___སྲས་འཇིགས་མེད་ནོར་བུར་རྗེས་དྲན་དུ།
རྡོ་རྗེ་རིན་ཆེན།
ཐུ་བྷོད་བཙན་པོ་གཤེགས་པའི་བཤུལ་ལམ་རིང་།།
སྒང་བ་བོད་ཀྱི་“སྒེར་ཚུགས་’’དེ་བས་རིང་།།
ཟུབ་ཏུ་མེད་ལ་བཅོས་ཀྱང་མི་འགྱུར་བའི།།
ལོ་རྒྱུས་འདི་ཀོ་སུ་ཡིས་བློས་གཏོང་ཕོད།།
བདེན་པའི་འབོད་སྒྲ་འཛམ་གླིང་ཁྲོམ་ལ་བསྒྲགས།།
རེ་བའི་ཐ་མ་ཞལ་ཆེམས་བུ་ལ་བཞག།
མི་རབས་གསུམ་གྱིས་“སྒེར་ཚུགས་’’གཏམ་རྒྱུད་བྲིས།།
ལོ་རྒྱུས་འདི་ནི་གསེར་གྱི་གླེགས་བུ་ཞིག།
གཞོན་ནུའི་འཛུམ་ཞལ་ནུབ་ཕྱོགས་ཡུལ་ནས་གྲོལ།།
མི་ཚེ་སྙིང་པོ་བདེན་པའི་དོན་དུ་བསྟབས།།
སྐྱེས་པའི་མི་ལ་བྱས་པའི་ལས་ཡོད་ཀྱང་།།
གཞན་དག་ལས་ཀྱིས་འདི་ལ་བསྒྲུན་དུ་མེད།།
ཞལ་ཆེམས་སྙིང་ལ་བཟུང་བའི་རང་ཚུགས་བརྟན།།
བདེན་པ་བདེན་སར་སྐྱེལ་བའི་ཆོད་སེམས་ཆེ།།
རང་སྲོག་ཐེད་ལ་བོར་བའི་བཟོད་བརྩོན་ལྡན།།
མི་གཞི་འདི་ལ་རིགས་ཀྱི་ཆེ་བ་ཞིག།
རང་དོན་བརྩོན་པའི་སྐྱེ་བོ་བགྲང་ལས་འདས།།
རང་དགར་འཆི་བ་ས་ཡི་རྡུལ་དང་མཉམ།།
རང་ལས་གཞན་ཕྱིར་གཅེས་སྲོག་འདོར་བའི་ཚུལ།།
མིག་བརྒྱ་སྤྲུལ་ནས་བཙལ་ཀྱང་ཉིན་སྐར་ཙམ།།
ཆེན་པོ་རྣམས་ནི་ངོ་སོ་གཏམ་ལ་དགའ།།
དམན་པ་རྣམས་ནི་རང་དོན་ལས་ལ་གཞོལ།།
སྤྱི་དོན་རིས་སུ་བོར་བའི་རྡུལ་འཚུབ་ཁྲོད།།
མི་བུ་ཁྱོད་ནི་རྒྱ་སྟག་ངར་མ་ཞིག།
སྐུའི་ཚ་བོ་ཁྱེད་རང་རྒྱལ་གྱུར་ཅིག ཡང་བསྐྱར་བོད་པ་ཞིག་ལ་སྐྱེ་ཡོད་པའི་རེ་བ་ཡོད།
ཕྱི་ནས་དགྲ་བོའི་སྟོབས་ཤུགས་ཆེ་དང་གཅིག
ནང་ནས་རྒྱལ་བཙོང་དབང་ཐོབ་རྒྱས་དང་གཉིས།
རང་བཙན་རླུང་ལ་བསྐུར་བའི་དུས་སྐབས་སུ།
ཁྱོད་ནི་རང་བཙན་སྐྱོབས་པའི་དཔའ་བོ་ཞིག
དྲང་བདེན་ལོ་རྒྱུས་བཤད་ས་མེད་དང་གཅིག
རྐུ་རྒྱབ་ཇག་ལངས་དཔང་ཚོགས་མང་དང་གཉིས།
རང་ཡུལ་དགྲ་ལ་སྤྲད་པའི་དུས་སྐབས་སུ།
ཁྱོད་ནི་རང་ཡུལ་སྐྱོབས་པའི་གངས་སེང་ཞིག
དམར་པོའི་རྒྱ་ཁྲིམས་མགོ་ལ་ཁུར་དང་གཅིག
དམངས་གཙོའི་རང་དབང་རྡོག་བརྫི་བཏང་དང་གཉིས།
རང་མི་དགྲ་བོས་བསད་པའི་དུས་སྐབས་སུ།
ཁྱོད་ནི་མི་རིགས་་སྐྱོང་བའི་སྐྱབས་གནས་ཤིག
ཁྱོད་ཀྱི་ལུས་སྲོག་རྒྱལ་ཁབ་ཆེད་དུ་ཕུལ།
ཁྱོད་ཀྱི་ཟུངས་ཁྲག་མི་རིགས་ཆེད་དུ་གཏོར།
རྒྱལ་ཁབ་མི་རིགས་བསམས་པའི་དཔའ་བོ་ཁྱོད།
སྲོང་བཙན་སྒོམ་པོའི་སྙིང་གི་ཚ་བོ་ཡིན།
ཁྱོད་ཀྱི་གོམ་བགྲོད་རང་བཙན་ཆེད་དུ་བྱས།
ཁྱོད་ཀྱི་སྐད་འབོད་རང་དབང་ཆེད་དུ་བྱས།
རང་དབང་རང་བཙན་འདོད་པའི་དཔའ་བོ་ཁྱོད།
གླིང་རྗེ་གེ་ས་རྒྱལ་པོའི་ཤ་ཉེ་ཡིན།
རྗེས་དྲན་ཞུ་རིན་ཡོད་པ་ཞིག་རེད། མི་རིགས་ཀྱི་དཔའ་བོ་རེད། ལོ་རྒྱུས་ཀྱིས་བརྗེད་མི་སྲིད།
རྗེས་དྲན་སྙན་ཚིག་དེ་སྤྱི་ཚོགས་མེ་ལོང་མས་བརྐུས་སོང།
བཀུར་འོས་རྒན་ལྷ་མོ་མཆོག་གིས་ཕྲན་གྱི་རྗེས་དྲན་སྙན་ཚིག་དེ། སྤྱི་ཚོགས་མེ་ལོང་དུ་འདེམས་པར་སྤྲོ་བ་བརྟས།