___________མཁས་དབང་པདྨ་འབུམ་གྱིས་སྙན་ངག་གི་ཕ་ཁྱིམ་ནང་གླེང་མོལ་བྱས་པ།
ཟིན་བྲིས་པ། ཕ་ཡུལ།
ང་པད་མ་འབུམ་ཡིན། ནེའུ་ཡོག་ལ་ཡོད་པའི་ལ་རྩེ་དཔེ་མཚོད་ཁང་ནང་ལས་ཀ་ལས་ཀི་ཡོད། དེ་རིང་གཙོ་བོ་དེང་སང་གི་བོད་ཀྱི་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་ཚོའི་ངག་ལ་རྒྱུན་འབྱམས་སུ་གནས་ཡོད་པའི་རྩོམ་རིག་གི་ལྟ་བའི་སྐོར་ལ་སྐད་ཆ་ཁ་ཤས་བཤད་དགོས་སྙམ་གྱིན་ཡོད། དང་བོ་རྩོམ་རིག་གི་གཞུང་ལུགས་སྐོར་འོངས་སྟངས་བཤད་དགོས་པ་རེད། བོད་ལ་རྩོམ་རིག་གི་གཞུང་ལུགས་ཐོན་པ་འཕྱི་བོ་རེད། དེང་སང་གི་གོ་དོན་ཡོད་པའི་རྩོམ་རིག་གི་གཞུང་ལུགས་ཡོང་འཕྱི་བོ་རེད། <<སྙན་ངག་མེ་ལོང་མ་>>ནི་སྙན་ངག་རྩོམ་སྟངས་ཤིག་རེད་མ་གཏོགས། དེང་སང་གི་ཁྱབ་རྒྱ་ཆེན་པོའི་སྒང་ནས་འགྲོ་བ་མི་ལ་དགོས་ནི་མང་པོ་ཞིག་ཡོད་པའི་ནང་ནས། རྩོམ་རིག་ནི་ཅི་ཞིག་རེད། སྤྱི་ཚོགས་ཀྱི་ནང་ན་རྩོམ་རིག་ལ་གོ་ས་ཅི་ཞིག་འབབ་ཀི ཕན་ཅི་ཞིག་ཐོགས་ཀྱི་འདུག རྩོམ་རིག་ཇི་ལྟར་འོངས་པ་རེད་ཅེས་པའི་ལྟ་བ་ཆེན་པོ་བཤད་སྤྱད་ཀྱི་གཞུང་ལུགས་ཤིག་མ་རེད། དེ་ལྟར་ལྟ་བ་ཆེན་པོ་བཤད་པའི་གཞུང་ལུགས་དེ་འུ་ཚོས་སྤྱི་ཚོགས་ནང་ལ་གཅིག་དགུ་བདུན་ཅུའི་རྗེས་དང་བརྒྱད་ཅུའི་འགོར་དར་བ་རེད།དེའི་སྔོན་ལ་ལྟ་བ་དེ་ཁྱེར་འོང་སྤྱད་ཀྱི་ལག་ཆ་གཙོ་བོ་མའོ་ཙེ་ཏུང་གི་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད་དེ་རེད། དེ་འཛིན་གྲྭའི་ངོ་བོ་དང་སློབ་སྦྱོང་གི་ངོས་ནས་སྤྱི་ཚོགས་ཀྱི་ནང་ལ་འོངས་ཡོད་བ་མ་རེད། དྲིལ་བསྒྲགས་ཀྱི་སྟེང་ནས་ཐོན་པ་རེད། ཆབ་སྲིད་ཀྱི་ལྟ་བ་སྤེལ་ཆེད་དུ་འོང་བ་རེད། དེ་དུས་ང་བྱིས་པ་རེད། རྨ་ལྷོ་དགེ་འོས་སློབ་གླིང་ན་ཡོད། དེ་དུས་དུས་ཚོད་ལྟར་མའོ་ཙེ་ཏུང་གི་གསུང་རྩོམ་ལ་སློབ་སྦྱོང་བྱེད་དགོས་པ་རེད། དེ་དུས་མའོ་ཙེ་ཏུང་གི་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད་རེད་ཅེས་དེའི་ཅི་ཞིག་རེད། རིག་རྩལ་ཞེས་པ་རྩོམ་རེད། ཁོང་གིས་རྩོམ་འབྲི་སྟངས་བཤད་ཀྱིན་ཡོད་པ་རེད་སྙམ་པ་རེད། ཡིན་ནའང་། ཁོས་རྩོམ་འབྲི་སྟངས་བཤད་ཀི་ཡོད་པ་མ་རེད། ལྟ་བ་ཆེན་པོ་བཤད་ཀྱིན་ཡོད་པ་རེད། དེ་དུས་བྱིས་པ་ཡིན་པས་གོ་རྒྱུ་ཅང་མེད་སོང་། གོ་བ་ཅང་མ་ལོན་ཟིག
དེའི་རྗེས་ན་བདུན་ཅུ་དོན་དགུ་ལོར་ང་ནུབ་བྱང་མི་རིགས་སློབ་གྲྭར་ཕྱིན་པ་རེད། དེ་དུས་སྦྱངས་རྒྱུ་མང་ཆེ་བ་བོད་ཡིག་རེད་དེ། ཆེད་ལས་མི་འདྲ་བ་ཐུན་མོང་གིས་མཉམ་དུ་སྦྱངས་རྒྱུ་མང་པོ་ཞིག་ཡོད་རེད། མཚན་ཉིད་རིག་པ། དཔལ་འབྱོར་རིག་པ་སོགས་ཡོད་རེད། དེ་དུས་རྒྱ་ཡིག་གི་རྩོམ་རིག་སྤྱི་བཤད་ཅེས་པ་དེ་སྦྱངས་པ་རེད། ཕལ་ཆེར་རྩོམ་རིག་གི་གཞུང་ལུགས་སྦྱོང་མཁན་ཐོག་མ་ཡིན་རྒྱུ་རེད། རྩོམ་རིག་གི་གཞུང་ལུགས་ཞེས་བཤད་ཀྱང་རུང་། རིག་གསར་ཀྱི་རྗེས་ཏག་ཏག་ཏེ་གོང་ཁྲན་ཏང་དམར་བོའི་གཞུང་གིས་སྤྱི་ཚོགས་ཀྱི་འདུ་ཤེས་ཁྱབ་ཁོངས་ལ་དབང་བསྒྱུར་རྒྱུ་དེ་མཚམས་བཞག་ཡོད་པ་མ་རེད། རྩོམ་རིག་ཡིན་ན་ཆོག་གི གློག་བརྙན་དང་དུས་དེབ་སོགས་གང་ཡིན་ཡང་དམར་ཕྱོགས་ཀྱི་ལྟ་བ་སྤེལ་བའི་ལམ་ཁ་ཞིག་ཏུ་དབང་བསྒྱུར་བསྡད་ཡོད་པ་རེད། དེའི་སྟབས་ཀྱིས་རྩོམ་རིག་གི་གཞུང་ལུགས་ནང་ཡིན་ནའང་མང་ཆེ་བ་དམར་བོའི་གཞུང་གིས་གཏན་འཁེལ་བྱས་པའི་ལྟ་བ་སྐོར་ཞིག་གཙོ་བོ་བྱས་ནས་ཡོང་བསྡད་ཡོད་པ་རེད། དཔེར་ན། རྩོམ་རིག་གི་ལས་འགན་ཅི་ཞིག་རེད་ཟེར་ན། རྩོམ་རིག་གིས་འབྱོར་མེད་གྲལ་རིམ་གྱི་འཆར་གཞི་ལ་ཞབས་འདེགས་ཞུ་དགོས་ཟེར་བ་དེ་རྩ་དོན་རེད། རྩོམ་རིག་གི་ཚད་ཐིག་ཅི་ཞིག་རེད་ཟེར་ན། གཉིས་ལས་བཞག་ཡོད་པ་མ་རེད། དམར་བོའི་ལྟ་བས་དབང་བསྒྱུར་བའི་འོག་ནས་རྩོམ་རིག་གཞུང་ལུགས་སྐོར་ལ་སྐད་ཆ་བཤད་སྟངས་ཀྱི་ཐ་སྙད་སྐོར་ཞིག་འོང་ཡོད་པ་རེད། དཔེར་ན་། རྩོམ་རིག་གིས་སྤྱི་ཚོགས་ལ་གཤག་བཅོས་བྱེད་དགོས། རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན། རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་དངོས་ཀྱི་བསམ་བློའི་ཚུར་སྣང་ཞིག་ཡིན་ལྟ་བུ་རེད། ཕྱི་ལོ་ ༡༩༧༦ སྔོན་གྱི་གུང་ཁྲན་ཏང་དང་ཕྱིས་ཀྱི་གུང་ཁྲན་ཏང་འདྲ་གི་མ་རེད། དེང་སྐབས་ཀྱི་གུང་ཁྲན་ཏང་སྔོན་གྱི་གུང་ཁྲན་ཏང་དང་རྦད་དེ་བསྡུར་ཐབས་མེད།
དེང་སང་གུངཁྲན་ཏང་གིས་དཔལ་འབྱོར་བཤད་ཀི་ཡོད་རེད། སྔོན་མ་གུང་ཁྲན་ཏང་གིས་ལྟ་བ་རྩོད་ཀི་ཡོད་རེད། ལྟ་བ་རྩོད་ཀི་ཡོད་རེད། ལྟ་བས་སྤྱི་ཚོགས་དབང་བསྒྱུར་གི་ཡིན་ལབ་ཀི་ཡོད་རེད། ལྟ་བའི་ཆེད་དུ་རྡུང་རེས་མང་པོ་བརྒྱབ་པ་རེད།
འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་འཐབ་འཁྲུག་མང་ཤོས་ལྟ་བ་བརྩད་ནས་བརྒྱབ་པ་རེད། ད་ལྟ་ལྟ་བས་དབང་བསྒྱུར་བའི་གུང་ཁྲན་ཏང་གི་ལེའུ་དེ་རྫོགས་ཚར་བ་རེད། ཡིན་ནའང་། དེའི་དབང་བསྒྱུར་གྱི་ཤུགས་རྐྱེན་རྫོགས་ཡོད་པ་མ་རེད། ལྷག་པར་རྩོམ་རིག་གི་ནང་བསྡད་ཡོད་རེད། དཔེར་ན། རྩོམ་པ་པོ་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་ཟེར་བ་འདྲ་བོའི་གྲས་དེ། ང་ཚོ་བོད་ཀྱི་རྩོམ་རིག་ནང་ན་ད་དུང་ལྷག་བསྡད་ཡོད་རེད། དེ་ནི་རང་དབང་གི་རྩོམ་རིག་ལྟ་བ་དང་འཛམ་གླིང་སྤྱི་མཚན་གྱི་རྩོམ་རིག་གི་གཞུང་ལུགས་ནང་ཡོང་བའི་ལྟ་བ་ཞིག་ཡིན་ནི་མ་རེད། འདི་དཔེར་བླངས་ནས་འུ་ཚོས་ཅུང་དཔྱད་ན། རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཞེས་བཤད་ན་མི་རིགས་ཀྱི་བླ་སྲོག་ཅེས་པ་ཅི་ཞིག་བཤད་ཀྱི་ཡོད་པ་རེད། བོད་སྐད་ཀྱིས་བླ་སྲོོག་ལ་འགྲེལ་ཚེ་སྲོག་ཅེས་པ་དབུགས་ལེན་པ་དང་ཟ་མ་བཟའ་བ་འདི་སྲོག་གི་མཚོན་དོན་དང་ཤི་མེད་པའི་རྟགས་མཚན་རེད། དེ་ནས་མི་ཞིག་ལ་ཐུག་ན་སྐད་ཆ་ཤོད་རྒྱུ་ཡོད་པ་དང་དགའ་སྡུག་སྟོན་རྒྱུ་ཡོད་པ། ཚོར་བ་ཡོད་པ། དོན་དག་ལ་འདང་རྒྱག་ཐུབ་པ་དེ་ཚང་མ་བླ་ཡོད་པའི་དོན་རེད། དེ་མ་ཡིན་པར་འཐོམ་བསྡད་ན་བླ་འཁྱམ་སོང་ཞེས་བཤད་པ་རེད། འདི་མིའི་བླ་སྲོག་རེད། འདི་གཉིས་ཀ་མེད་སོང་ན། གཅིག་ཤི་སོང་ནི་རེད། གཅིག་གློའུ་ཆགས་པ་རེད། འདི་འུ་ཚོས་ཨ་མའི་བྱང་ཁོག་ནས་ཁྱེར་ཡོང་བ་མ་གཏོགས་གཞན་ནས་ཁྱེར་འོང་བ་མ་རེད། དེ་འགྲོ་བ་མི་ལ་ཐུན་མོང་དུ་ཡོད་པའི་བླ་སྲོག་རེེད།
དེ་ནས་བླ་སྲོག་གཉིས་པ་གོ་བ་ལེན་སྟངས་ཤིག་ལ། མི་ཞིག་ཡིན་ཚར་བའི་རྗེས་ལ་ཁོ་གཏོགས་སའི་ཚོགས་སྡེ་ཞིག་ཡོད་པ་རེད། མི་རིགས་ཡོད་པ་རེད། ང་ཚོ་ཡིན་ན་བོད་པ་རེད། འདི་ང་ཚོའི་གཏོགས་སའི་ཁུངས་རེད། མི་གཞན་པ་དང་དབྱེ་མཚམས་འབྱེད་བྱེད་ཀྱི་ཁུངས་རེད། འདི་ཡོད་དང་ན། མི་རིགས་གཞན་དང་མ་འདྲེས་པར་འབྱེད་པའི་འབྱེད་ཆོས་ཁ་ཤས་ཡོད་པ་དེའི་མིང་ལ་བླ་སྲོག་ཅེས་གོ་བ་ལེན་སྟངས་ཤིག་ཡོད་པ་རེད། ཉེ་སྔོན་༧རྒྱལ་བ་རིན་པོ་ཆེ་ཡིས་ཀྱང་ཁྱེད་རང་ས་ཆ་གང་ནས་བསྡད་ནའང་བོད་པ་ཞིག་གི་ཚབ་མཚོན་གྱི་ཡོད། ཚབ་མཚོན་བྱེད་གཟུགས་ཀྱི་ཕུང་བོ་དེ་མིན། གང་ཡིན་ཟེར་ན་ཆོས་དང་རིག་གཞུང་། སྐད་ཡིག་གསུམ་པོ་ཡིན། དེ་མ་ཤེས་པ་དང་མེད་སོང་ན་གཟུགས་པོ་ཙམ་བོད་རེད་དེ། བོད་པ་ཕྱེད་ཀ་རེད། བླ་སྲོག་མེད་པའི་བོད་པ་རེད་ཅེས་གསུངས་པ་ངས་དངོས་སུ་གོ་མྱོང་། དེའི་སྟབས་ཀྱིས་འུ་ཚོས་མི་རིགས་ཀྱི་ངོས་ནས་འབྱེད་ཆོས་དང་མི་རིགས་ཀྱི་ངོས་ནས་བླ་སྲོག་ཅིག་འཇོག་ན་ད་ནི་དེ་དག་གདམ་དགོས་པ་རེད། དེ་ཡིན་ཚེ་ད་ལྟ་འུ་ཚོས་བཤད་བཞིན་པའི་ཆོས་དང་རིག་གཞུང་། སྐད་ཡིིག མི་རིགས། གཞན་གྱིས་ལྟོས་ན་ཁྱོད་བོད་ཡིན་པ། རང་གིས་ཀྱང་ང་བོད་ཡིན་ཟེར་སྤྱད་ཅིག། རྩོམ་པ་པོའི་ངོས་ན་ཡོད་པ་ཨེ་རེད། དེ་ང་ཚོ་ཚང་མས་འདང་རྒྱོབ་དང་ཚང་མ་ཉམས་མྱོང་ཡོད་པ་རེད། མཁྱེན་གསལ་རེད། ང་བྱིས་པའི་དུས་ནས། རྩོམ་ཡིག་མ་ཀློག་པའི་སྔུན་ནས་ང་བོད་པ་ལོག་ཚར་ཡོད་པ་རེད། ང་བོད་པ་ལོག་བྱེད་ཀྱི་ཆོས་ཐམས་ཅད། ངས་རྩོམ་ཡིག་བཀླགས་ནས་རྙེད་པ་མ་རེད། རྩོམ་པ་པོས་བྱིན་པའང་མ་རེད། དེ་ངའི་ཕ་མའི་རྩིབས་ནས་འོང་གི་ཡོད་པ་རེད། ངའི་ཁྱིམ་ཚང་ནང་ནས་ཡོང་གི་ཡོད་པ་རེད། ངའི་སྡེ་བ་ནང་ནས་ཡོང་གི་ཡོད་པ་རེད། ངའི་སྤྱི་ཚོགས་དེའི་ནང་ནས་ང་བོད་པར་ངོས་འཛིན་བྱེད་ཀྱི་ཆོས་ཚང་མ་རང་ལ་རང་དབང་མེད་པའི་ངང་ནས་སེམས་རྒྱུད་ལ་འཛུལ་བཞིན་ཡོད་པ་རེད། འཛུལ་ཟིན་པ་དེ་དག་རང་རྒྱུད་ལ་ཆགས། དེ་ལ་བརྟེན་ནས་ཕྱིར་སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྐབས་སུ་ད་གཟོད་མི་ཐམས་ཅད་ཀྱིས་ཁྱོད་བོད་རེད་ཟེར་གྱི་ཡོད་པ་རེད། དེ་མ་གཏོགས་རྩོམ་པ་པོའི་རྩོམ་ཡིག་ཅིག་བཀླགས་ནས་ང་བོད་དུ་གྱུར་སོང་བ་དང་དེའི་སྔོན་དུ་ང་མི་རིགས་གཞན་ཞིག་ཡིན་པ་དང་མི་རིགས་ངོས་འཛིན་རྒྱུ་མེད་པ་ཞིག་ཡིན་པ་དང་། རྩོམ་དེ་བཀླགས་ནས་བོད་དུ་གྱུར་བ་དེ་འདྲ་མ་རེད། དཔེར་ན། གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི་བོད་པ་ཞིག། ཁོས་བོད་སྐད་བོད་ཡིག་ཤེས། འཛམ་གླིང་རྩོམ་རིག་བཀླགས་ཡོད་པ་བོད་ཀྱི་རྩོམ་རིག་ལའང་བལྟས་ཡོད་ན་ཆོག་གི དེ་དང་དེ་ནས་འབྲོག་ཕྱོགས་ན་ཡོད་པའི་འབྲོག་པ་འབྲོག་ནག་ཅིག ཁོས་འཛམ་གླིང་རྩོམ་ཡིག་ཕར་ཞོག མཐའ་ན་བོད་ཀྱི་གེ་སེར་སྒྲུང་ཡང་རེ་གཉིས་ཤིག་མ་གཏོགས་བཀླགས་མ་མྱོང་བ་ཞིག ཁོང་གཉིས་མཉམ་དུ་བསྡུར་ཚེ་མི་རིགས་ཀྱི་ཆོས་མང་ཤོས་འབྲོག་པ་དེའི་སྟེང་ནས་མཐོང་གི་རེད་མ་གཏོགས་གྲོང་ཁྱེར་གྱི་བོད་པ་དེའི་ཐོག་ནས་ཉུང་ཉུང་ཡིན་རྒྱུ་རེད། དེའི་སྟབས་ཀྱི་འུ་ཅག་བོད་མི་རིགས་ཀྱི་ཆོས་དེ་རྩོམ་རིག་ལ་འབྲེལ་བ་ཉུང་ཉུང་ཞིག་མ་གཏོགས་འབྲེལ་བ་ཆེན་པོ་མི་འདུག གཙོ་བོ་འཚོ་བ་སྐྱེལ་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་འབྲེལ་བསྡད་ཡོད་པ་རེད། རྩོམ་རིག་གིས་བོད་ཀྱི་ཁྱད་ཆོས་མེད་པ་ཞིག་ལ་ཁྱད་ཆོས་སྤེལ་ཡང་ཐུབ་ཀི་མ་རེད་ལ། ཡོད་པ་ཞིག་ལེན་ཀྱང་མི་བཏུབ། དེ་ཡིན་སྟབས། མི་རིགས་ཀྱི་ངོས་ནས་མི་རིགས་ཀྱི་འབྱེད་ཆོས་ཤིག་ཡོད་པ་དེ་མི་རིགས་ཀྱི་བླ་སྲོག་ཡིན་པ་ཆ་བཞག་ན། ༼གང་ཟག་དང་རྩོམ་པ་པོ་ཁོ་ན་ཞིག་མིན་པ་གསལ་བོ་རེད༽དེའི་སྟབས་ཀྱིས་རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་ཟེར་གྱི་ཡོད་པ་དེ་ནི་ཡོང་ཁུངས་བཙན་པོ་ཞིག་མི་ཉན་པ་འདྲ། ད་ནི་འདི་ཅི་ལྟར་ཤོད་དགོས་པ་རེད་། བོད་པའི་ནང་ན་། རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་ཟེར་མཁན་གྱི་སྐད་ཆ་འདི་མུ་མཐུད་དུ་བེད་སྤྱོད་གཏོང་མཁན་རྣམས་ལ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཨེ་རེད་ཟེར་ན་དེ་ངས་གསལ་བོ་མཐོང་མ་སོང་། ཡིན་ནའང། ཀྲུང་གོའི་རིག་གནས་གསར་བརྗེ་ཆེན་པོའི་སྔོན་གྱི་སྐད་ཆ་བཤད་སྟངས་ལྟར་ན་དེ་དུས་རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་ཞེས་བཤད་ན་རྒྱུ་མཚན་ཅུང་ཡོད་པ་རེད། རྒྱ་ནག་ནང་ལ་རྩོམ་རིག་གཞུང་ལུགས་དང་མར་ཁེ་སིའི་ལྟ་བ་གསར་བའི་རིགས་འདི་ཕལ་ཆེར་དུས་རབས་ཉི་ཤུ་ནས་འགོ་ཚུགས་ཡོད་པ་རེད་དེ། སྤྱིར་རྩོམ་རིག་དང་ལྟ་བ་གསར་བའི་རིགས་ཀྱི་མར་ཁེ་སིའི་རིང་ལུགས་དེ་ཁྱབ་བརྡལ་དུ་བཏང་བ་དེ་གུང་ཁྲན་ཏང་གི་སྟོབས་ཤུགས་རྒྱས་ནས་ཁྱབ་སྤེལ་བྱས་ཡོད་པ་རེད། དེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སུམ་ཅུ་བཞི་བཅུའི་ནང་རེད། དེ་དུས་རང་གི་ཁྱབ་ཁོངས་ལ་དམག་བརྒྱབ་ནས་མར་ཁེ་སིའི་ལྟ་བ་ཁྱབ་བརྡལ་དུ་བཏང་ཡོད་པ་རེད། སྔོན་གྱི་སྤྱི་ཚོགས་དང་དེང་སྐབས་ཀྱི་སྤྱི་ཚོགས་གཉིས་ལ་རྩ་བའི་ཁྱད་པར་གཅིག་ཡོད་པ་རེད། ཁྱད་པར་གཅིག་པུ་དེ་ནི་ཧ་ལམ་སྔོན་གྱི་སྤྱི་ཚོགས་ཀྱི་མི་བརྒྱ་ཆའི་བདུན་ཅུ་ཡིག་རྨོངས་རེད། དེའི་སྟབས་ཀྱིས་ཡིག་རྨོངས་བའི་རྒྱུད་ལ་རང་བཞིན་གྱིས་གོམས་སྲོལ་ཞིག་བརྒྱུད་ནས་རྒྱའི་རིག་གནས་ཤིག་ཡོད་པ་མ་གཏོགས་ཡི་གེ་དང་དཔེ་དེབ་ཀྱི་ངོོས་ནས་འཛམ་གླིང་གི་ཤེས་བྱ་དང་སྤྱི་ཚོགས་ཀྱི་ཤེས་བྱ་མང་བོ་ཡོང་ཐུབ་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི། མང་ཤོས་ཡིག་རྨོངས་ཡིན་པའི་ཕྱིར་རེད། མར་ཁེ་སིའི་ལྟ་བ་དང་རྩོམ་རིག་གི་ལྟ་བ་ཞིག་རྒྱུད་ལ་འཇགས་མེད་པ་གསལ་བོ་རེད། ཡིན་ནའང་། མར་ཁེ་སིའི་ལྟ་བ་འཛིན་མཁན་གྱི་གུང་ཁྲན་ཏང་གིས་ཅི་བཤད་ཀྱིན་ཡོད་པ་རེད་ཟེར་ན། མར་ཁེ་སིའི་ལྟ་བ་འདི་མིའི་རིགས་བྱུང་བའི་ཚུན་ཆད་ཀྱི་འཇིག་རྟེན་ལྟ་བའི་ནང་གི་ལྟ་བ་མཆོག་ཏུ་གྱུར་བ་ཡིན་ཟེར་གྱི་ཡོད་པ་རེད། འཇིན་རྟེན་ལྟ་བ་ཞེས་པའང་ཆེ་ཞིག་རེད། འཇིག་རྟེན་ལྟ་བ་དང་ཆོས་ལུགས་གཉིས་ཀྱིས་ཚིག་ཆེན་པོ་ཏག་ཏག་བེད་སྤྱད་ནས་འཇིག་རྟེན་ལ་འགྲེལ་བཤད་རྒྱག་རྒྱུར་དགའ་བོ་ཡོད་པ་རེད། མི་མང་ཚང་མས་ཧོབ་རྒྱུག་བྱས་ནས་དོན་དག་རྡོག་རྡོག་དེ་ཧ་མ་གོ་བར་མོག་མོག་ཞིག་གི་ནང་ནས་ཡིད་ཆེས་བྱེད་རྒྱུར་དགའ་བོ་ཡོད་པ་དེ་ཁོ་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་རེད།
ཡིན་ནའང་། དོན་རྡོག་རྡོག་དེ་ཅུང་ཙམ་ཁ་ཇེ་གསལ་དུ་བཏང་ན་མི་ཞིག་གིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་འགྲོ་བ་མིའི་སྤྱི་ཚོགས། འགྲོ་བ་མིའི་མི་ཚེ་ལ་རང་གིས་འགྲེལ་བཤད་རྒྱག་སྟངས་དང་གོ་བ་ལེན་སྟངས་དེ་ལ། འཇིག་རྟེན་ལྟ་བ་ཟེར་གྱི་ཡོད་པ་རེད། ད་མིའི་སྤྱི་ཚོགས་འདི་མཆོག་ཏུ་གྱུར་བ་ཡིན་ཟེར་གྱི་ཡོད་རེད། དེ་ལ་རྒྱུ་མཚན་ཁ་ཤས་འདུག གཅིག མར་ཁེ་སིའི་ལྟ་བ་འདིས་འགྲོ་བ་མིའི་སྤྱི་ཚོགས་ཐོག་ན་ཡོད་པའི་སྤྱི་ཚོགས་ལ་འགྲེལ་བཤད་རྒྱག་བྱེད་ཀྱི་ཆོས་ལུགས་དང་མཚན་ཉིད་རིག་པ། ལྟ་བ་མང་བོའི་ནང་ནས་ལག་ཆ་ཚུར་བླངས་ཏེ་སྐྱོན་ཆ་ཕར་གཡུག་ནས་བླངས་པའི་སྟབས་ཀྱིས་འདི་ཚད་མཐོན་པོ་ཡིན་ཟེར་གྱི་ཡོད་པ་རེད། གཉིས་པ། འགྲོ་བ་མིའི་སྤྱི་ཚོགས་འདི་འཕེལ་རིམ་གྱི་སྟེང་ནས་རིམ་པ་ལྔ་བརྒྱུད་ཡོད་རེད། དེ་གདོན་མའི་སྤྱི་ཚོགས། བྲན་གཡོག་སྤྱི་ཚོགས། བཀོས་བཀོད་རྒྱུད་འཛིན་། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས། མཐར་ཐུག་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བརྒྱུད་དེ་འགྲོ་བཞིན་ཡོད་པ་རེད། མར་ཁེ་སིའི་ལྟ་བ་འདིས་འསྤྱི་ཚོགས་ཀྱི་རིམ་པ་དེ་དག་བརྒྱུད་ནས་འགྲོ་བ་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་འཚོ་བ་སྐྱེལ་སྟངས་ལ་ཕྱོགས་བསྡོམ་བྱས་པའི་ལྟ་བ་ཞིག་ཡིན་། འདིིའི་ནང་འགྲོ་བ་མིའི་འཕེལ་རིམ་སོ་སོའི་སྤྱི་ཚོགས་ལ་ལྟ་སྟངས་དང་འཕེལ་རྒྱས་འདུས་བསྡད་ཡོད་། དེའི་སྟབས་ཀྱིས་འདི་ཚད་མཐོ་ཤོས་ཀྱི་ལྟ་བ་ཞིག་ཡིན།
ལྟ་བ་འདི་འགྲོ་བ་མིའི་རྒྱུད་ལ་ཞུགས་དང་ན། མི་དེ་ལྟ་བ་ཡང་དག་ལ་ཞུགས་ཟིན་པ་ཡིན། དེས་མ་འོངས་པར་ལམ་ཁ་ཡང་དག་ཅིག་རྙེད་སྲིད། དེའི་ཕྱིར། ཁྱོད་ཀྱིས་ང་རང་གུང་ཁྲན་ཏང་ལ་བསྡད་པའང་ཤེས། ཁྱོད་མ་གཏོགས་གཞན་གྱིས་མི་ཤེས་ཟེར་གྱི་ཡོད་པ་རེད། འོ་ན་ལྟ་བ་དེ་ཤེས་མཁན་སུ་རེད། དེ་བཙལ་ནས་འོངས་ན། དེ་ཤེས་མཁན་ཡི་གེ་ཤེས་མཁན་ཚོ་རེད། གཅིག་དགུ་སུམ་ཅུ་བཞི་བཅུའི་ནང་ལ་ཡི་གེ་ཤེས་མཁན་ཧ་ཅང་ཉུང་གི། དེའི་སྟབས་ཀྱིས་ཡི་གེ་ཤེས་མཁན་དང་ལྷག་པར་དུ་གུང་ཁྲན་ཏང་གི་ཕྱོགས་ན་ཡོད་པའི་རྩོམ་པ་པོ་ཚོས་དེ་ཀློག་གིན་ཡོད་པ་རེད། དེ་ལ་དད་མོས་དང་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད་པ་རེད། དེའི་མི་ཚད་གཞུང་ལུགས་ཤིག་སྤྱི་ཚོགས་སྟེང་ལ་འགྲོ་བའི་སྐབས་སུ། མང་ཚོགས་ནང་ལ་གཞུང་ལུགས་ཁ་བཤད་བྱས་ན་དེ་གོ་ཐུབ་ཀྱི་མ་རེད། དེ་སློབ་གྲྭ་དང་ཞིབ་འཇུག་ཁང་ནས་བཤད་སྟངས་ཤིག་རེད། མང་ཚོགས་ཀྱི་ནང་ལ་ཡིན་གཅིག་མིན་གཉིས་རྩོམ་རིག་གི་ལམ་ཁ་བརྒྱུད་དགོས་པ་རེད། གཟུགས་བརྙན་གྱི་ལམ་ལ་བཀོད། སེམས་ཀྱི་འཕྲོ་ལུགས་དང་ཆགས་སྡང་ཤུགས་ཆེན་པོ་ཡོང་གི་བཞག་ནས་སོང་ན་ད་གཟོད་མང་ཚོགས་ཀྱི་ནང་ལ་འགྲོ་ཐུབ་ཀྱི་ཡོད་པ་རེད། དེ་མ་གཏོགས་མང་ཚོགས་ནང་ལ་མར་ཁེ་སིའི་གཞུང་ལུགས་ཁ་བཤད་བྱས་ན་འོང་གི་མ་རེད། དེའི་སྐབས་སུ་ད་གཟོད་ནུས་པ་དང་འགན་ཁུར་རྩོམ་པ་པོར་ཡོད་པ་རེད། རྩོམ་པ་པོ་ཞིག་ཡིན་དུས་ཡི་གེ་འབྲི་ཀློག་ཤེས་ཀྱི་ཡོད་པ་རེད། གོ་དོན་ནི་ཡན་ཨན་བཞུགས་མོལ་འཚོགས་འདུའི་སྟེང་གི་གཏམ་བཤད་དང་གཅིག་པ་རེད། ཚང་མས་མར་ཁེ་སིའི་ལྟ་བ་སྦྱངས་བསྡད་ཡོད་པ་རེད། དེའི་དོན་དུ་དམག་རྒྱག་གི་ཡོད་པ་རེད། དཀའ་ལས་རྒྱག་གི་ཡོད་པ་རེད། བཟའ་ཚང་ཁ་བྲལ་ནས་བསྡད་ཡོད་པ་རེད། རྩོམ་པ་པོ་ལ་གཞུང་ལུགས་ཁ་བཤད་བྱེད་པ་དང་མ་འདྲ་བ་ཞིག་ཡོད་པ་ནི་མང་ཚོགས་ཀྱི་ནང་ལ་འགྲོ་བར་ཐབས་ཤེས་ཡོད་པ་དེ་རེད། སྒྲུང་དང་བརྙན་གྱི་ལམ་ནས་སྤྱི་ཚོགས་རྙིང་པར་ཞེད་སྣང་སློང་ཐུབ་ཀི་ཡོད་རེད། ཁྱེད་ཚོས་གོ་མྱོང་ངམ། དཔེར་ན་<<སྐྲ་དཀར་བུ་མོ་>>ཞེས་པའི་དཔེ་ཆ་ཞིག་ཡོད། དེ་སྒྲུང་དང་གློག་བརྙན་གཉིས་ཀ་ཡོད་བ་རེད། སྒྲུང་དེ་ཡན་ཨན་ན་ཡོད་པའི་སྐབས་སུ་གཅིག་དགུ་སུམ་ཅུ་བཞི་བཅུའི་ནང་ལ་བྱུང་བ་ཞིག་རེད། ༼ རྗེས་ནས་དེ་གློག་བརྙན་དུ་འཁྲབ་པའི་སྐབས་སུ་འཁྲབ་མཁན་གྱི་ཐོག་ལ་མི་མང་སོང་ནས་གཅར་རྡུང་བྱས་པའི་བཤད་ཚུལ་འདུག ༽ དེ་ལྟ་བུར་རྩོམ་པ་པོས་སྒྲུང་དང་གློག་བརྙན་གྱི་ལམ་ནས་སྤྱི་ཚོགས་རྙིང་བ་ལ་ཞེ་སྡང་བསླངས་ཐུབ་ཀྱི་ཡོད་པ་རེད། དེའི་སྐབས་སུ་ད་གཟོད་རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་ཞེས་བཤད་ན་ཕལ་ཆེར་ཤོར་ཡོད་པ་མ་རེད། སྐབས་དེར་བཤད་ཀྱང་ཡོད་པ་རེད་དེ་གནས་སྟངས་དེའི་ནང་ལའང་མཐུན་གྱི་ཡོད་རེད། ད་ནི་སྐད་ཆ་དེ་འོངས་ནས་དུས་རབས་ཕྱེད་ཙམ་གྱི་མི་ཚད་པའི་ལོ་དྲུག་ཅུ་བདུན་ཅུ་བུད་སོང་བ་རེད། གནས་སྟངས་གཉིས་པ། ད་སྤྱི་ཚོགས་ཡོངས་སུ་འགྱུར་སོང་བ་རེད། འགྱུར་ནས་དེང་སྐབས་ཀྱི་ཚད་གཞི་ནི་ལྟ་བ་ཡང་དག་མི་དག་གི་རྒྱུ་མཚན་མ་རེད། ང་རླངས་འཁོར་ཡག་པོ་དགོས་པ་རེད། ཁང་བ་སྐྱིད་པོ་དགོས་པ་རེད། ཟ་མ་ཞིམ་པོ་དགོས་པ་རེད། ཡུལ་ལྗོངས་ཡག་པོ་ཞིག་དགོས་པ་རེད། ད་ལྟ་ཁྱོའི་ལྟ་བ་ག་རེ་ཡིན་ན་ཡིན། ད་ནི་ལྟ་བ་མི་དགོས་པའི་དུས་ལ་སླེབས་ཚར་བ་རེད། གུང་ཁྲན་ཏང་ཡིན་ནའང་མར་ཁེ་སིའི་ལྟ་བ་མི་འཛིན་ན་ཁྱོད་དགྲ་བོ་ཡིན་ཟེར་གྱི་མ་རེད། སྔོན་མའི་གུང་ཁྲན་ཏང་གི་ལྟ་བ་མར་ཁེ་སིས་རྫུན་བཤད་འདུག་ཅེས་བཤད་ཚེ་འཛིན་གི་རེད། གསོད་ཀྱི་རེད། འཛིན་གྱི་རེད། དེང་སང་སྒང་ལ་བུད་ནས་ཀི་བཏབ་སྟེ་བཤད་ནའང་ཁ་ཡ་བྱེད་མཁན་ཡོད་པ་མ་རེད། ད་ལྟ་ཚང་མས་ཡི་གེ་ཤེས་ནི་རེད། ཁྱོད་རྩོམ་པ་པོ་ཞིག་གིས་དེབ་ཀྱི་ནང་ནས་རྙེད་པའི་ལྟ་བ། ང་སྒྲུང་མི་འབྲི་མཁན་གྱིས་ཀྱང་རྙེད་ཡོད་བ་རེད། ད་འུ་གཉིས་ཀྱི་བར་ན་ཁྱད་པར་ཞིག་ཡོད་པ་དེ་ཁྱོས་སྙན་ངག་དང་སྒྲུང་འབྲི་ཤེས་ན་ཐང་། ངས་མི་ཤེས་ན་ཐང་། ཡིན་ནའང་ཕྱོགས་གཞན་པའི་སྟེང་ནས་ང་ངར་ན་ཐང་། དཔེར་ན། ཚོང་བརྒྱབ་ན་ང་ངར་ན་ཐང་། ཡིན་ནའང་། ང་ལ་མཁོ་བའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་ལྟ་བ་ཚང་མ་ཁྱེད་མེད་ནའང་ངས་རྙེད་ཀྱི་ཡོད་རེད། ད་ང་རྩོམ་པ་པོ་དགོས་མཁོ་ཡོད་པ་མ་རེད། སྐབས་འདིར་སླེབས་དུས་། ད་གཟོད་རྩོམ་པ་པོ་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་ཟེར་བ་དེའི་སྤྱི་ཚོགས་གནས་སྟངས་ཀྱི་མ་གཞི་ཤོར་ཚར་བ་རེད། ཤོར་ཡོད་ནའང་ད་རུང་བོད་ཀྱི་རྩོམ་རིག་གི་སྐད་ཆའི་ནང་ན་སྐད་ཆ་དེ་བཤད་བསྡད་འདུག །ད་སྐད་ཆ་དེ་འགྲིག་གི་མི་འདུག
ངས་བཤད་འདོད་པ་ནི། འུ་ཚོའི་བསམ་བློའང་དུས་དང་བསྟུན་ནས་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་པའི་གྲོས་གཞི་དང་བསམ་ཚུལ་ཞིག་བཤད་པ་ཡིན། དཔེར་ན། ཚོགས་འདུ་འདིའི་གཙོ་གཉེར་བ་བསམ་གཏམ་རྒྱ་མཚོ་རྩོམ་པ་པོ་རེད། ང་རྩོམ་པ་པོ་མ་རེད། ཁོས་སྙན་ངག་འབྲི་ཤེས། ངས་ཁོ་ལ་གུས་བཀུར་དང་བསྟོད་བསྔགས་བྱ་དགོས་ས་མང་རྒྱུ་རེད། ཡིན་ནའང་སྙན་ངག་འབྲི་ཤེས་པ་དེ་ལ་བརྟེན་ནས་ཁྱོད་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་རེད། ང་ཁྱོས་བླ་སྲོག་བྱིན་པ་རེད་ཅེས་པའི་ཚད་ལ་གཏན་ནས་བསླེབ་ཐུབ་ཀྱི་མ་རེད། དེ་ངས་སྟེར་མ་འདོད་པ་མ་རེད། སྐད་ཆ་དེའི་སྤྱི་ཚོགས་གནས་བབ་ཀྱི་མ་རྩ་ཤོར་ཟིན་པ་རེད། དེའི་སྟབས་ཀྱིས་སྐད་ཆ་དེ་ཡོང་ཁུངས་ཡོད་པ་མ་རེད། དེང་སང་རྩོམ་པ་བོ་མང་པོས་ཆོས་ལུགས་དང་སྔོན་གྱི་ལྟ་བ་མང་པོ་ཞིག་རྗེས་ལུས་རེད་ཟེར་མཁན་ཡོད་པ་རེད། དེ་དང་མཉམ་དུ་རང་གི་ལྟ་བའི་ནང་ལའང་ལྟ་བ་རྙིང་བ་སྐོར་ཞིག་འདུས་འདུག སྤྱི་ཚོགས་ཀྱི་གནས་བབ་ཤོར་ཚར་ནའང་ད་རུང་བཟུང་བསྡད་ཡོད་པ་རང་སྟེང་ནའང་འདུག་ཅེས་པ་དེའོ། །
གཅིག་དགུ་བརྒྱད་ཅུ་དང་དགུ་བཅུའི་ནང་དུ་ཕྱི་རྒྱལ་ཀྱི་ལད་མོ་བྱས་ནས་ཁ་ཤས་ཀྱི་མོག་མོག་རིག་པ་ཟེར་བའི་གོ་རྒྱུ་མེད་པ་ཞིག་བྲིས་བས་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ལམ་ལོག་ཏུ་ཁྲིད་སོང་། རྩོམ་པ་པོས་གོ་རྒྱུ་མེད་པ་ཞིག་བྲིས་པ་རེད་ལ་དེ་ཀློག་པ་པོས་ཀྱང་མི་གོ་གི་ཟེར་རྒྱུ་ངོ་ཚ་ནས་བསྡད། རང་ཉིད་དུས་རབས་ཀྱི་རྗེས་ཆོད་ཡོད་ས་མ་རེད་བསམ་ནས་མི་གོ་གི་ཟེར་མ་ཐུབ། དེ་ནས་རྩོམ་རིག་རྒྱ་ཡན་དུ་ཤོར། ཕལ་ཆེར་རྩོམ་སྒྲིག་པ་ལའང་མི་གོ་གི་ཟེར་རྒྱུའི་ནུས་པ་མེད་སོང་བ་འདྲ། ཁོའང་དུས་རབས་ཀྱི་རྗེས་ལུས་རེད་སྙམ་ནས་བསྡད། དེའི་སྟབས་ཀྱིས་སྙན་ངག་གོ་རྒྱུ་མེད་པ་ཞིག་སྤྱི་ཚོགས་ནང་ལ་ཁྱབ་སོང་བ་རེད། དེ་ནས་མི་མང་བས་དེ་ལྟ་བུ་བྲིས་པ་རེད་། ངའི་བསམ་ཚུལ་ལ་དེས་འུ་ཚོའི་རྩོམ་རིག་གི་ཁ་ཕྱོགས་ལམ་ལོག་ཅིག་ལ་བུད་སོང་བསམ།
བཟང་གི་གནས་ལུགས་བཤད་འདུག་ག མི་རྒན་ལ་ཕྱི་ནས་བློ་ཁོག་དང་ཉམས་མྱོང་ལྡང་སེ་བྱུང་ང་། ལས་སླ་པོ་མི་འདུག
ངོ་མ་མཐོང་རྒྱ་ཐོས་རྒྱ་ཆེ་བའི་སྐད་ཆ་མང་གི་་་་་་ཧ་ཅང་བཟང་གི
ངོ་མ་མཐོང་རྒྱ་ཐོས་རྒྱ་ཆེ་བའི་སྐད་ཆ་མང་གི་་་་་་ལྷག་པར་བླ་སྲོག་གི་སྒྲ་བཤད་དེ་སྣང་ལ་འགྲོ་སོང་། ད་དུང་རྩོམ་རིག་གི་ལྟ་བའི་སྐོར་གྱི་བློ་སྐྱེད་གསར་བ་རེ་ཡོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད། རྒན་ལགས། བཀྲིན་ཆེ།
སྲིད་དོན་པའི་དབང་སྒྱུར་གྱི་ཧམ་སེམས་དང་དཔལ་འབྱོར་གྱི་ཧམ་སེམས། སྙན་གྲགས་བཅས་ཀྱི་ཧམ་སེམས་ནི་ཐོག་མཐའ་བར་དུ་གཅིག་པ་ཞིག་རེད། དེའི་རྒྱུ་མཚན་ནི་ཚང་མ་མི་ཡིན་པས་རེད། གནའ་སྔོ་མོའི་མྱི་དང་དེང་སང་གི་མི་ཚང་མར་ཁྱད་པར་གང་ཡང་མེད། འོན་ཀྱང་བྱེད་ཐབས་གསར་བ་མང། གནའ་སྔོན་མ་ལས་སྡུག་པའི་བྱེད་ཐབས་གསར་བ་ཧ་ཅང་མང། མི་ཤེས་དགུ་ཤེས་དང་མི་ལས་དགུ་ལས་ཀྱི་སྤྱོད་ཚུལ་གནའ་ལས་དེང་སང་མང། དེ་བས་རྩོམ་རིག་ནི་གནའ་སྔ་མོར་མིའི་ཀུན་སྤྱོད་དང་བསམ་བློའི་གསོ་སྨན་དུ་གྱུར་བ་ཞིག་ཡིན་ན་དེང་སང་སྨན་འདི་ལྷག་པར་མཁོ།
རྒྱ་ནག་གི་གུང་ཁྲན་ཏང་དེ་སྔོན་གྱི་གུང་ཁྲན་ཏང་ལས་ཇེ་སྡུག་ལ་སོང་ཡོད། རིག་གནས་གསར་བརྗེའི་སྐབས་སུ་ཁ་འགུལ་ན་ཉེས་པར་བརྩི་བ་ཞིག་བྱུང་བ་དེ་ལོ་བཅུའི་རླུང་ནག་འཚུབ་མ་ཞིག་རེད། དེ་དུས་ཀྱི་དམར་སྲུང་དམག་ཟེར་བ་དེ་དག་སློབ་མས་གཙོས་པའི་གཞོན་སྐྱེས་རིགས་མང་ཆེ་བ་རེད། གང་ལྟར་དེ་དག་མི་དམངས་རང་རེད། དེང་སང་དྲག་ཆས་སྤྲས་པའི་དམག་དཔུང་གིས་མི་མང་དྲག་གནོན་དང་དཔོན་ངན་རུལ་སུངས་ཀྱིས་ཐ་ན་སློབ་གསོའི་བྱ་བ་ཡང་མི་གཙང་བར་བཟོས་ཡོད། དེ་བས་མི་ངན་པ་ཇེ་མང་ལ་སོང་ཡོད། ཐ་ན་རྒྱ་ནག་གི་ཟ་ཁང་ལ་འགྲོ་རྒྱུར་ཡང་འཛེམ་གི་ཡོད། འདི་མིའི་གད་སྙིགས་མང་སོང་བས་རེད། སློབ་གསོ་མེད་སོང་བས་རེད། སྨན་པ་ཚོ་ཡང་སྨན་སྤྲོད་མཁན་དང་དུག་སྤྲོད་མཁན་གཉིས་ཀ་རེད།་ད་དུང་སྒོར་མོ་མེད་ན་སྨན་བཅོས་བྱེད་དཀའ། དེས་ན་སློབ་གྲྭ་མང་བ་དང་སྨན་ཁང་མང་སོགས་ཁ་གྲངས་འདིས་ཅི་ཡང་ཕན་གྱིན་མེད། ང་ཚོས་མི་རིགས་ཀྱི་བདེ་སྡུག་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འབྲི་བ་དང་སྐད་ཆ་བཤད་ན་གཅར་རྡུང་དང་བཙོན་འཇུག་སོགས་དྲག་གནོན་བྱེད་ཀྱིན་འདུག་ག
མར་ཁེ་སིའི་ལྟ་བ་བརྩད་དེ་དམག་བརྒྱབ་ཟེར་བ་ལས་དེའི་དར་ཆ་ཕྱར་ཏེ་དབང་བསྒྱུར་ཟེར་ན་དོན་ལ་གནས། ད་དུང་ཡང་དེའི་དར་ཆ་མཐོན་པོར་ཕྱར་ནས་དབང་སྒྱུར་བཞིན་པ་རེད།
འདི་དག་ནམ་རྒྱུན་གྱི་བསམ་ཚུལ་རགས་ཙམ་རིགས་ཁ་ཤས་ཡིན། ངས་བལྟས་ན་གནས་སྟངས་འདི་རིགས་ནི་སྤྱི་ཚོགས་ལ་རྒྱུས་ཡོད་པ་ཚང་མས་གླེང་ཐུབ་པ་ཞིག་རེད།
མཐར་་ཚང་མར་འདྲི་རྒྱུར། ཁྱོད་ཀྱིས་ཅིའི་ཕྱིར་རྩོམ་ཡིག་འབྲི་གིན་ཡོད། རྩོམ་ཡིག་ལ་དོན་ངོ་མའི་རིན་ཐང་ཅི་ཞིག་འདུག རྩོམ་རིག་གི་དགོས་པ་ག་རེ་རེད།
“འབྱོར་མེད་གྲལ་རིམ་གྱི་འཆར་གཞི་ལ་ཞབས་འདེགས་ཞུ་བ”་ཟེར་བ་དེ་”འབྱོར་མེད་གྲལ་རིམ་གྱི་ཆབ་སྲིད་ལ་ཞབས་འདེགས་ཞུ་བ་”ཡིན།
ཡང་མཚམས་མཚམས་ལ་”གཞུང་ལུགས་ཁ་བཤད་”ཟེར་བ་དེ་སྐབས་བསྟུན་གྱིས་”གཞུང་ལུགས་སྐམ་བཤད་”ལ་བཅོས་རོགས།
ཨ་ཁུ་པད་མ་འབུམ་གྱིས་བསམ་བློ་གཏོང་དུ་བཅུག་སོང་།
གོ་རྒྱུ་ཡོད་པ་ཞིག་གསུངས་འདུག དེང་རང་རེའི་སྤྱི་ཚོགས་སུ་གོ་རྒྱུ་གཅིག་ཀྱང་མེད་པའི་རྩོམ་ཡིག་དཔེ་དེབ་ཀྱི་ངོ་གདོང་གང་སར་མཐོན་བཞིན་ཡོད། འོན་ཀྱང་། དཔེ་དེབ་དེ་རིགས་ཀློག་མཁན་དཀོན་པོ་རེད། དེའི་སྟབས་ཀྱིས་དེ་དག་གི་རིན་ཐང་ཤོར་སོང་བ་རེད། དེ་ཙམ་མ་ཟད་རིན་ཐང་མེད་པའི་དཔེ་སྙིགས་དེ་དག་གིས་རང་རེའི་བོད་ཡིག་དཔེ་དེབ་གསར་མཐོན་སྤྱི་ལའང་ཤུགས་རྐྱེན་ངན་པ་མཐོན་བཞིན་ཡོད། ཕན་མེད་ཀྱི་དཔེ་དེབ་མང་སོང་བར་བརྟེན་ཁྲོམ་རའི་ནང་ཚད་ལྡན་གྱི་དཔེ་དེབ་ཡོད་ཀྱང་མི་མང་གིས་ཉོ་འདོད་མི་བྱེད་པ་དེ་ལྟ་བུ་རེད། དེ་དག་ནི་ངོ་མ་རྩོམ་ཡིག་རྐང་གཉིས་འབྲི་ཤེས་པ་ཙམ་གྱིས་རྩོམ་པ་པོར་རློམ་པའི་རག་གན་གསེར་རྗུན་བ་དེ་དག་གི་བྱས་འབྲས་རེད། མདོར་ནས་བཤད་ན། དེས་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་ལ་ཕན་པ་ལས་གནོད་ཆེ་བ་ཡོད་སྲིད་པ་རེད།
ཨ་ཁུ་འབུམ་ལགས། བསམ་ཚུལ་ཞིག་ཞུ་འདོད་བྱུང་། རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་བསྐྲུན་མཁན་ཡིན་ཟེར་བའི་སྐབས་ཀྱི་མི་རིགས་དང་། བླ་སྲོག་གཉིས་སྒྲ་ཡངས་བའི་དབང་དུ་བྱས་ནས་སྔ་མ་ནི་མིའི་རིགས་སྤྱི་དང་ཕྱི་མ་མིའི་ཀུན་སྤྱོད་སོགས་ལ་གོ་ན་ཅིའི་མི་ཆོག རྩོམ་རིག་གིས་གནའ་ནས་ད་བར་མིའི་སྤྱི་ཚོགས་ཁྲོད་བཟང་ངན་གཉིས་ཀྱི་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་བཞག་ཡོད། མ་འོངས་པར་ཡང་དེ་བཞིན་རེད་བསམས། དེའི་ཕྱིར་རྩོམ་པ་པོ་ནི་མིའི་བླ་སྲོག་སྐྲུན་མཁན་རེད་ཅེས་བཤད་ན་ཆོག་གི་འདོད།
དེ་བཞིན་རྩོམ་པ་པོས་སྤྱི་ཚོགས་ལ་འགན་འཁུར་དགོས་རྒྱུ་རེད་འདོད། ངས་བལྟས་ན་དེ་ཁྱེད་ཀྱིས་ཀྱང་མི་འདོད་བཞིན་དུ་ཁས་བླངས་འདུག དེ་ཡང་ཁྱེད་ཀྱིས་”ངའི་བསམ་ཚུལ་ལ་དེས་འུ་ཚོའི་རྩོམ་རིག་གི་ཁ་ཕྱོགས་ལམ་ལོག་ཅིག་ལ་བུད་སོང་བསམ།” ཞེས་རྩོམ་རིག་གི་ཁ་ཕྱོགས་ལོག་ལམ་དུ་འགྲོ་རྒྱུ་ཡོད་པར་འདོད་པས། ལོག་ལམ་དུ་ཁྲིད་མཁན་རྩོམ་པ་པོ་ཡིན་པས་དེའི་ཐོག་ནས་བལྟས་ནའང་འགན་ཞིག་མགོ་ན་འཁོར་གྱིན་མི་འདུག་གམ
ད་ཐེངས་དེ་ཙམ་ཡིན། ཐུགས་རྗེ་ཆེ།
འདས་ད་ལྟ་མ་འོངས་གོ་རིམ་བཞིན།
སྐྱེས་བུ་དང་པོར།
༡༽ངས།
་་་པ་ཡིན།
་་་་བགྱིད་ཡོད།
་་་་བགྱི་ཡིན།
སྐྱེས་བུ་གཉིས་པར།
༢༽ཁྱོད་ཀྱིས།
་་་པ་རེད།
་་བགྱིད་རེད།
་་་་བགྱི་རེད།
སྐྱེས་བུ་གསུམ་པར།
༣༽ཁོས་དང་མོས།
་་་་པ་རེད།
་་་བགྱིད་རེད།
་་་་བགྱི་རེད།
ཡིན་མིན། རེད་མ་རེད།
ང་ཡིན། ང་མིན།
ཁྱོད་རེད། ཁྱོད་མ་རེད།
ཁོ་རེད། ཁོ་མ་རེད།
འདི་རེད། འདི་མ་རེད།
ཡོད་མེད་དང་། འདུག་མི་འདུག
ང་ལ་ཡོད། ང་ལ་མེད།
ཁྱོད་ལ་འདུག ཁྱོད་ལ་མི་འདུག
ཁོ་ལ་འདུག ཁོ་ལ་མི་འདུག
དེ་ལ་འདུག དེ་ལ་མི་འདུག
འདས་ད་ལྟ་མ་འོངས་གསུམ་ལ།
༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
༢༽ འདི་རིང་ ངས་ ཤིང་ གཅོད་བགྱིན་ ཡོད།
༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།