ཁ་བའི་འབྲོག་མོ།
ཕ་རོལ་རྒྱབ་ན་བརྩེ་བ་རྣལ་མ་ཞིག།
ཚུར་རོལ་མདུན་ན་འཁོན་འཛིང་དྲག་པོ་ཞིག།
རྒྱབ་དང་མདུན་གྱི་འགྱུར་བའི་འཕྲང་ལམ་ན།།
སེམས་ཀྱིས་མ་ཟིན་འཕྲུལ་སྣང་སྟོང་གིས་གཡོ།།
སེམས་ཀྱི་འདོད་པ་མི་མངོན་གསེང་ན་སྦས།།
ང་ཡི་ལུས་རྟེན་ནམ་མཁའི་མཐའ་རུ་འཁྱམ།།
གནམ་སའི་མཚམས་ན་འོད་ཀྱི་འབོད་བརྡ་ཞིག།
དགའ་བའི་ཟུར་མིག་དཀྱིལ་འཁོར་དེ་ལ་ཟུག །
བདེན་རྫུན་བར་ན་འཚོ་བའི་རྣམ་ཤེས་དེ།།
ང་ཡི་སེམས་ཀྱིས་གྲུབ་པའི་མེ་ཏོག་ཅིག།
ཚིག་གི་སྒྱུ་རྩལ་ལས་ཀྱིས་བརྒྱན་བྱས་ཏེ།།
སེམས་ཀྱི་རི་མོ་ངག་གི་སྲོག་ལ་སྦྱར།།
ཆུ་བོའི་གཟུགས་རིས་འཁྱུག་སྟངས་མཚར་བོ་དེ།།
ང་ཡི་སྣང་བར་མཛེས་པའི་རི་མོ་ཉིད།།
མིག་ལ་སོང་བའི་མཛེས་པ་སྨྱུ་གུས་བྲིས།།
འཇིག་པར་མི་སྐྲག་སེམས་ཀྱི་རྒྱུ་དང་འདྲེས།།
མ་སྡུག་མ་སྡུག་སེམས་ཀྱི་རྣམ་ཤེས་ཁྱོད།།
མཛེས་པའི་དུངས་བརྗོད་ཁྱོད་ལ་སྐྱེས་སུ་འབུལ།།
ལྐོག་གྱུར་གསེང་ན་མངོན་པའི་སེམས་པ་ལ།།
དུངས་པའི་ལས་ཀྱི་བདེན་པའི་གཤིས་ཤིག་ཡོད།།
སྤོབས་པ་ཆེན་པོས་དབུགས་ཀྱི་རྐྱལ་བ་བཀང་།།
སྙིང་གི་འཕར་རྩ་སྨྱུ་གུའི་ལས་ལ་སྦྱར།།
གང་འདོད་རི་མོའི་གཟུགས་སུ་ཕབ་པ་འདི།།
གཅེས་པའི་གྲོགས་ལ་བཟོད་པའི་ལས་སུ་སྤེལ།།
2014/2/24
ས་མཐའི་འཚོ་བ་དགུན་གསུམ་རྩྭ་སྐྱ་འདྲ།
སེམས་པ་སྐྱ་མོ་དྲན་ཤིང་སྟོང་གིས་མནར།
དེ་ལྟར་ཡིན་ཡང་འཚོ་བའི་རྒྱབ་ངོགས་སུ།
སྐྱིད་ལ་རེ་བའི་སེམས་པ་དྲོན་པོ་དེ།
སྙན་ཚོག་རི་མོའི་རིས་སུ་གསལ་བ་འདིས།
ཁྱོད་ཀྱི་མི་གཞི་ཁྲེལ་དང་གཞུང་བཟང་སོགས།
ཁྱོད་ཀྱི་ཞལ་རས་བཞིན་དུ་ཡིད་དུ་འོང།