དུ་ལངས་ཡོད་པ་གཤམ་གསལ་གྱི་དཔེར་མཚོན་ལ་གཟིགས་རོགས།
སྔར་དགའ་ཤར་རྡོ་ཁང་གི་ཁོངས་ཧྥུ་རམ་སིར་གནས་སྡོད་ཁྲི་ཟུར་ལུང་རིགས་རྣམ་རྒྱལ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱིས་མོས་མཐུན་འོག་རྒྱ་ནག་ཏུ་ལྟ་སྐོར་དུ་བསྐྱོད་དེ་རྒྱལ་མཚན་ནོར་བུར་པཎ་ཆེན་རིན་པོ་ཆེར་ངོས་ལེན་དང་རྒྱ་གཞུང་གི་མི་སྣར་ཐུག་འཕྲད་ཀྱིས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་སྟངས་འཛིན་ལ་མོས་མཐུན་བྱས་ཏེ། བོད་མིའི་སྤྱིའི་ཆབ་སྲིད་ཀྱི་ལངས་ཕྱོགས་རྩིས་མེད་དུ་བཏང་ཡོད། གངས་ཅན་བླ་མས་རྒྱ་ནག་གཞུང་ལ་མགོ་བཏགས་ཏེ་རྒྱ་ནག་ཆོས་ལུགས་སྡེ་ཚན་ནང་ལས་ཀ་བྱེད་བཞིན་ཡོད།
དེ་བཞིན་ང་བླ་མ་རྒྱུ་ནག་གུ་བསྐྱོད་དེ་བལ་ཡུལ་ཕྱིར་འཁོར་རྗེས་གསར་ཤོག་ཁག་འགར་རྒྱ་ནག་ནི་ཆོས་དད་རང་མོས་ལ་བརྩི་སྲུང་ཞུ་ཞིག་ཡིན་པར་བཤད་ཅིང་། དེ་དག་ནི་དོལ་རྒྱལ་ཚོགས་པའི་ཚབ་་མཚོན་མི་སྣ་ཤ་སྟག་རེད། བཙན་བྱོལ་དུ་ཁོ་ཚོའི་ལག་འོག་ཏུ་མ་འདུས་པའི་དོལ་རྒྱལ་བའི་མི་ཞིག་མེད་ཅེས་བཤད་ཆོག ལྡི་ལིར་དོལ་རྒྱལ་ཚོགས་པས་རང་གི་ལས་ཁུངས་ཀྱི་ཁང་པ་ཉོས་པའི་འགྲོ་སོང་རྒྱ་ནག་གཞུང་ཚབ་ནས་བཏང་ཡོད་པ་དང་། ད་ལྟར་ཨ་རིར་དོལ་རྒྱལ་ཚོགས་པས་རྒྱ་ནག་གཞུང་ཚབ་ཀྱི་བཀོད་བྱུས་འོག་ཚོགས་པ་དེབ་སྐྱིལ་དང་། དོལ་རྒྱལ་བའི་ཚོགས་འདུའི་སར་བོད་ནང་རང་དབང་ཡོད་ལུགས་དང་ཆོས་དད་རང་མོས་ཡིན་ལུགས་སོགས་ཁོ་པ་ཚོས་རང་ཉིད་ཀྱི་དྲྭ་ཚིགས་སུ་བཀོད་ཡོད།
ཉེ་ཆར་རང་བདེ་ཆེན་སྤྲུལ་སྐུ་ཟེར་བ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་སྣེ་ལེན་འོག་བོད་ཀྱི་ས་ཁུལ་འགར་བསྐྱོད་དེ་བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་ཡོད། དཔེར་ན་རྒྱལ་ཐང་སུན་རྩེན་དགོན་གྱི་ཁང་ཚན་ཞིག་ཏུ་དེ་ལྟར་བྱས་པ་ལྟ་བུ་རེད། མ་ཟད་ཨ་རིར་དོལ་རྒྱལ་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཚོར་ཕེབས་བསུ་སྣེ་ལེན་གང་ནུས་བྱས་པ་དང་། ཨ་རིར་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་འགའ་དང་རང་སྐྱོང་ལྗོངས་ཀྱི་མི་སྣ་འགའ་ཡིས་བཀོད་བྱུས་འོག་དོལ་རྒྱལ་ཚོགས་པ་ཕྱི་སྡོད་བོད་རིགས་སྤུན་ཟླར་འབྲེལ་མཐུད་པར་བསྐོ་བཞག་བྱས་ཡོད། ༢༠༠༦ ལོར་རྒྱ་ནག་གཞུང་ནས་དོལ་རྒྱལ་ཚོགས་པའི་རྒྱབ་གཉེར་བྱས་ཏེ་༸གོང་ས་མཆོག་གི་སྐུ་ཚབ་ཚོར་༸གོང་ས་མཆོག་ནས་དོལ་རྒྱལ་ལ་དམ་དྲག་བྱེད་ན་མི་རུང་བར་བཤད་ཡོད་པས་རྒྱ་ནག་གཞུང་གིས་དོལ་རྒྱལ་ཚོགས་པ་བདག་པོ་རྒྱག་གིན་ཡོད་པས། དོལ་རྒྱལ་ཚོགས་པ་རྒྱ་ནག་གཞུང་གིས་བེད་སྤྱོད་འོག་ཚུད་ཟིན་པ་གསལ་པོར་ཆགས་ཡོད།
གལ་སྲིད་ཀླུ་བྱམས་རང་རེ་བོད་མིའི་ཕྱོགས་སུ་ལངས་ཡོད་པ་དངོས་བདེན་ཡིན་ན་ང་ཚོའི་དགྲ་བོའི་གྲོགས་པོ་ལ་བོད་ཀྱི་འབངས་མི་དང་གཅིག་པ་ལས་ལྟ་ཚུལ་གང་ཡང་མེད་ཟེར་སྲོལ་ཞིག་ཡོད་དམ། དགྲ་བོའི་གྲོགས་པོ་དང་བོད་གཞུང་གི་ཁ གཏད་ལ་སྣང་མེད་བྱས་པ་ནི་དགྲ་བོ་ལ་སྣང་མེད་བྱས་པ་དང་ཁྱད་པར་གང་ཡོད། ངས་དཔེར་བརྗོད་ཅིག་ཞུ་རྒྱུ་ལ། གོ་གུང་ཏང་གཉིས་རྒྱལ་ཁབ་གཅིག་གྱུར་ལ་མི་མཐུན་པར་རྩོད་པ་ཞིག་མིན་རུང་། མའོ་ནས་ཐ་མར་རང་གིས་འདོད་མོས་ལྟར་གྱི་བཅོས་སྒྱུར་ལ་སྐྱོན་བྱེད་པར་མཐོང་ནས་རྒྱ་ནག་གསར་བརྗེ་ཡོང་ཐུབ་མིན་ནི་ཅམ་ཅེ་སི་ཆམ་ལ་ཕབ་རྒྱུ་ལ་ཐུག་ཡོད་ཅེས་བཤད་དེ་ལག་ལེན་ཡང་དེ་ལྟར་བསྟར་ཡོད།
རྒྱ་ནག་གི་གཅིག་བསྡུས་ཀྱི་ཆབ་སྲིད་རིང་ལུགས་འདིའི་འོག་རང་སྐྱོང་ཚད་ལྡན་ནི་ནམ་ཡང་རག་ཐབས་མེད་ཅེས་ངར་ཤུགས་ཆེན་པོས་བཤད་པ་ནི་དོན་དངོས་དང་ཡོངས་སུ་འགལ་ཟླར་གྱུར་ཡོད། གང་ཡིན་ཞེ་ན། གཅིག་བསྡུས་ཀྱི་རིང་ལུགས་འདིའི་འོག་ཚད་མཐོའི་རང་སྐྱོང་གི་གནས་བབ་ཤང་ཀང་དང་ཨའོ་མིན་གཉིས་ལ་བྱུང་ཟིན་ཡོད་ཅིང་། ཐའི་ཝོན་ལ་ཡང་དེ་བཞིན་བྱ་རྒྱུར་བཤད་ཡོད། ཆབ་སྲིད་གཅིག་བསྡུས་ཀྱི་འོག་ཏུའང་ལམ་ལུགས་ཐ་དད་ཡོང་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་ནས་ད་ལྟར་ལག་བསྟར་བྱེད་བཞིན་པ་དེ་རང་ཉིད་ཀྱི་མི་རིགས་རྩ་ཁྲིམས་དང་མཐུན་གྱི་མེད་པས་ང་ཚོས་རྩ་ཁྲིམས་དེད་ནས་རྩོད་ཐབས་བྱས་པ་ནི་རིགས་པའི་གཞུང་ལུགས་ནས་བཤད་ན་འདང་ངེས་ཀྱི་ཁུངས་ལུང་ཡོད།
དངོས་ཡོད་ནས་ཀྱང་རྒྱ་ཡི་དབུ་ཁྲིད་ཚོར་ཁྲིམས་ཀྱིས་དབང་སྒྱུར་འོག་འགྲོ་འདོད་ཡོད་པ་དང་མ་འགྲོ་ཐབས་མེད་ཀྱང་ཡིན་པས་ཆབ་སྲིད་གཅིག་བསྡུས་ཀྱི་རིང་ལུགས་འོག་རང་སྐྱོང་ཡོང་མི་སྲིད་ཟེར་བ་ནི་རྒྱ་ནག་ལ་རྒྱུས་ལོན་རྩ་བ་ནས་མེད་པའི་རྟགས་ཡིན། རྒྱ་ནག་གི་ཤེས་ཡོན་ཅན་ཕལ་མོ་ཆེས་ངོས་འཛིན་བྱེད་པའི་ལྐོག་ཟ་རུལ་སུང་གི་སྲིད་གཞུང་འདི་གཅིག་འཚང་གཅིག་གིས་འབྲུས་ཏེ་མགོ་རྟིང་ལོག་ན་རྒྱ་ནག་ཁྱོན་ཡོངས་སྐྱོབ་ཐབས་བྲལ་བའི་ཟང་ཟིང་ཞིག་ནང་ཚུད་ཉེན་ཆེ་བར་མཐོང་སྟེ་གོང་འོག་ཀུན་གྱིས་རྒྱ་ནག་གི་སྤྱི་ཚོགས་བརྡབ་གསིག་མེད་པའི་ཐོག་ཡོ་སྲང་བྱེད་ཐབས་ལ་འབད་བཞིན་ཡིན་པར་ཤེས་དགོས།
ལར་ནས་ཀླུ་མཁར་བྱམས་ནས་ཤེས་དགོས་པ་ནི་དབུ་མའི་ལམ་གྱི་རྩ་དོན་ནི། ཆོལ་ཁ་གསུམ་མི་རིགས་གཅིག་གྱུར་དང་། ལོ་རྒྱུས་གཅིག་གྱུར། རིག་གཞུང་སོགས་ཀྱང་གཅིག་གྱུར་ཡིན་པས་ཆབ་སྲིད་ཀྱི་ཐོབ་ཐང་ཡང་གཅིག་གྱུར་ཞིག་དགོས་པ་དང་། ལོ་རྒྱུས་ནང་བོད་རྒྱ་ཡི་ཆ་ཤས་མིན་པར་མ་ཟད་ནམ་ཡང་རྒྱ་མིའི་ཆ་ཤས་སུ་འགྱུར་ཐབས་མེད་ཀྱང་མི་རིགས་སྣ་འཛོམས་ཀྱི་སྤྱི་མཐུན་རྒྱལ་ཁབ་གཅིག་ནང་མཉམ་གནས་བྱེད་ཆོག་པ་དང་། ང་ཚོ་ལ་དགོས་པ་ནི་མི་རིགས་གཅིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ནམ་ཡང་སྲུང་སྐྱོབ་ཐུབ་པའི་ཆ་ལག་འདང་ངེས་ཤིག་དགོས་པ་དེ་ཡིན་ཞེས་ནན་བཤད་བྱས་པ་སོགས་ཡིན། ཀླུ་བྱམས་ནས་རྒྱ་བོད་ས་མཚམས་ཀྱི་བོད་མི་དང་། བོད་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་བོད་མི་རྣམས་རྒྱ་རིགས་ཅན་དུ་འགྱུར་ཚབ་ཤིན་ཏུ་ཆེ་བའི་ཉེན་ཁ་དེ་ཇི་ལྟར་སྐྱོབ་ཐབས་ལ་བསམ་བློ་བཏང་ཡོད་དམ།
ཀླུ་མཁར་བྱམས་ནས་རང་ཉིད་ནང་པ་མིན་པ་དང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་རིང་ལུགས་སྒྱུར་དགོས་ཞེས་སྐད་གསང་མཐོན་པོས་བཤད་པ་ལྟར་ན། ནང་ཆོས་དང་ཡོངས་སུ་ཁ་བྲལ་བའི་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཅིག་དགོས་འདོད་དང་། ནང་ཆོས་དང་མ་འབྲེལ་བའི་བོད་ཀྱི་རིག་གཞུང་ཞིག་དགོས་འདོད་ཡིན་ནམ། ངས་མཚམས་རེར་བཙན་བྱོལ་བའི་ཁྲོད་ཀྱི་མི་སྣ་འགའ་ཞིག་རང་བཙན་ལ་དངོས་གནས་སེམས་ཁུར་བྱས་ནས་བཤད་པ་ཡིན་ནམ་སྙམ་པ་དང་། གལ་སྲིད་བཙན་བྱོལ་གཞུང་རང་བཙན་འཐབ་རྩོད་པ་ཞིག་ཡིན་ན་ཁོ་པ་ཚོས་ཡང་ག་རེ་བཤད་གྲབས་ཡོད་དམ། ཅི་སྟེ་རང་བཙན་ལ་ཐུགས་ཁུར་དངོས་གནས་བྱས་ན་རང་བཙན་རྩོད་ས་རྡ་སར་ཡིན་ནམ་ཡང་ན་རྒྱ་ནག་གཞུང་ཡིན་ནམ།
ཡོ་རོབ་སྤྱི་འཐུས་བསྟན་འཛིན་ལགས་དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་ཞིིག་ཡིན་ནའང་སི་པན་ཁྲིམས་ཁང་དུ་རྒྱ་ཡི་དཔོན་པོ་ཚོ་ཁྲིམས་ལ་སྦྱོར་བའི་ལག་ལེན་ངོ་མའི་ཐོག་གི་རྒྱ་གཞུང་ལ་གནོན་ཤུགས་སྤྲད་པའི་ཕྱག་ལས་གནང་བ་དེ་འདྲ་ཞིག་ཀླུ་མཁར་བྱམས་སོགས་ཀྱིས་མི་བྱེད་པ་ཅི་ཡིན་ནམ་སྙམ་ཞིང་། ང་ཚོས་རང་བཙན་རྩོད་ན་ཁ་སྟོང་ཙམ་ཡིན་པར་སོ་སོ་རང་ཉིད་ལ་བོད་འདི་སྐྱོབ་ཐུབ་པའི་གདེངས་ཚོད་ག་ཚོད་ཅིག་སླེབས་ཐུབ་བམ། གལ་སྲིད་ང་ཚོས་ལངས་ཕྱོགས་རང་བཙན་དུ་སྒྱུར་ན་གནས་ཡུལ་རྒྱ་གར་གཞུང་གིས་ང་ཚོ་ལ་རང་བཙན་རྩོད་སའི་ཁོར་ཡུག་བསྐྲུན་ཐུབ་བམ། རང་བཙན་འཐབ་རྩོད་ལ་བརྒྱུད་རིམ་ཚང་བའི་འཆར་གཞི་གང་ཡོད་དམ།
ང་ཚོས་སྤྱིའི་ལངས་ཕྱོགས་རང་བཙན་དུ་སྒྱུར་ན་ཁ་བྲལ་རིང་ལུགས་ཡིན་པར་རྒྱ་གཞུང་ནས་བཤད་མི་དགོས་པར་ང་རང་ཚོས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་པས། རྒྱ་གཞུང་ནས་ཁ་བྲལ་གྱི་ཉེས་མིང་འོག་བོད་ནང་དམ་དྲག་བྱ་རྒྱུར་སྟབས་བདེར་ཕྱིན་ཡོད་པས་བོད་ནང་སེམས་ཤུགས་ཅན་མཐའ་དག་མི་མདའི་ཁ་འོག་ཏུ་ཤོར་ན་ཇི་ལྟར་བྱེད། བོད་ཀྱི་ལངས་ཕྱོགས་ཁ་ཞེན་གཉིས་མེད་ཀྱི་གཉིས་ཕན་དབུ་མའི་ལམ་ཡིན་ན་ཁ་བྲལ་གྱི་ཉེས་མིང་རྒྱ་གཞུང་ནས་གང་བྱུང་གིས་བཀལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།
ཡག་པོ་འདུག
དོན་འགྲུབ་བཀྲ་ཤིས་ཟེར་བ་འདི་ཤར་ཕྱོགས་ཁུག་རྟའི་སྤྲུལ་བ་གཞན་ཞིག་རེད་དམ།
རྩོམ་འབྲི་མཁན་སུའི་སྤྲུལ་ཡིན་མིན་ལས། བྲིས་པའི་རྩོམ་དེའི་བརྗོད་དོན་དང་གནསལ་ཅུང་དཔྱད་ཐུབ་ན་ཅི་མ་རུང་།
གནས་བབ་ལ་ཅུང་དཔྱད་
སྤྱི་འཐུས་བསྟན་འཛིན་ལགས་སུ་རེད།
བཀྲ་ཤིས་དོན་གྲུབ་ལགས—–རྩྭ་མ་ཟོས་པར་ལྕི་བ་གཏོང་འདོད་མ་བྱེད་ཨ།
རྩོམ་ཡིག་འདི་བལྟས་མ་ཐག་ནས་དེང་རབས་ཀྱི་ཤེས་རིག་མི་ལྡན་ཞིག་དཔྱད་ཤེས་ཀྱི་བློ་མིག་མེད་པའི་ཀླད་རྙིང་ཞིག་པ་ཡིན་ཤེས་ན་ཡང་། ངོ་ཚ་བྲལ་པའི་ཧམ་བཤད་དེའི་གདོང་འབགས་དམར་བཤུས་བྱས་པ་ནི་ཁོ་ལ་བསླབ་བྱ་ཞིག་ཐོབ་རེས་ཡིན་ནོ།།
༡) ད་ལྟ་ཡུ་རོབ་ཏུ་སྤྱི་འཐུས་རྣམ་པ་གཉིས་ཡོད། ནོར་ཝེ་ནས་ཆུང་བདག་ཀོ་རིན་ལགས་དང་སི་པེན་ནས་ཐུབ་བསྟན་དབང་ཆེན་ལགས་གཉིས་ཡིན། སྐབས་འདིར་ཅང་ཙེ་མིན་དང་ཧོས་ཅིན་ཐོ་སོགས་ཁྲིམས་ལ་སྦྱོར་མཁན་སྤྱི་འཐུས་གཉིས་པ་དེས་གཙོ་འགན་ཁུར་ཡོད། ཡུ་རོབ་ཀྱི་བྱིས་པ་སྣབས་ལུགས་ཤིག་གི་ཤེས་པའི་གནད་དོན་དེ་འདྲ་ཡང་མི་ཤེས་པའི་བླུན་པོ་ཁ་ནག་ཁྱོད་ཧམ་པ་ཚ་སོང་།
༢) དོལ་རྒྱལ་སྐོར་ལ་ང་ཚོའི་ཕྱོགས་ཀྱི་ཚོས་ལུགས་པ་ཚོའི་ངོས་ནས་ཀྱང་ཐལ་ཆེ་བའི་བྱ་བ་གང་མང་བྱས་ཡོད། ཟམ་གདོང་གིས་ཁ་དང་ཁ་སྤུ་སོ་སོ་ཡིན་ཟེར་བ་ལྟ་བུ་དང་། ནང་སྲིད་བཀའ་བློན་སྔོན་མ་དེས་དོལ་རྒྱལ་རྗེས་འབྲངས་པའི་ཟ་ཁང་དང་ཚོང་ཁང་ཡོད་ཚད་ཀྱི་ནང་དུ་འགྲོ་མི་ཆོག་ཟེར་བ་སོགས་མདོར་དེད་ན་ཕྱོགས་གཉིས་ཀ་ལ་སྐྱོན་ཡོད། སྲིད་དོན་སྐད་དུ་འདི་ལ་ཚད་བརྒལ་སྲིད་དོན་པའི་སྐུལ་སློངས་ཟེར།( Political Extremist provocation)
༣) དོལ་ཚོགས་ཀླད་མེད་དེ་ཚོ་གང་ལྟར་དཀྲུས་ནས་མི་དག་པའི་བོད་རིགས་ཁེ་གཅིག་ཡིན་པ་སུས་ཀྱང་བསྒྱུར་མི་ཐུབ། ཆོས་ལུགས་ཟེར་བ་དེ་ཆོས་ལུགས་ཀྱི་ར་བའི་ནང་དུ་བཀོལ་ཆོག་པ་ལས་སྤྱི་ཚོགས་དང་སྲིད་དོན་གྱི་གྲོས་གཞིའི་ཐོག་ཏུ་ཁུར་ཚེ་ཉ་དང་ཉུང་མ་མཉམ་དུ་བསྲེས་བ་ཡིན་པས་སྐྱོན་ལས་དགེ་མེད།
༤) བོད་རིགས་བོད་པོ་རྣམས་དང་ཡེ་ཤུ་རྗེས་འབྲངས་པ། ད་དུང་ཁ་ཆེ་དང་ཆོས་ལུགས་གཞན་པ་ཁག ཐ་ན་ད་ལྟ་ཆོས་མེད་སྨྲ་སོགས་འདི་དག་ལ་མཚོན་ན་དོལ་རྒྱལ་ཟེར་བ་ནི་སྡེ་ཚན་བྱེ་བྲག་བ་ཞིག་གི་གནད་དོན་དང་བོད་མི་རིགས་ཟེར་བ་ནི་ཐུན་མོང་གི་གནད་དོན་ཞིག་ཡིན་ངེས་པས་དེ་དོན་ཡིད་ལ་ཟུངས། ཨ་རི་དང་རྒྱ་གར་གྱི་མི་སེར་དག་ལ་གཞུང་གིས་ཁྱེད་ཚོས་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱས་དེ་རིང་ནས་བཟུང་རྒྱལ་ཁོང་ལས་ཕྱིར་ཕུད་བཏང་བ་ཡིན་ཟེར་བ་ཞིག་ཡོད་མི་སྲིད།
༥) ཆིག་སྒྲིལ་ཟེར་བ་དེར་ད་ལྟའི་རྒྱལ་སྤྱིའི་སྲིད་དོན་ཁོངས་སུ་ཚད་ལྡན་གྱི་འགྲེལ་བཤད་ཅིག་ཡོད། དེ་ནི་སྣ་འཛོམས་འོག་གི་ཆིག་སྒྲིལ་(Unity with Diversity)ཟེར་བ་ཞིག། དེ་ནི་ངེས་པར་དུ་ཁྱོད་ལ་རང་ཉིད་ཀྱི་དད་མོས་དང་འདུ་ཤེས། སྨྲ་བརྗོད། ལྟ་བ་སོགས་ཀྱི་རང་དབང་ཡོད་པ་བཞིན་གཞན་ལ་ཡང་དེ་དག་ཡོད་དགོས། ཕན་ཚུན་བརྩི་བཀུར་འོག་མཉམ་འཛོམས་བྱས་པ་དེར་གཞི་ནས་ཆིག་སྒྲིལ་ཟེར།
དེ་མིན་ཆིག་སྒྲིལ་ནི་བོད་པ་ཡིན་ན་ནང་པ་ཡིན་དགོས་པ་དང་། བོད་པ་ཡིན་ན་དོར་རྒྱལ་མི་བསྟེན་མཁན་ཡིན་དགོས་པ། བོད་པ་ཡིན་ན་དབུ་མའི་ལམ་པ་བ་ཡིན་དགོས་པ་ལྟ་བུ་སོགས་ལ་ནི་སྲིད་དོན་རིག་གནས་ཀྱི་སྐད་དུ་གཅིག་སྡུད་རིང་ལུགས་པ་(Dictatorship)ཟེར་བ་ཡིན་ནོ།།
༦) གལ་སྲིད་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་དོན་དེ་རྒྱལ་ཁབ་ཁ་བྲལ་བའི་མིང་ཙམ་ལ་འཇིགས་ན་ཡིན་ན་ནི་དགོད་རེ་བྲོ། མིང་དེར་ཁོ་ཚོར་མཚོན་ན་ཉེས་མིང་ཡིན་ན་ཡང་ང་ཚོར་མཚོན་ན་དེ་ནི་གཟི་བརྗིད་ཡིན། གང་ཡིན་ཟེར་མ་གཞི་ནས་རྒྱ་དང་བོད་གཉིས་ཁ་བྲལ་ཡིན་པས་སོ།།
༧) དབུ་མའི་ལམ་སྲིད་ཇུས་སུ་མ་བཟུང་ཚེ་བོད་ནང་དུ་དམ་དྲག་ཆེ་རུ་གཏོང་ངེས་ཡིན་ཟེར། འདས་པའི་དུས་རབས་ཕྱེད་ཀའི་བོད་ནང་དུ་ད་ལྟ་ལས་ཆེ་བའི་དམ་དྲག་ཞིག་གཏོང་མྱོང་མེད། འོ་ན་དེ་ཅིའི་ཕྱིར་དབུ་མའི་ལམ་དེས་སྐྱོབ་མ་ཐུབ་པ་རེད།
༨) སེམས་ཤུགས་ཅན་གང་མང་མེ་མདའི་འོག་ན་འཆི་རྒྱུ་རེད་ཟེར། གལ་སྲིད་ང་ཚོས་དབུ་ལམ་ལས་་གཞན་པའི་སྲིད་ཇུས་བཟུང་ན། འོ་ན་ད་ལྟ་བར་དུ་སེམས་ཤུགས་ཅན་གྱི་དཔའ་རྒོད་བརྒྱ་དང་ཉེར་ལྔ་ལྷག་མེ་རུ་བསྟིམས་སོང་བ་འདི་སྲིད་ཇུས་གང་ཞིག་གིས་མ་འཇོན་པ་རེད།
ཐ་མར་བླུན་པོ་སྨྲ་བ་ཉུང་ན་མཛེས།། ཞེས་པའི་འདི་ལེགས་སྐྱེས་ཤིག་གི་ཚབ་དང་བཅས། ཛཡནྟུ།
བསམ་ཚུལ་རྩོམ་ཡིག་འདི་འབྲི་མཁན་འདིའི་མིང་དང་འབྲེལ་ནས་ངེད་ཀྱིས་ཚིག་འགའ་ཞུ་འདོད་སྐྱེས།
དང་པོ།
མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་སྐོར་ལ་དྲ་ཐོག་ཏུ་བགྲོ་གླེང་དང་རྡུང་རེས་གཉིས་ཀ་ཧ་ཅང་འཁྲུགས་པོ་བྱུང་སོང་། འོས་མི་ཡང་མང་པོ་བྱུང་སོང་། འོས་མི་ཚོར་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་བྱུང་སོང་། འོས་མི་ཚོའི་ཁྲོད་ནས་བསམ་ཚུལ་མང་ཤོས་དེ་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀྱི་སྒང་ལ་བྱུང་སོང་། ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་ཕལ་ཆེ་བས་ཀྱང་སྨྱུག་མིང་ཞིག་བེད་སྤྱོད་བཏང་ནས་རྒྱབ་སྐྱོར་བྱས་སོང་། ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་ཞུ་མཁན་ཕལ་ཆེ་བས་ཀྱང་སྨྱུག་མིང་འདྲ་ཞིག་བེད་སྤྱོད་བཏང་ནས་རྒྱབ་སྐྱོར་བྱས་སོང་། དེ་རིང་གི་དོན་གྲུབ་བཀྲ་ཤིས་ཟེར་བ་འདི་ཡང་དེའི་ཁོངས་ཀྱི་གཅིག་མིན་འགྲོ་དྲན། འདི་ངའི་ཚོད་དཔག་ཡིན།
གཉིས་པ།
ཁྱེད་ཚོས་རྩོད་རྒྱུ་དེ་རང་བཙན་དང་དབུ་མ་ཟེར་བའི་ཆེན་པོ་གཉིས་རྩོད་ཀྱི་འདུག འོན་ཀྱང་། དེ་རྩོད་མཁན་དེའི་རང་གི་དངོས་མིང་ཙམ་ཡང་ཕྱི་ལ་འདོན་མ་ཐུབ་པར་རྩོད་ལ་ཞུགས་ཀྱི་འདུག འདི་ང་ལ་མཚོན་ན་ཡ་མཚན་རེད། གནད་དོན་འདི་འདྲའི་ཆེན་པོ་གཉིས་ལ་རང་གི་དངོས་མིང་ཡང་ཕྱི་ལ་འདོན་ཐུབ་ཀྱི་མེད་ན། གནད་དོན་ཆེན་པོ་འདི་གཉིས་བསྒྲུབ་མཁན་ནི་ཕ་རིའི་སྤང་རྒྱན་མ་རེད་དམ།
གསུམ།
བཙན་བྱོལ་དུ་སྨྱུག་མིང་ཟེར་བ་འདི་བེད་སྤྱོད་གཏོང་མཁན་ཇེ་མང་ནས་ཇེ་མང་རེད། སྨྱུག་མིང་བེད་སྤྱོད་བཏང་ནས་དོན་བཟང་ཞིག་སྒྲུབ་གི་ཡོད་ན་དགའ་བ་སྒོམ་དང་སྒོམ། ཡིན་ན་ཡང་། སྨྱུག་མིང་བེད་སྤྱོད་གཏོང་མཁན་ཕལ་ཆེ་བས་ད་བར་དུ་རྡུང་རེས་རྐྱང་རྐྱང་བརྒྱབ་ནས་བསྡད་སོང་། གནད་དོན་འདི་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་བ་གཉིས་ལ་བལྟས་ན་ཤེས། གཞན་ཐག་རིང་པོ་ལ་འགྲོ་མི་དགོས།
བཞི།
ངས་ཁ་བརྡ་སོགས་སུ་མཆན་བུ་མང་པོ་འདེབས་རྒྱུ་དེ་སྔ་མོ་ནས་ཇེ་ཉུང་ལ་བཏང་ཡོད། དེའི་ཚབ་ཏུ། རང་ལ་བསམ་ཚུལ་འདྲ་ཡོད་ཚེ་ཕལ་ཆེ་བ་རང་གི་ངོ་དེབ་ཏུ་འཇོག་གི་ཡོད། ངོ་དེབ་ཏུ་བགྲོ་གླེང་ཞིག་བྱས་ན་ཡང་མི་ཞིག་དང་མཉམ་དུ་བགྲོ་གླེང་བྱེད་ཀྱི་ཡོད་པའི་ཚོར་བ་དེ་ང་ལ་ཡོང་གི་འདུག དེ་ཙམ་ཞུ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།
དབྱངས་ཅན་དགྱེས་པའི་བློ་གྲོས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ།
ཡིག་ནོར་ཚིག་ནོར་མང་བར་བལྟས་ན། དུས་བབ་དོན་འགྲུབ་བཀྲ་ཤིས་མིན་འགྲོ་བསམ། གལ་ཏེ་ཡིན་ཚེ། བསམ་བློའི་མཐོང་རྒྱ་འདི་ཙམ་ལས་མེད་མཁན་ཞིག་གིས་རྩོམ་སྒྲིག་ག་འདྲ་སུ་བྱེད་ཀྱིན་ཡོད་ན། དུས་བབ་འདི་མ་འོངས་པའི་ལོ་རེ་འགའི་ནང་དམར་ཤོག་པའི་གཅིག་སྡུད་ཀྱི་མགྲིན་ཚབ་ཚགས་པར་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཆེ། གལ་ཏེ་མིན་ན་ནི། དོན་འགྲུབ་བཀྲ་ཤིས་ཀྱི་མིང་སྤྱོད་མཁན་འདིས། རལ་གྲི་སོ་གཉིས་མ་ཞིག་འཕྱར་ཏེ་བཀྲ་ཤིས་དོན་འགྲུབ་ཟེར་མཁན་དག་ལ་ཟ་དང་ཟུར་ནས་ནག་པོ་རེ་བཟོ་ཨེ་ཐུབ་ལྟ་བཞིན་འདུག དབུ་མ་དང་དོ་རྒྱལ། རང་བཙན་དང་རྒྱ་ནག བཅས་ཉ་ཉུང་མཉམ་བསྲེས་ཀྱིས་སྤྱི་ཚོགས་ནང་ཟིང་སློང་ཨེ་ཐུབ་འབད་ཀྱིན་མི་འདུག་གམ།
ཨ་ལེ། དགོངས་དག འོག་ཏུ་མིང་མགོ་རྟིང་སློག་ནས་བྲིས་འདུག བཀྲ་ཤིས་དོན་འགྲུབ་ཅེས་བྲིས་ནོར་ཤོར་འདུག་པ་དེ། ཀློག་མཁན་དག་གིས་དོན་འགྲུབ་བཀྲ་ཤིས་སུ་བཅོས་ནས་གོ་བ་ལེན་རོགས།
རྟ་དང་བོང་བུ་མ་བསྡུར་རོགས། རྟ་རྟ་རེད། བོང་བུ་བོང་བུ་རེད།མང་གཙོའི་གཞུང་ལམ་དུ་བོང་བུས་རྟའི་ལམ་ཁ་བཀག་ན་ག་འདྲ་སེ། རྟས་ཀྱང་བོང་བུའི་ལམ་ཁ་འགོག་མི་སྙམ།
སྨྱུག་མིང་བེད་སྤྱོད་གཏོང་ཆོག་མིན་དེ་ཁ་བརྡ་ཚང་གི་དབང་ཚད་འོག་ཡོད། བདེན་པ་ཡིན་མིན་མི་ཤེས་ཀྱང་གང་ལྟར་ངས་གོ་ཐོས་ལ་ས་གནས་ཁག་ཏུ་ཡོད་པའི་ཁ་བརྡདྲ་ཚིགས་ཀྱི་བདག་དབང་ཡོད་མཁན་ཁ་ཤས་ཀྱིས་མིང་འདྲ་མིན་བེད་སྤྱོད་བཏང་ནས་མཆན་འདྲ་མིན་རྒྱག་གི་ཡོད་པ་འདྲ། ཁ་བརྡའི་རྩོམ་སྒྲིག་པ་ལགས་ཀྱིས་ཤེས་ཡོད་མེད་མི་ཤེས།འདི་བསམ་ཚུལ་ཙམ་ལས་གཞན་ཁ་བརྡ་ཚང་ལ་སྐྱོན་བརྗོད་བྱས་པ་གཏན་ནས་མིན།
ད་གསལ་བོ་ཞེ་དྲག་རེད། ༡ ཆིག་སྒྲིལ་དགོས་ཕྱིན་དོལ་རྒྱལ་ཞེས་ལོགས་སུ་བགར་ཡ་ཞིག་ལྷག་མེད། གལ་སྲིད་བགར་དགོས་ཚེ་ཆིག་སྒྲིལ་གྱི་གཏོར་བཤིག་ཡིན། ༡ དབུ་མ་ཚོགས་པ་རྒྱ་དམརའཐབ་ཕྱོགས་གཅིག་གྱུར་ཁང་གི་མགྲོན་པོར་འགྲོ་ཆོག་ན་དོལ་རྒྱལ་ཚོགས་པ་དེ་ལྟར་མ་ཆོག་པ་ཞིག་ཟེར་སྲོལ་ཡོད་དམ། ངོ་མི་ཚའམ། ༣ རྒྱ་དམར་རྩ་ཁྲིམས་འོག་ནས་སྔར་བྲོས་ཡོང་བ་ཡིན་ཙང་། ད་ལྟ་ཕྱིར་ལོག་གི་ཡིན་ཟེར་བ་ནི་སྔར་བྱས་འགྱོད་བཤགས་ཀྱི་ལས་ཀ་ཞིག་ཡིན་པས། བོད་དོན་སླད་ཚེ་སྲོག་ལོངས་སྤྱོད་དོར་ཟིན་པའི་དཔའ་བོ་ཚོ་ཇི་ལྟར་བྱེད་དགོས་སམ། རྩ་ཁྲིམས་ལ་འགལ་བའི་ནག་ཉེས་སུས་ཁུར་རྒྱུ་ཡིན་ནམ།
ངའི་དངོས་མིང་དོན་འགྲུབ་བཀྲ་ཤིས་རང་ཡིན། སེ་ར་དགོན་པ་ནས་ཡིན། ཕ་ཡུལ་ཏྲེ་ཧོར་བ་ཡིན། སྦས་དགོས་པ་གང་ཡང་མེད། ཡོ་རོབ་སྤྱི་འཐུས་ཀྱི་དགེ་འདུན་པ་དེའི་མཚན་ནོར་བ་དགོངས་དག་ཞུ། ཐུབ་བསྟན་དབང་ཆེན་ཞེས་པར་སྒྱུར་རོགས།
བོད་མིའི་ཁྲོད་ཁ་ཆེ་དང་། ཡེ་ཤུ་སོགས་མི་ཉུང་བ་ཞིག་ཡོད་ཀྱང་དེ་དག་གིས་རྒྱ་གཞུང་ལ་མགོ་བཏགས་ཞུས་ཏེ་རྒྱ་གཞུང་དང་ལག་གདངས་སྦྲེལ་ནས་ཚུར་༸གོང་ས་མཆོག་དང་བོད་གཞུང་གི་ཁ་གཏད་དུ་ལངས་ཀྱི་མེད། དོལ་རྒྱལ་ཚོགས་པ་ནི་དེ་ལས་ཡོངས་སུ་ལྡོག་པ་རེད། ཀླུ་བྱམས་ཅན་ཁྱེད་ནས་ཤེས་དགོས་པ་ནི་སེ་ར་དགོན་གྱི་ཉེ་འཁྲིས་སུ་ཡོད་པའི་དོལ་རྒྱལ་བ་ཚོས་བོད་མིའི་རྗེས་དྲན་སུམ་ཅུའི་དུས་ཆེན་སོགས་ཡོངས་རྫོགས་གཏོང་མི་ཆོག་པ་བཟོས་པ་རེད། ཁོ་པ་ཚོ་སྣེ་འཁྲིད་མཁན་བཟུང་སྟེ་མཉམ་དུ་སྐད་ཆ་བཤད་ནས་ལྟོས་དང་། རྒྱ་གཞུང་བཟང་རབས་ཡག་རབས་ཁེ་ཅིག་རེད། ཁོ་ཚོ་བོད་མི་བཀྲུས་ནས་མ་དག་ཞིག་ལོས་ཡིན་སྟེ་རྒྱ་གཞུང་གི་ལག་ཆ་དང་བོད་མའི་དགྲར་ལངས་ཚར་བ་རེད།
མདོར་ན་ངས་བཤད་འདོད་པ་ནི་དབུ་མའི་ལམ་ཐབས་རྩོད་པ་དག་གིས་དམིགས་ཡུལ་བོད་མི་རིགས་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་ཡིན་ནའང་དོན་ངོ་མའི་ལག་ལེན་ཐོག་རྒྱ་ནག་རང་ལ་གདོང་བསྟན་ནས་འཐབ་འཛིང་བྱེད་ཀྱིན་ཡོད་ལ་ཞི་མོལ་ཡང་བྱེད་ཀྱིན་ཡོད། དེ་ནི་རྣམ་དཔྱོད་ཅན་ཞིག་གིས་བྱེད་སྟངས་ལོས་ཡིན། ཡིན་ནའང་ང་ཚོའི་རང་བཙན་འཐབ་རྩོད་པར་རློམ་པ་ཀླུ་བྱམས་དང་འཇམ་ནོརགཉིས་ནས་ཁ་ནས་རང་བཙན་བཤད་ཀྱང་དོན་ངོ་མར་རྒྱ་ནག་ལ་གདོང་བསྟན་ནས་འཐབ་རྩོད་མི་བྱེད་པར་བོད་མི་ནང་ཁུལ་དུ་ཟང་ཟིང་སློང་བསྡད་པ་དེ་ཡག་རྟགས་ཤིག་མི་འདུག ཁོ་ཚོས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པས་རང་བཙན་རྩོད་དགོས་ཟེར་རྒྱུ་དེ་ཙམ་རེད། འོ་ན་ཁོ་རྣམ་ཚོས་རྒྱལ་སྤྱིའི་ཁྲིམས་ཀྱི་ར་བར་འདས་པའི་ལོ་རྒྱུས་ནང་བོད་རང་བཙན་ཡིན་པར་གསལ་བཤད་བྱེད་མ་ཐུབ་པ་དང་བྱེད་པའི་འབད་བརྩོན་གང་ཡང་མེད་པར་བཙན་བྱོལ་གཞུང་གི་མི་སྣར་ཁ་གཏོང་ནས་བསྡད་པ་འདི་འགྲིག་པ་ཡིན་ནམ། ངའི་གོང་གི་རྩོམཡིག་དུ་མིང་དང་བྱེད་སྒྲ་དང་འབྲེལ་སྒྲ་དང་ཚིག་ཆད་པ་བྱུང་འདུག་པས་ཀློག་མཁན་རྣམ་པས་གཟིགས་ཤེས་པ་གནང་རོགས།
ཆབ་སྲིད་ཀྱི་དོ་རར་དོལ་རྒྱལ་མཉམ་སྲེས་མ་བྱས་ན་དགའ་
དོལ་རྒྱལ་བ་གནས་ཏང་འདི་འདྲ་ཞིག་ཏུ་སླེབ་པ་ང་ཚོས་ཕར་གཟོས་པ་ཞིག་རེད་་་༡༩༩༦ནས་ད་ལྟ་བར་གྱི་ང་ཚོས་གང་བྱས་པ་རྣམས་སོམ་དང་ཤེས་ཡོང་
ཁྱི་རྒན་ཙིག་ཁུག་ལ་དེད་ཆེས་ན་ནམ་ཞིག་ཆེ་བ་བསྟན་པ་ཙམ་དུ་མ་ཟད་འབ་སྲིད་པ་རེད་་་་་་དེ་ཁྱི་རྒན་ཁོ་ནའི་ནོར་འཁྲུལ་ཞིག་མ་རེད་དྲན་
ཀླུ་གར་གྱིས་བཤད་པ་ལྟར་མི་དེས་དོལ་རྒྱལ་བསྟེན་མིན་ལ་མ་ལྟས་པར་བོད་མི་ཞིག་ཡིན་པའི་ཆ་ནས་མཉམ་རུབ་ཞིག་བྱས་ཡོད་ན་ད་ལྟའི་དོལ་རྒྱལ་བའི་བྱ་སྤྱོད་ངན་པ་དེར་སླེབ་གི་མ་རེད་དྲན་་་་་་
སྤྱིར་མདོ་སྟོད་མི་ཡི་ཆོལ་ཁ་ན་རང་གཤིས་དང་ལྟ་བ་ལངས་ཕྱོགས་མེད་མཁན་ནི་སེར་བྱེས་ཏྲེ་ཧོར་ཚང་རེད། ཤེས་དགོས་པ་ཞིག་ལ་དཔའ་བོ་ཀླུ་མཁར་བྱམས་གྱིས་ཁ་གསལ་བོ་སྒོ་ནས་རང་ཉིད་དོལ་རྒྱལ་གྱི་ཡག་ཉེས་ལ་འབྲེལ་བ་མེད་པའི་ཐ་ཚིག་སྒྲོག་ཡོད་རེད། དེ་ལ་དོན་བཀྲ་ཁྱེད་རང་ན་ཟུག་སྐྱེས་དོན་ཅི་རེད། ཁྱེད་རང་དཔའ་བོ་དང་དྲང་མོ་ཡིན་ན་སེར་སྨད་འདུ་ཁང་གི་འཁྲིས་ན་ཁྱེད་ཀྱི་དགྲ་བོ་དག་ཡོད་རེད། དོན་མེད་ཅམ་ཆུང་གཡབ་རྒྱུགས་དང་ཁྱི་སྐད་ཟུག་གི་མ་འདུག
ཏྲེ་འུ་ཁམས་པའི་དོལ་རྒྱལ་དང་འབྲེལ་བའི་ལང་ཕྱོགས་ངོ་མ་དེ་སྔར་ཏྲེ་འུ་ཡ་མ་གསོད་ནམས་ཀྱིས་འབྲས་སྤུངས་བློ་གསལ་གླིང་གི་མགོ་ཆོར་འོག་ལ་༧གོང་ས་མཆོག་དབུ་ཞུགས་ཀྱི་དགེ་ལྡན་པའི་གནས་ཡོད་ཚང་མའི་དབུས་སུ་གསལ་པོ་གཟོས་ཟིན་པ་རེད་་་་་་་་་་་་་་་
ཀླུ་གར་བྱམས་ཆབ་སྲིད་པ་ཞིག་རེད་ཆབ་སྲིད་པ་ཞིག་གིས་ཆོས་དང་འབྲེལ་བའི་རྙོག་གླེང་ཞིག་ལ་བཟང་ངན་གྱི་འབྲེལ་བ་གང་ཡང་མེད་པ་གསལ་པོ་གཟོས་པ་དེ་ཡང་དག་པ་རེད་
“ངའི་གོང་གི་རྩོམཡིག་དུ་མིང་དང་བྱེད་སྒྲ་དང་འབྲེལ་སྒྲ་དང་ཚིག་ཆད་པ་བྱུང་འདུག་པས་ཀློག་མཁན་རྣམ་པས་གཟིགས་ཤེས་པ་གནང་རོགས།” ཟེར་་་་་་་ཏྲེ་ཧོར་ཁམས་པ་བོད་ཡིག་བྲི་མི་ཤེས་པ་སྔར་ནས་ཤེས་གི་ཡོད་་་་དཔེར་ན་་དགེ་བཤེས་ཡ་རིན་བཞིན་
ད་བྱས་ན་ངྷ་སའི་ཞབས་དྲུང་ཟེར་པ་འདི་ཀླུ་མཁར་བྱམས་དང་ཁོའི་སྐྱེད་དམན་པད་མ་ཆོས་སྒྲོན་གཉིས་ཀྱི་སུ་རེད་དམ།་ཧཧཧཧཧ མི་ལ་དོན་མེད་པར་གླེང་མ་འདེབས། ཤར་ཁུག་ཁྱེད་ཚོ་འདྲ་བོ་གཏན་ནས་མ་རེད་དྲན།།
གོང་གསལ་རྩོམ་ཡིག་འདི་རིགས་ནི་མི་སྣའི་ལྟ་སྤྱོད་ཐད་ལ་བརྟག་ཞིབ་བྱེད་སྟངས་ངོ་མ་དེ་རེད། ཡག་པོ་ཞིག་བྲིས་འདུག བཀའ་དྲིན་ཆེ་ཞུ།
མ་གཞི་་ཀླུ་ལགས་ཀྱིས་ནམ་རྒྱུན་བསམ་ཚུལ་དག་ཁ་གསལ་བོ་དང་གོ་བདེ་བོར་བཤད་ཀྱིན་ཡོད་པས་ཁོ་པའི་བསམ་སྤྱོད་དེ་མངོན་གསལ་དོད་པོ་ཞིག་ལས་གསང་བ་ཞིག་དང་ཞིབ་འཇུག་བྱེད་དགོས་པ་འདྲ་བོ་ཞིག་ཆགས་མེད།
འདིར་དོལ་རྒྱལ་དང་འབྲེལ་བའི་གནད་དོན་གླེང་སློང་འདི་དགེ་མཚན་ཆེན་པོ་ཞིག་རེད། མི་ཟེར་བ་འདི་གཙོ་བོ་དོགས་པ་དང་ཐེ་ཚོམ་ཅི་རིགས་ཀྱིས་འགལ་ཟླར་འགྱུར་གྱིན་ཡོད་པས་དེ་རིགས་གཙང་སེལ་བྱེད་རྒྱུར་ཕན་ཐོགས་ཆེ། ངས་འདིའི་སྐོར་ལ་བསམ་ཚུལ་ཞིག་ལོགས་སུ་སྤེལ་རྩིས་ཡོད།
དོལ་རྒྱལ་དང་འབྲེལ་བའི་གནད་དོན་ཐད་ལ་བསམ་བློ་སྔ་ཕྱི་གཉིས་གཏོང་དགོས་པ་རེད་དྲན།
དང་པོ། ༸རྒྱལ་བ་རིན་པོ་ཆེའི་བརྩེ་ཆེན་ཐུགས་བརྩེས་འདི་ཕྱིའི་ལམ་སྟོན་གནང་དུས་དོལ་རྒྱལ་ལ་ཕྱི་མའི་སྐྱབས་གནས་མི་འདུག་པས་སྲོག་གཏད་སོགས་སྤངས་དགོས་པར་བཀའ་གནང་བ་རེད། དེ་ནས་དོལ་རྒྱལ་ཁོ་རང་མི་དང་མ་སོང་ན་ཕྲག་དོག་ཞེ་བོ་ཡོད་མཁན་ང་རྒྱལ་ན་ཁྱོད་ཕམ་དགོས་ཟེར་མཁན་དེ་འདྲ་ཡིན་པས་དཔེར་ན་དགེ་ལུགས་པ་ཞིག་གིས་རྙིང་མའི་ལུགས་ལ་དད་པ་དང་སློབ་གཉེར་བྱས་ན་དོལ་རྒྱལ་ཁོ་རང་མ་དགའ་བར་གནོད་པ་གཏོང་བར་གྲབས་གཤམས་པ་ལ་སོགས་པས་གཤིས་ཀ་ངན་པ་ཞིག་ཡོད་པར་གཟིགས་པས་ལམ་སྟོན་གནང་བ་རེད།
སྐབས་འདི་ནས་མགོ་བདེ་དྲན་འཕྲུལ་ཁག་ཅིག་གིས་བོད་ཀྱི་ཆོས་རྒྱལ་བར་ལ་དཀྲུགས་ཤིག་འཕེན་པའི་ཀུན་སློང་གིས་དོལ་རྒྱལ་ལ་དམ་ཚིག་ཡོད་མདོག་མདོག་གིས་ཁ་གཏད་བཅག་པ་རེད།
གཉིས་པ། ད་དོལ་རྒྱལ་ཟེར་ན་མ་ཟེར་ན་བཀྲ་ཤིས་དོན་འགྲུབ་ལགས་ཀྱི་གསུངས་ཡོད་པ་དག་ག་རང་རེད། རྒྱ་མིའི་ཆབ་སྲིད་ཀྱི་ལག་ཆ་རང་ཏུ་སོང་བ་ལས་དོལ་རྒྱལ་ལ་སྲོག་གཏད་ཞུས་ཡོད། ཅིག་ཅིག་ཅིག་ཡིན་ཟེར་མཁན་ཁོ་རང་ཚོས་ཀྱང་སྲུང་མ་ཁོ་རང་ག་ཡིན་འདི་ཡིན་ལ་ཡིད་ཆེས་ཀྱང་མེད་པར་བསྡད་ཡོད་པ་རེད། ཡིན་ཡང་། ཁོ་ཚོར་རྒྱུ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་ཞིག་རག་ཡོད་ཙང་མུ་མཐུད་སྦྱིན་བདག་གི་མངགས་ཆ་སྲུང་དགོས་འཁེལ་ཡོད་པ་རེད།
གསུམ་པ། དོལ་རྒྱལ་བསྟེན་དང་མི་བསྟེན་དེ་མི་སོ་སོའི་ལག་པར་ཡོད་པ་༸གོང་ས་མཆོག་གིས་རིམ་པས་རིམ་པས་བཀའ་གནང་ཡོད་རེད། ཡིན་ཡང་། དོལ་རྒྱལ་བསྟེན་ནས་བོད་མི་རིགས་ཀྱི་རྩ་དོན་དང་ལངས་ཕྱོགས་བཅས་ལ་རྒྱབ་བཤད་རྒྱབ་་་ཞབས་འདྲེན་ཞུས་་་དབུ་ཁྲིད་ཀྱི་ནུས་པ་གཅོག་ཐབས་ཀྱི་དམྱལ་བའི་རྒྱུ་མང་དུ་སྒྲུབ་པ་དེར་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་ཆེད་མངགས་ཚོགས་ཆུང་བཙུགས་གནང་ཡོད་རེད་ལ། འཛུགས་དགོས་ངེས་ཀྱང་རེད། འདི་ལ་ཁྱད་པར་དན་དན་ཕྱེས་དགོས་པ་རེད།
ཁོ་ཚོ་ཉུང་ཤས་ཀྱིས་ཆབ་སྲིད་ཀྱི་གནད་འགག་སྟེང་ནས་ཆིག་སྒྲིལ་ལ་གཏོར་བརླག་མ་བཏང་བ་དང་། གཙོ་ཆེན་དབུ་ཁྲིད་ཀྱི་ནུས་པ་གཅོག་ཐབས་ཐབས་ཤེས་སྟུ་ཐུག་འདྲ་མིན་མ་ལས་པ་ཡིན་ན་༸བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་དགོས་གལ་བྱུང་ན་མཐུན་རྐྱེན་སྦྱོར་རྒྱུའི་བཀའ་ཞིག་གནང་ཡོད་རེད་དྲན།
སོང་ཙང་། རྒྱུགས་ཁྱི་ཆགས་ཚར་བའི་རྗེས་ལ་གཅིག་པ་ཡིན་ཟེར་དུས་གསུང་མཁན་ཁོ་རང་ཡང་འཐབ་རྩོད་པ་ཞིག་མིན་པ་རེད། ཡང་མིན་ན་རིག་པ་གནད་དུ་མ་གནས་པ་རེད། འདི་བསམ་ཚུལ་ཡིན།
དངོས་གནས་མི་འདི་ཚོ་སུས་ཀྱང་དྲང་མོ་བཤད་གི་མི་འདུག ཆབ་སྲིད་གླེང་བའི་སར་ཆོས་འཁྱེར་དགོས་པའི་རྒྱུ་མཚན་གང་ལ་ཐུག་སོང་།
དོལ་རྒྱལ་སྐོར་བཤད་མཁན་མ་རེད་། དེ་མ་ཚོད་ནང་པ་ཡང་མིན་གསུང་སོ་།ཀླུ་མཁར་བྱམང་ནི་སོའི་རང་དབང་བསམ་བློ་གཏོང་དང་བཤད་ཕོད་མཁན་མིའི་དཔལ་པོ་ཞིག་།།།
དོལ་རྒྱལ་སྐོར་བཤད་མཁན་མ་རེད་། དེ་མ་ཚོད་ནང་པ་ཡང་མིན་གསུང་སོ་།ཀླུ་མཁར་བྱམང་ནི་སོའི་རང་དབང་བསམ་བློ་གཏོང་དང་བཤད་ཕོད་མཁན་མིའི་བུ་དཔལ་པོ་ཞིག་རེད་། ང་ཚོས་ངེས་ཤེས་དགོས་དེ་སོང་ཨ་རི་དོལ་རྒྱལ་ཚོགས་པ་འདུག་དེ་མཚོད་རྒྱ་མི་ལག་ཆ་ཡིན་པ་ཤེས་དགོས་།དེ་སྐོར་རྩོམ་ཡིག་མི་འདུག་་མི་སྒེར་བ་མི་རིགས་དགའ་མཁན་ཞིག་རྩོམ་ཡིག་འདི་འདྲ་ཡག་པོ་མཐོང་མ་སོང། ་
ཆབ་བྲག་ལགས། དོན་མེད་ཁྱི་སྐད་མ་ཟུག ངོ་མ་ཁྱེད་ཀྱིས་ཟུག་སྐད་དེར་མི་ཚོ་སུན་ནས་ཡོད་ཀི ཁྱེད་ཀྱི་རྒྱུགས་རྟའི་བྱ་དགའ་ལོན་འདུག
འཆི་མེད་ཚེ་རིང་ནི་བོད་ཁྱི་རེད། ལུ་ཐང་རྒྱ་མཚོ་བོད་ཀྱི་བུ་མ་རེད། བོད་ཀྱི་བོང་བུ་རེད། རྒྱ་རྒན་ཚོས་བྱོན་བཞིན་པ་དེ་རེད། དོལ་རྒྱལ་བས་བོད་གཞུང་ལ་མི་ཤ་སྦུབས་གསུམ་བསྐུར་མྱོང་ཡོད།
ཁྱེད་ཚོས་འདི་ལྟར་དོལ་རྒྱལ་ཚོགས་པ་ཞེས་ངན་སྨོད་བྱེད་དུས། ངའི་སེམས་ལ་ཆོས་དད་རང་མོས་ཞེས་པའི་གོ་དོན་དེ་ཡང་སྙིང་གང་འདྲ་ཞིག་ལ་བཤད་ཀྱི་ཡོད་མེད་ལ་ཐེ་་ཚོམ་ཡོང་གི་་་ཧ་ཧ་ཧ།
དང་པོ་ཆོས་ཟེར་བ་གང་རེད། གཉིས་པ། ཆབ་སྲིད་ཟེར་བ་གང་རེད། འདི་གཉིས་གཅིག་ཏུ་བཞག་ཚེ་ག་རེ་རེད། མགོ་རྙོག་ག་རེ་འདུག དང་པོ་སུས་མགོ་རྙོག་བཟོས་འདུག་ལ་སོགས་པའི་བྱུང་རིམ་དང་ངོས་འཛིན་ཡག་པོ་བྱོས། དེ་ནས་ད་ལྟའི་དོལ་རྒྱལ་གནས་ཚུལ་ཟེར་བ་དེ་ཆོས་ལུགས་དད་མོས་ཀྱི་གནད་དོན་རེད་དམ། མི་རིགས་བདེན་དོན་གྱི་གནད་དོན་རེད། གཞི་ནས་ཧ་གོ་ཡ་ཞིག་ཡོང་གི་རེད་མ་གཏོགས། མགོ་མེད་མཇུག་སྡུམ་གྱི་བསམ་ཚུལ་རིགས་སྤེལ་ནས་སོ་སོ་སོ་རླུང་གིས་བསྐྱལ་ནས་ཕན་ཐོགས་མི་འདུག་ག
༸གོང་ས་སྐྱབས་མགོན་ཆེན་པོས་དོལ་རྒྱལ་ཐད་ལམ་སྟོན་བཀའ་སློབ་གནང་བ་ནས་ག་རེ་ག་རེ་གསུང་འདུག དེའི་བར་ནས་དོལ་རྒྱལ་བསྟེན་གྱི་ཡོད་ བསྟེན་པར་ཏཱ་ལའི་བླ་མས་འགོག་གི་འདུག་ཟེར་མཁན་ཚོ་སུ་ཞིག་གི་གཉའ་ནས་མནན་པ་རེད། བཟུང་བ་རེད། འདིའི་བྱུང་རིམ་འདི་ལ་ང་ཚོས་ངོ་ནས་ཞིབ་འཇུག་ཡག་པོ་ཞིག་བྱས་པ་ཡིན་ན་དོལ་རྒྱལ་བསྟེན་མཁན་ཡིན་ཟེར་ནས་གཙོ་ཆེན་རྒྱལ་བའི་དབང་བོར་ཐབས་ཤེས་སྣ་དགུའི་མཚན་སྨད་ཞུ་སེམས་ཅན་དག་ལ་ཆོས་ལུགས་དད་མོས་དགོས་གི་ཡོད་དམ། ཡང་ན་མི་དམངས་ཤོག་སྒོར་དགོས་གི་ཡོད། དོལ་རྒྱལ་བློས་མ་ཐོངས་པ་རེད་དམ། མི་དམངས་ཤོག་སྒོར་བློས་མ་ཐོངས་པ་རེད།
བོད་མི་རིགས་ལ་ཞབས་འདྲེན་དང་རྒྱ་གུང་ཁྲན་གྱི་རྒྱུགས་ཁྱི་ཅི་ལྟ་ཇི་ལྟར་ཡིན་པ་སོགས་གསལ་པོ་ཧ་གོ་ཡོང་གི་རེད། དེ་དུས་ན་འུ་ནས་བོད་མི་ཡིན་པ་ལ་ཁྱད་པར་ག་རེ་ཡོད་མེད་ང་ཚོས་རང་བློས་ཐག་ཅིག་ཆོད་ཡོང་གི་རེད་མ་གཏོགས། ཧ་ལོག་ནས་ཐ་སྙད་ཙམ་པའི་རྗེས་ལ་ཚོར་བ་ཤུགས་ཆེན་པོ་རྒྱུགས་བསྡད་པ་ཡིན་ན་སོ་སོང་གང་ལ་ལྷུང་ཡོད་པའང་ཤེས་མི་ཡོང་།
ཀླུ་མཁར་བྱམས་ལ་དཔྱད་སྟངས་འདི་མ་འོངས་སྲིད་སྐྱོང་ངོས་འཛིན་འདྲ་བོ་འདུག དགའ་བསུ་ཡོད།
ཡག་པོ་རེད
དེང་སྐབས་དོལ་རྒྱལ་རྒྱ་འདྲེའི་རྗེས་འདྲང་པ་ཚོ་ཁ་ནས་དོལ་རྒྱལ་དང་ཆོས་དད་རང་མོས་ཟེར་བ་སོགས་བཤད་མོད་དོན་ལ་ཁོང་ཚོ་ལ་དགོས་པ་དེ་རྒྱ་སྒོར་དང་རང་མི་རིགས་ཀྱི་ཞབས་འདྲེན་ཞུ་རྒྱུ་དེ་རེད
དོལ་རྒྱལ་་་་་རྒྱ་འདྲེ་་་་་་དོལ་རྒྱལ་་་་་རྒྱ་འདྲེ་་་་་་