གངས་མྱིག
——-སྲས་འཇིགས་མེད་ནོར་བུར་རྗེས་དྲན་དུ།
གཅིག
ཡབ་རྗེ་དམ་པའི་ཞལ་ཆེམས་ཀྱིས་ཁྱེད་ཉིད་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་རྡོ་རིངས་སུ་བཞེངས་འགོ་ཚུགས་པ་ནས། ཁྱེད་ཀྱི་ཡིད་སེམས་ནི་ཅི་འདྲའི་སྐྱེད་ཡངས་ཤིག་ཨང་། སེམས་ཁོང་ཡོད་ཚད་ལ་མི་རིགས་གཅིག་གི་བདེ་སྡུག་ལས་དབང་གི་མཚོ་མོ་བསྐྱིལ་ཅིང་། མིག་ལམ་ཡོད་ཚད་ལ་ཡིད་ཆེས་དང་སྤོབས་ཉམས་ཀྱི་རེ་འོད་འཚེར་འཚེར། ཅི་ཞིག་ལ་དུང་བ་ལྟར། འཛམ་གླིང་གི་ཡུལ་གྲུ་དུ་མའི་གཞུང་ལམ་ཇི་སྙེད་ཅིག་འཕྲད་ཀྱིས་བཅད་ཅིང་རྐང་བས་མནན་ཏེ། བདེན་པའི་སྟོབས་ཀྱིས་གཤེགས་ཚེ། ཁྱེད་ཀྱི་གོམ་པ་རེ་རེ་དང་། ང་ཚོའི་གོམ་པ་རེ་རེའི་དབར་ན་ཅི་འདྲའི་རྒྱང་ཆད་ཀྱི་བར་ཐག་ཅིག་དང་། ཅི་འདྲའི་ལྕི་ཡང་གི་ལྗིད་ཁོག་ཅིག
གཉིས།
ལོ་རྒྱུས་ཤིག་གི་དཀྱོགས་མཚམས་ནས། ཁྱིམ་རྒྱུད་ཅིག་གི་བརྒྱུད་རིམ་ནས། ཁྱེད་ནི་མི་རབས་གསུམ་གྱི་དབར་བོད་མིའི་“སྒེར་ཚུགས་’’རང་དབང་ལ་གོམ་བྱང་འབྲི་མཁན་གྱི་རུས་ཚུགས་གཙོ་བོ་སྟེ། ཁྱེད་ལའང་ང་ཚོ་བཞིན་རྣམ་ཤེས་ཡོད་ལ། རྨི་ལམ་ཡོད། ད་དུང་ཁྱིམ་རྒྱུད་ཡོད་ལ། གསང་བའང་ཡོད། ཡིན་ནའང་ཁྱེད་ཀྱིས་ཡོད་ཚད་ལ་རྡོག་རྫུས་བཏང་སྟེ། ཡབ་ཆེན་དམ་པའི་ཞལ་ཆེམས་གཉེར་བ་ནི། བུ་རྒོད་པོ་ཞིག་གི་མི་གཞིའི་རང་རྟགས་དེ་ཅི་ལ་མི་མཚོན།
གསུམ།
འདང་རྒྱག་ཕྱོགས་གིས་བལྟས་ཚེ། ཁྱེད་ཀྱི་རུས་རྐང་དེ་ཡང་ཕ་རྒྱུད་སྤྲེའུའི་རིགས་ཀྱི་རུས་རྐང་ཡིན་ལ། ཁྱེད་ཀྱི་ཤ་ཁྲག་དེ་ཡང་མ་རྒྱུད་སྲིན་མོའི་རིགས་ཀྱི་ཤ་ཁྲག་དྲོན་མོ་ལོས་ཡིན། དེར་བརྟེན་ཁྱེད་ཀྱིས་ཡབ་ཆེན་དམ་པའི་“ཞལ་ཆེམས་’’གཅིག་པོ་ཞིག་དང་དུ་བླངས་པ་ཁོ་ན་ག་ལ་ཡིན། ཁྱེད་ཀྱི་རུས་པའི་ཁོང་གསང་རྣམས་སུ་ཡང་། བོད་མི་རིགས་ཀྱི་ཁ་ཕོར་ལ་ཞེན་པའི་སྙིང་གི་འཕེར་རྩ་ཞིག་ཡོད་ལ། དེ་ནི་ཕ་དམ་པའི་“ཞལ་ཆེམས་’’སུ་མེ་ལ་བུད་ཤིང་གི་ཚུལ་དུ་སོང་བ་ལའང་དཔྱོད་ལྡན་སུ་ཞིག་གིས་བསྙོན་འདིང་བར་ནུས།
བཞི།
འདི་ལྟར་གཞིགས་ཚེ། ཁྱེད་ནི་ཡབ་སྟག་འཚེར་གྱི་ཁྱིམ་ས་ནས་འཚར་བའི་རྒྱ་སྟག་ངར་མ་ཞིག ཞལ་ཆེམས་སྙིང་ལ་བཅགས་པའི་ཉིན་དེ་ནས། ཁྱེད་ཀྱིས་ཡོད་ཚད་རང་ཉིད་ལ་མི་དབང་བར་སྡོམ་ཚིག་ཐེབས་ཡོད་ལ། ཐ་ན་རང་ཉིད་ཀྱི་ཚེ་སྲོག་དེའང་རླུང་ནང་གི་མར་མེའི་རྗེས་སུ་རྐང་བ་འཇོག་པ་ཤེས་བཞིན་དུ། སུ་ཞིག་ལའང་མི་འཇིགས་ཤིང་མི་འཁྲེན་པའི་ཞུན་མེད་སྙིང་སྟོབས་སྐྱེད་དེ། རང་གི་གཅེས་པའི་ཚེ་སྲོག་གཅིག་པོ་དེ་ཡང་། བོད་ས་སྟག་ལོའི་“ སྒེར་ཚུགས་’’ཀྱི་འབོད་སྒྲའི་དབྱངས་རྟ་དང་བསྡོངས་ནས་རྫོགས་ཚིག་བཏབ་སྟེ། ཁ་སང་དེ་ལྟར་བོད་མི་རིགས་ཀྱི་ལས་དབང་གླེང་དུ་འཇུག་སྐབས། ཁྱེད་རང་འཆི་མེད་པ་ཤེས་ལ། ཁྱེད་རང་ནམ་ཞར་ཡང་བོད་མིའི་སེམས་ཁོང་གི་རྒྱ་སྟག་གསོན་པོ་ཞིག་གོ །
ཁོང་ཕ་བུ་དག་གིས་བོད་ལ་བྱས་པ་ནི་བླ་ན་མེད། ནམ་ཡང་གུས་སྐུལ་དང་ཡིད་རང་ཞུ།
ཁ་ཞེ་གཉིས་མེད་ཀྱིས་བོད་རང་བཙན་རྩོད་པ་རྒྱབ་སྐྱོར་ཡོད།