གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།
ཕྱི་ཟླ་༢ ཚེས་༡༩ ཉིན། སྤེལ་ལྗམ་རྒྱལ་ས་སྦར་སིལ་དུ་ཡོད་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་(Tibet Intergroup)ཚོགས་འདུ་ཐེངས་བརྒྱ་ཐམ་པ་དེ་ཚོགས་སོང་ལ། ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Thomas Mann ཐོ་མ་སི་མན་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁོང་གིས་ཐོག་མར་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱིས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་སྐོར་ལ་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་སྤེལ་ཡོད་པའི་སྐོར་ངོ་སྤྲོད་དང་འབྲེལ། ༧གོང་ས་མཆོག་གིས་ཐེངས་འདིའི་ཚོགས་ཐེངས་བརྒྱ་ཐམ་པའི་སྟེང་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱངས་གནང་།
དེའི་རྗེས་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་དོན་རྒྱབ་སྐྱོར་ཐད་ལ་བསམ་ཚུལ་ཉིང་བསྡུས་རེ་གནང་། ཚོགས་འདུའི་སྟེང་ཆེད་དུ་གདན་འདྲེན་གནང་བའི་༧གོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་྄འགུལ་ཁང་གི་འགན་འཛིན་གསར་བ་སྐུ་ཞབས་Matteo Mecacci ལགས་གཉིས་ནས་བོད་དོན་གཏམ་བཤད་གནང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སི་པན་གྱི་ཁྲིམས་རྩོད་པ་Mr. Alan Cantos དང་Mr. José Elias Esteve Molto་བཅས་ཀྱིས་ལོ་ངོ་མང་པོའི་རིང་སི་པན་རྒྱལ་ཡོངས་ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཟུར་བ་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་ལྔ་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་མེད་བཏང་བའི་ནག་ཉེས་ཁྲིམས་གཏུགས་བྱས་པའི་བརྒྱུད་རིམ་དང་རྒྱབ་ལྗོངས་སྐོར་ངོ་སྤྲོད་གནང་བ་དང་། སི་པན་རྒྱལ་ཡོངས་ཁྲིམས་ཁང་ནས་རྒྱ་ནག་གི་འགོ་ཁྲིད་འཛིན་བཟུང་བྱེད་དགོས་པའི་བཅད་ཁྲ་བཏང་ཡོད་པ་དེ་ལ་རྒྱ་གཞུང་གིས་སི་པན་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་སྐོར་ངོ་སྤྲོད་གནང་།
མཐར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་མ་འོངས་འགོ་ཁྲིད་སྐོར་གྱི་ཟབ་སྦྱོང་ཞིག་སྤྲད་པ་བརྙན་འཕྲིན་དུ་བཟོས་པ་མི་མང་ལ་གཟིགསའབུལ་གནང་། ཉིན་དེའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་ཐེངས་བརྒྱ་བའི་སྟེང་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་གཙོས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་འགན་འཛིན་ཚེ་རིང་བྱམས་པ་ལགས། ཡུ་རོབ་གྲོས་ཚོགས་འཐུས་མི་དང་ལས་བྱེད་ཁག་ཅིག བོད་དོན་རྒྱབ་སྐྱོར་བ། སྤེལ་ལྗམ་གནས་སྡོད་བོད་རིགས་བཅས་མི་གྲངས་༢༠༠ ཙམ་ཚོགས་ཞུགས་གནང་ཡོད་པ་རེད།
སི་པན་གྱི་ཁྲིམས་རྩོད་པ་Mr. Alan Cantos དང་Mr. José Elias Esteve Molto གཉིས།
༼༧གོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས༽ཞེས་བཀོད་ཡོད་པས། སྐུ་ངོ་སྐལ་རྒྱམ་ག་དུས་དམིགས་བསལ་སྐུ་ཚབ་ལ་བསྐོ་འཇོག་གནང་བ་རེད་དམ།
བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་རྒྱའི་སྟེང་༧གོང་ས་མཆོག་གིས་ཚོགས་ཆེན་འདི་ལ་བསྩལ་བའི་གསུང་འཕྲིན་བཀོད་འདུག་ལ། སྐལ་རྒྱམ་ལ་༧གོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་ཅེས་གསལ་འདུག http://tibet.net/2014/02/20/his-holiness-the-dalai-lama-sends-message-to-european-parliaments-meeting-on-tibet/