(སྲུང་ཤུབ་བླ་མའི་ངོ་སྤྲོད་མདོར་བསྡུས།)
སྤོབས་པ་མཐའ་ཡས།
ང་བོད་དུ་བསྐྱོད་སྐབས་སུ་ཕ་ཡུལ་གྱི་རི་ཆུ་ཡུལ་ལུང་ལ་ལྟ་སྐོར་དང་གཉེན་ཉེ་ཚོར་ལྷན་འཛོམ་བྱུང་བ་ཙམ་དུ་མ་ཟད། རྒྱ་ཆེ་བའི་དྲ་བའི་ཐོག་གི་གྲོགས་པོ་ཚོར་ཁ་འཁོར་ནས་གླེང་རིན་ཡོད་པ་གཞན་ཞིག་བྱུང་བ་དེ་ནི་མདོ་ཁམས་ཁུལ་ན་སྐད་གྲགས་ཆེ་བའི་མཇེ་ཤུབ་རིན་པོ་ཆེའམ་སྲུང་ཤུབ་བླ་མ་ལ་མཇལ་ཁ་ཞུ་ཐུབ་པ་དེ་ཡིན། ང་ནི་ཕྱིའི་ཡུལ་ལ་འཁྱམས་ནས་ཡུན་རིང་སོང་བས་དེ་རིང་འདིར་བོད་རང་སའི་གསེར་ཁྲིའི་སྟེང་གི་བླ་མ་དང་དངུལ་ཁྲིའི་སྟེང་གི་སྐུ་འདྲ་ཚོར་ཞེན་པ་དེ་ཙམ་མེད་པར་གྱུར་ན་ཡང་། མཇེ་ཤུབ་རིན་པོ་ཆེ་དང་དེ་འདྲ་བའི་དེང་རབས་ཅན་གྱི་བླ་མ་དག་ནི་རྩ་བའི་བླ་མ་དང་གཙུག་གི་ནོར་བུ་ཉིད་དུ་བཀུར་བར་འཛེམས་དོག་གཏན་ནས་མེད་པར་གྱུར་ཡོད།
ངས་མདོ་ཁམས་མཐའ་མཚམས་ཀྱི་གྲོང་བརྡལ་དར་རྩེ་མདོའི་རྡོ་རྗེ་བྲག་དགོན་པ་དང་ཁད་ཉེ་བའི་མགྲོན་ཁང་ཞིག་ཏུ་སྲུང་ཤུབ་རིན་པོ་ཆེ་ལ་མཇལ་ཁ་ཐོབ། དར་རྩེ་མདོ་ནི་དགུན་དུས་སུ་གྲང་ངར་ཆེ་བར་སྐད་གྲགས་ཡོད་ས་ཞིག་ཡིན། གྲང་རླུང་གིས་རྣ་བ་དང་སྣའི་རྩེ་མོར་ཟུར་གཟེར་སློང་བའི་ཞོགས་པ་ཞིག་ལ་ངའི་གནས་ཚང་གིས་བཀོད་སྒྲིག་བྱས་པའི་སང་ཐཱ་ལ་རྟགས་ཅན་གྱི་བཞུད་འཁོར་དེར་བསྡད་ནས་ཁོང་ལ་མཇལ་བར་བསྐྱོད། ཁོང་བཞུགས་པའི་མགྲོན་ཁང་དུ་སླེབས་སྐབས་སུ་ཁོང་ལ་མཇལ་བཅར་ཞུ་མཁན་བཅུ་གྲངས་ཤིག་སྔར་ནས་སླེབས་ཟིན་འདུག་པས་ངས་ཁོང་ཚོར་སྔོན་དུ་བཅར་བཅུག ཁོང་ཚོ་ནི་སྲོལ་རྒྱུན་གྱི་མཇལ་བཅར་བ་ཡིན་པས་ཕྱག་དབང་ཞུས་ཤིང་སྲུང་ཤུབ་གནང་སྦྱིན་བླངས་ནས་ཕྱིར་ལོག་འགྲོ་བས་སྐར་མ་བཅུ་གྲངས་ཤིག་ལས་མ་འགོར་བར་ཚང་མས་མཇལ་ཁ་ཞུས་ཚར་སོང་། ང་ལ་དྲིས་ལན་ཁ་ཤས་གནང་བའི་ཞལ་བཞེས་ཡོད་པ་བཞིན་ལྷོད་མཇལ་ཞུས་ནས་དྲི་བ་ཞིབ་རྒྱས་ཞུ་བའི་གོ་སྐབས་གནང་བྱུང་ལ་གསོལ་ཇའང་ལྷན་དུ་བཞེས་སོང་།
སྲུང་ཤུབ་རིན་པོ་ཆེ་ནི་མདོ་ཁམས་ཁུལ་གྱི་མ་གཅིག་བུ་གཅིག་གི་ཁྱིམ་ཚང་ཅུང་དབུལ་པོ་ཞིག་ཏུ་འཁྲུངས་ཤིང་འཚར་ལོངས་བྱུང་བ་དང་། རྟ་ནོར་ལུག་གསུམ་འཚོ་སྐྱོང་གི་ངལ་རྩོལ་བྱེད་ཞོར་ལ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་རང་སྦྱོང་གིས་བཀླགས་པའི་བཀའ་དྲིན་ལ་བརྟེན་ནས་འབྲི་ཀློག་ལ་བྱང་བར་གྱུར། གླིང་གེ་སར་རྒྱལ་པོ་ནི་ཁོང་གིས་ཡིད་སྨོན་བྱེད་པའི་མི་སྣ་ཞིག་ཡིན་ཆོག་སྟེ། གླིང་གེ་སར་རྒྱལ་པོ་མ་གཅིག་བུ་གཅིག་གི་དབུལ་པོ་ཚང་ཞིག་ལ་འཁྲུངས་ཤིང་ཐ་མར་འཛམ་གླིང་ཧྲིལ་པོའི་རྒྱལ་པོར་གྱུར། དེ་ལྟ་བུའི་མདོ་ཁམས་མཐོ་སྒང་གི་དཔའ་བོའི་རྟོགས་བརྗོད་རིང་མོ་དེ་ནི་ཁོང་ཆུང་བྱིས་པའི་དུས་ནས་སེམས་གཏིང་ལ་ཟུག་པའི་སྤོབས་པ་དང་སྙིང་སྟོབས་གཞལ་དུ་མེད་པའི་ས་བོན་ངོ་མ་དེ་ཡིན་ཡང་སྲིད། ཁོང་ནར་སོན་སྐབས་སུ་ཁོང་མ་བུ་གཉིས་ཀྱིས་བསམ་གཞིག་ནན་པོས་གཏན་ནས་ནོར་མེད་པའི་ཁོང་ལ་མི་ཚེའི་མདུན་ལམ་ཞིག་བདམས་པ་དེ་ནི། ཁོང་གིས་འཇིག་རྟེན་འཁོར་བའི་ཁྱིམ་གཞིས་སྐྱོང་བ་བློས་བཏང་ནས། རབ་ཏུ་བྱུང་ཞིང་སྐད་གྲགས་ཆེ་བའི་ཆོས་སྒར་ཞིག་ཏུ་ཞུགས། འཛམ་གླིང་ཤར་ཕྱོགས་ཀྱི་མུ་ཏིག་ཏུ་གྲགས་པའི་ནང་བསྟན་ལྟ་གྲུབ་ཀྱི་རིག་གཞུང་ཆེན་པོ་དེའི་རྩ་བ་ནས་རྩེ་མོའི་བར། སྡོང་པོ་ནས་ཡལ་གའི་བར་དུ་སྦྱངས་པ་དེ་ཡིན་ཞིང་། དེའི་སྐབས་སུ་རིག་པ་རྣོ་བ། སྤྱོད་ལམ་དུལ་བ། རང་གཤིས་བཟང་བའི་སྐད་གྲགས་ཡོད་པ་ཞིག་ཡིན་སྐད།
ཁོང་གིས་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་ནང་བསྟན་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་བྱས་པའི་རྗེས་སུ་དཀའ་ཚེགས་དང་མི་ཁ་གང་ལ་ཡང་མི་འཛེམས་པར་དུས་སུ་བབ་པའི་མཛད་པ་ཕྲིན་ལས་ཤིག་གི་ལས་འགན་ཁུར་དུ་བླངས་པ་དེ་ནི། མང་ཚོགས་རྣམས་ནད་ངན་ཨེ་ཙིའི་འཇིགས་པ་ལས་གྲོལ་བའི་ལས་འགུལ་སྤེལ་རྒྱུ་དང་། ན་གཞོན་མངལ་ཆགས་པའི་རྐྱེན་ངན་ཉུང་འཕྲི། འཆར་གཞི་མེད་པའི་བུ་ཕྲུག་ཆགས་པའི་དཀའ་ངལ་འདི་སྤྱི་ཚོགས་ཁྲོད་ཀྱི་སྡུག་བསྔལ་ཆེན་པོ་ཞིག་ཏུ་གཟིགས། ཁོང་གིས་དཀའ་ངལ་དེ་སེལ་བར་ནུས་པ་རེ་འདོན་པའི་ཆེད་དུ་ལག་ཏུ་གང་བྱུང་བའི་རྒྱུ་དངོས་ཡོངས་རྫོགས་སྤྱད་ནས་དགེ་རྒན་གདན་དྲངས་ཞིང་མང་ཚོགས་ལ་ཆགས་སྤྱོད་ཉེན་འགོག་ཤེས་བྱ་སློབ་འཇུག་པ་དང་། དཔེ་དེབ་འདྲ་རིས་སོགས་བརྒྱུད་ནས་ཆགས་སྤྱོད་ཉེན་འགོག་གི་ཤེས་བྱ་ཁྱབ་སྤེལ། ལྷག་པར་ཡང་འཕྲལ་སེལ་གྱི་མཐུན་རྐྱེན་དུ་དེང་དུས་སུ་སྲུང་ཤུབ་ཏུ་གྲགས་པའི་སྐྱེ་འགོག་འགྱིག་ཤུབ་འབོར་ཆེན་ཉོས་ནས་མང་ཚོགས་ལ་རིན་མེད་དུ་སྦྱིན།
ཆོས་ཟབ་ས་ན་བདུད་ཟབ། ཅེས་པའི་དཔེ་བཞིན་དུ་ཁོང་གི་ལས་ཀ་དེར་དཀའ་ངལ་འགོག་རྐྱེན་མེད་པ་ཞིག་ག་ལ་ཡིན། མང་ཚོགས་ཁྲོད་དུ་ཁོའི་མིང་ནས་འབོད་དགོས་ན་ཡང་ངོ་ཚ་ལྟ་བུར་རྩི་མཁན་མང་བའི་དུས་ཚོད་ཅིག་ཀྱང་བྱུང་བ་དང་། ཐ་ན་རང་གི་དགེ་རྒན་ཆོས་གྲོགས་སོགས་བཙུན་པ་ཚོས་ཀྱང་“མཇེ་ཤུབ་ཀྱི་སྦྱིན་པ་གཏོང་བ་དེ་ནི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེའི་སྐྱེ་སྒོ་བཀག་པ་ཡིན་པས་སྡིག་པ་ཚབ་པོ་ཆེ་གསོག་བཞིན་ཡོད་”ལུགས་ཀྱི་གཏམ་འཆལ་སྤེལ་བ་དང་། དེ་བཞིན་དུ་གསེར་གྱི་སྲང་ཁ་མི་མཐོང་ཞིག་ཆུ་ཡི་ཕོར་ཁ་རྩོད་མཁན་གྱི་མི་རིགས་ལ་རྒྱ་བ་སྐོར་ཞིག་གིས་ཀྱང་། “བླ་རྒན་དེས་མཇེ་ཤུབ་ཀྱི་ཆར་བ་ཕབ་པས་གྲངས་ཉུང་བོད་མི་རིགས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བྱེད་ཀྱིན་འདུག་”ཅེས་བརྡིགས་དམོད་བྱས།
ལྷག་པར་ཡང་། མང་ཚོགས་ཀྱི་ཞབས་འདེགས་ལས་གཞན་པའི་ཆོས་ཞེས་པ་ལོགས་སུ་འདོད་མཁན་གྱི་ཇུས་གཏོགས་པ་སྐོར་ཞིག་གིས་ནི་“བླ་མས་ཆོས་མི་བསྒྲུབ་པར་རྒད་པོ་རྒན་མོ་ཚོའི་མཇེ་སྟུ་ལ་ཇུས་གཏོགས་བྱེད་ཀྱིན་འདུག་”ཅེས་འཕྱ་སྨོད་བྱེད་མདོག་བྱེད་མཁན་མང་པོས་ཁོང་ལ་སྐུ་ཚེགས་འོ་བརྒྱལ་མང་པོ་བཟོས་འདུག ད་དུང་ཁ་སྐྱག་ལངས་ལ་ཤོར་མཁན་སྐོར་ཞིག་གིས་ཤེས་བཞིན་དུ། “མི་དེ་གང་དུ་འགྲོ་ན་ཡང་མཇེ་ཤུབ་རླངས་འཁོར་གང་རེ་མཉམ་འཁྱེར་བྱེད་ལུགས་ལ་བལྟས་ན་མི་དེས་དེ་འདྲ་ཆགས་སྤྱོད་མང་པོ་ཞིག་ག་འདྲ་བྱས་ནས་བྱེད་ཐུབ་པ་ཡིན་ནམ།” ཞེས་ཁ་མཚར་རྩེད་ཁུལ་གྱིས་དོན་མེད་དུ་ཁ་སྡིག་བསགས་མཁན་ཡང་མང་པོ་ཡོད་འདུག ད་དུང་ཁོང་ཕྱིར་རང་ཉིད་བཞུགས་ཤིང་སློབ་སྦྱོང་མཛད་སའི་ཆོས་སྡེ་རུ་ལོག་སྐབས་སུ་མཆེད་གྲོགས་དགེ་རྒན་མང་པོས་ཁོང་ལ་ཁ་གྲག་པར་གཡོལ་མྱོང་སྐད།
སྐབས་དེ་དག་ཏུ། མཇེ་ཤུབ་རིན་པོ་ཆེས་ཐུགས་ཐག་ཆོད་པོའི་སྒོ་ནས་ཁོང་གི་སྒྲུབ་བཞིན་པའི་བྱ་བ་དེ་ནི་སྟོན་པ་སངས་རྒྱས་ཀྱི་དགོངས་དོན་དང་མཐུན་པ། སྤྱི་ཚོགས་ལ་ཁེ་ཕན་ཡོད་པ། འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པའི་བྱ་བ་ཞིག་ཡིན་པས་རང་ཉིད་བཙུན་པ་ཞིག་གིས་བསྒྲུབ་འོས་པ་དང་། བསྒྲུབ་དགོས་པ། སྒྲུབ་པའི་དུས་པ་བབ་པའི་སྤྱི་ཚོགས་ཀྱི་ཞབས་འདེགས་ཡིན་པའི་ངེས་ཤེས་བརྟན་པོ་དང་། རིག་པ་གསལ་པོ། ཡིད་ཆེས་ཟབ་མོས་མུ་མཐུད་ནས་བསྒྲུབས་ཤིང་། འགྱིག་ཤུབ་ཉོ་བའི་མ་རྩ་མེད་པས་འུ་ཐུག་ནས་ཐ་ན་རང་གི་ཁྱིམ་ཚང་ལ་ཕ་མེས་ཀྱི་རིང་ནས་ཡོད་པའི་ཆོས་ལུགས་ཀྱི་མཆོད་རྫས་ཁ་ཤས་ཀྱང་ཚོང་བསྒྱུར་བྱས་ནས་མཇེ་ཤུབ་སྦྱིན་པ་བཏང་པའི་ལོ་རྒྱུས་འདུག
ཡིན་ན་ཡང་། བྱ་བ་བཟང་པོ་ལ་ནམ་ཡིན་ཡང་ཡ་རབས་ཀྱི་སྐྱེ་བོའི་དོ་སྣང་ཐོབ་པ་ཞིག་ཡིན་སྟབས་རྒྱ་ནག་གི་གཞུང་འབྲེལ་མིན་པའི་འཕྲོད་རྟེན་རྩ་འཛུགས་མང་པོ་ཞིག་དང་། ཆོས་དད་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཕྱི་ནང་གི་ལྷག་བསམ་ལྡན་པའི་མི་སྒེར་མང་པོ་དང་། རྒྱལ་ཚོགས་མཉམ་འབྲེལ་གྱི་འཕྲོད་རྟེན་རྩ་འཛུགས། རྒྱལ་སྤྱིའི་ཨེ་ཙིའི་སྔོན་འགོག་རྩ་འཛུགས་སོགས་ཀྱིས་ཁོའི་བྱ་བ་ལ་གཟེངས་བསྟོད་ཀྱི་མེ་ཏོག་གཏོར་ཞིང་རོགས་སྐྱོར་གྱི་ཆར་པ་ཕབས། ད་གཟོད་བོད་མང་ཚོགས་ཀྱང་གཉིད་ལས་སད་པ་བཞིན་དུ་མཇེ་ཤུབ་རིན་པོ་ཆེའམ་སྲུང་ཤུབ་བླ་མ་ལ་གུས་པའི་ལྷ་ཕྱག་གྱང་འགྱེལ་བ་བཞིན་འཚལ་མགོ་ཚུགས་འདུག ང་ཡང་ཁོང་ལ་ཕྱག་འཚལ་བར་ཐོགས་པ་མེད་མཁན་གྱི་གྲས་ནས་གཅིག་ཏུ་གྱུར། ཁོང་གི་མཛད་པ་ཕྲིན་ལས་དེས་བོད་མི་ལས་བྱེད་པ་རྒན་ཡོལ་འབྱོར་ལྡན་ཞིག་གི་ཡིད་སེམས་ཡོངས་སུ་འཕྲོག་ཏེ་རང་གི་ཟླ་ཕོགས་ཀྱི་ཕྱེད་ཀ་གཏན་འཇགས་ཀྱི་མཇེ་ཤུབ་བླ་མ་ལ་འབུལ་བཞིན་ཡོད་སྐད།
ན་ནིང་ནས་བཟུང་ཧྲང་ཧེ་རྫས་འགྱུར་ཐོན་རྫས་ཚད་ཡོད་བཟོ་ཚོང་ཁང་ལ་མངགས་བཅོལ་བྱས་ཏེ་བདུད་རྩི་བུམ་པ་རྟགས་ཅན་གྱི་སྲུང་ཤུབ་གསར་བཟོ་བྱས། ལོ་མའི་ཁ་རྒྱན་ཅན་གྱི་བུམ་པ་དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་དེ་ཉིད་མགོན་པོ་ཚེ་དཔག་མེད་ཀྱི་སྐུར་བཞེངས་པའི་ཕྱག་མཚན་ཡིན། དེ་ལས་འགྲོ་བ་མི་རྣམས་ནད་མེད་བདེ་ཐང་དང་ཚེ་རིང་པོ་ཡོང་བའི་རྟགས་དང་རྟེན་འབྲེལ་ཡོད་པ་ཡིན་འདུག བདུད་རྩི་བུམ་པ་རྟགས་ཅན་གྱི་སྲུང་ཤུབ་ནི་སྲབ་འཇམ་མཉེན་གསུམ་གྱི་སྤུས་ཚད་ཆེས་མཐོ་ཤོས་ཀྱི་འགྱིག་ལྤགས་ལས་གྲུབ་པ་དང་། ཁ་ཏོག་མི་འདྲ་བ་སྣ་ཚོགས་དང་། བོད་ཡིག་གི་ལམ་སྟོན་ཡིག་ཆུང་བཀོད་ཡོད་པ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྲུང་ཤུབ་རིགས་གཅིག་པོ་དེ་ཡིན་སྐད།
ངས་ཁོང་དང་ལྷན་དུ་བཀའ་མོལ་ཞུ་སྐབས་སུ་ངས་ནམ་ཡང་མི་བརྗེད་པའི་སྐད་ཆ་གནད་འགག་ཅན་འདི་འདྲ་ཞིག་གསུངས་བྱུང་། དེ་ཡང་། “མཇེ་ཤུབ་ནི་བཀྲ་ཤིས་པའི་ཅ་དངོས་ཤིག་རེད། འདི་ནི་ཆོས་ཕྱོགས་ནས་བཤད་ན་སྟོན་པ་སངས་རྒྱས་ཀྱི་ཐུགས་རྗེ་བྱིན་རླབས་ལས་བྱུང་བར་འགྲེལ་ཆོག་ལ། ང་ལ་སྟོན་པ་ཤཱཀྱ་ཐུབ་པ་ལས་ལྷག་པའི་དགའ་ས་ཞིག་དང་དེ་ལས་ལྷག་པའི་དད་ས་ཞིག་ས་སྟེང་འདིར་མེད།
ཡིན་ན་ཡང་། ང་རང་ངོས་ནས་གལ་སྲིད་སྤྱི་ཚོགས་ཁྲོད་དུ་ཆགས་སྤྱོད་ཉེན་འགོག་ཤེས་བྱ་ཁྱབ་སྤེལ་སོགས་ལ་ཕན་ཐོགས་ཡོད་ན་སྟོན་པ་སངས་རྒྱས་ཀྱི་སྐུ་འདྲ་རེ་མཇེ་ཤུབ་རེའི་ནང་དུ་བཅུག་ནས་དད་ལྡན་ཚོར་འབུལ་དགོས་ན་ཡང་བྱེད་ཆོག དེ་སྟོན་པ་ལ་མ་གུས་པ་ཞིག་རེད་གཏན་ནས་བསམ་གྱིན་མེད།” ཅེས་གསུངས་བྱུང་བས་ངས་ཁོང་གི་ཡིད་ཆེས་བརྟན་པོ་དང་། གནས་ལུགས་རིག་པས་གཞལ་བའི་སྐད་ཆ་དེས་སེམས་འགུལ་ཚད་མེད་ཅིག་ཐེབས་བྱུང་། གཞི་ནས་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་ཞེས་པ་དེ་ག་འདྲ་ཞིག་ཡིན་པ་དང་། དེ་ཉམས་སུ་ལེན་མཁན་གྱི་སྐྱེས་བུ་དམ་པ་ཚོའི་རང་གཤིས་བཅོས་མིན་དང་། སྙིང་སྟོབས་ཀྱི་རང་གཟུགས་ཀྱང་མངོན་ཏུ་མཐོང་ནུས་པ་བྱུང་།
ང་མགྲོན་ཁང་དེ་ལས་ཕྱིར་བུད་སྐབས་སུ་ཆེས་བརྗིད་ཆགས་ཤིང་འོད་མདངས་ལྷམ་མེར་འཕྲོ་བའི་དར་མདོ་རྡོ་རྗེ་བྲག་དགོན་པའི་གསེར་གྱི་རྒྱ་ཕིབས་ལ་ཉི་འོད་ཀྱིས་འཁྱུད་པ་ཏག་ཏག་མིག་ལམ་དུ་བརྒྱུད་བྱུང་། སྐབས་དེར་ངའི་སེམས་ལ་བོད་མིའི་ངག་རྒྱུན་དུ་ཡོད་པའི་‘སྐྱེས་ཆེན་དམ་པ་གསེར་གྱི་རི་བོ་ལྟ་བུ་’ཞེས་པ་དེ་ཡིད་ལ་འཁོར་བྱུང་། དེ་དང་ཆབ་ཅིག་ཏུ་གངས་ཅན་བོད་ཆེན་པོའི་ལྗོངས་ཀྱི་སྲུང་ཤུབ་བླ་མ་དང་སྲུང་ཤུབ་བླ་མ་ལྟ་བུའི་སྐྱེས་ཆེན་དམ་པ་གསེར་གྱི་རི་བོ་ལྟ་བུ་ནམ་མཁའི་སྐར་ཚོགས་ལན་མང་བ་དག་སེམས་ལ་འཁོར་ནས་ཡིད་ཆེས་དང་སྤོབས་པ། དད་པ་དང་དུང་བའི་སྣང་བ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ནས་མིག་མཐའ་ལས་མཆི་མ་དབང་མེད་དུ་རྡོལ་བར་གྱུར།
གསར་རྒོད་ཞིག་གི་ལག་ལ་ཤོར་ན། སྲུང་ཤུབ་ལ་ཅི་འདྲའི་རྒྱུ་སྤུས་ལྡན་ན་ཡང་། རྟེན་ནི་མ་རེད། རལ་འགྲོ་ནོ་རེད། དེ་འདྲ་ཐེད་སོང་བའི་ཆག་སྒོ་མང་པོ་བཤད་ཡ་ཡོད།
དོན་དངོས་སུ་ནད་འགག་ཐབས་རེད་དམ། ལུས་འཁོར་བ་འགག་ཐབས་རེད། འདི་གཉིས་ཁ་ཁ་རེད། འགག་ལམ་ཡང་ཁ་ཁ་རེད། ངས་བལྟས་ན། སྡེ་བ་རེ་ནས། འཆལ་བོ་འཆལ་མོ་ཚོ་ལས་གཞན་ལ་སྲུང་ཤུབ་སྟེར་དགོས་བ་འདྲ་བོ་མཐོང་གི་མི་འདུག། གང་ལྟར་བླ་མ་དེ་གཅིག་ཐོག་ཞེ་བོ་ཞིག་ཡོད་ས་རེད། བཟང་གི། བྱུང་ན་ཨེ་སུ་ནད་པ་ལ་ནད་སྡེ་ཟེར་ནིའི་འདུས་སའི་འཁོར་ཡུག་ཞིག་ལས་དགོས་ནི་རེད།
སྲུང་ཤུབས་ཞེས་ས་མཐའ་ཞིག་བཏགས་ན་མི་ཆོག་གམ
འགྱིག་ཤུབས་ཀྱི་ཡོན་ཏན།
དུས་མ་ཡིན་པའི་ཕྲུ་གུ་འགོག །
གཞན་ནད་རང་ལ་འགོས་ལ་འགོག །
རང་ནད་གཞན་ལ་འགོས་ལ་འགོག །
འགྱིག་ཤུབས་འཁོར་བའི་འགོག་བདེན་འདྲ། །
བརྗོད་པ་ཟད་པ་མཇེ་སྟུར་ཐུག
རྩོམ་ཡིག་ཟད་པ་མཇེ་སྟུར་ཐུག
སྨྲ་བ་ཟད་པ་མཇེ་སྟུར་ཐུག
ལས་རྒྱུ་ཟད་པ་མཇེ་སྟུར་ཐུག
ཐམས་ཅད་ཟད་ནས་ཅི་སྨྲ་མེད།
བླ་མ་དེ་དགེ་ལུགས་པ་ཞིག་ཡིན་པ་ཡོད།
ཆོས་བརྒྱུད་གང་ལ་གཏོགས་ན་གཏོགས། མཇེ་ཤུབས་བླ་མ་ལ་ངས་ཀྱང་ཕྱག་འཚལ་ས་རེད།
ཨོཾ་མཇེ་ཤུབས་བླ་མ་ལ་ཕྱག་འཚལ་ལོ།།
གསར་རྙིང་གང་ཡིན་ནའང་སྐྱེ་འགྲོ་ལ་ཕན་ན་བླ་མ་བཟང་པོ་རེད། དེ་ལ་ཆོས་ལུགས་དང་གྲུབ་མཐའ་གང་ཡིན་འཚལ་དགོས་ཡ་མི་འདུག