ཉི་མ་རྒྱལ་མཚན།
སྤུན་ཟླ་ཚོ།
ཉིན་མོ་འདི་དག་ལ་ལོ་སར་དང་ལོ་གསར་ཞེས་རྣ་བར་ཐོས་སྐབས། ངས་ཀྱང་ཁ་ཞིག་གྲགས་འདོད་བྱུང་། སྤུན་ཟླ་ཚོ། ང་ལ་ལོ་གསར་མེད། ལོ་སར་བསུ་འོས་པའི་རྒྱལ་ཁ་དང་། གྲུབ་འབྲས། བསྟན་ནུས་པའི་ངོ་གདོང་། དགའ་འོས་པའི་གཏམ་བཟང་ཞིག་ཀྱང་མེད། སྤུན་ཟླ་ཚོ། ང་ལ་ལོ་སར་མེད། ང་དང་ནམ་ཡང་ཁ་འབྲལ་ཐབས་མེད་པའི་ཕུ་ནུ་གང་མང་ཞིག་འཇིག་རྟེན་འདི་དང་ད་དུང་ཁ་བྲལ་དགོས་བྱུང་སོང་།
སྤུན་ཟླ་ཚོ།
བཟོད་དཀའ་བའི་ཉིན་མོ་དེ་ནས་བཟུང་། ངའི་སྙིང་རྩ་འཕར་ཐེངས་རེ་ལ་གནས་ལུགས་རེ་འཚོལ་དགོས་པ་དང། གོམ་པ་བགྲོད་ཐེངས་རེ་ལ་བརྗེད་དུ་མེད་པའི་འགན་འཁྲི་རེ་བཞག་ཡོད་པ་ཤེས་སོང་། སྤུན་ཟླ་ཚོ། ཁོང་ཚོའི་ཡོད་ཚད་ནས་ཡོད་ཚད་བློས་གཏོང་དང་། སུ་ལ་ཡང་མི་དབང་བའི་གཅེས་སྲོག་དེ། ཁྱིམ་ཚང་འདིའི་བདེ་སྐྱིད་དང་། ལས་དབང་གི་ཆེད་དུ་བཏང་བ་ཤེས་སོང་། དེར་བརྟེན་ད་དུང་ངས་གོ་མེད་ཚོར་མེད་ངང་ལོ་སར་གཏོང་ག་ལ་འོས།
སྤུན་ཟླ་ཚོ།
ཁོང་རྣམ་པའི་ལྷག་བསམ་དང་། འགྱུར་མེད་ཀྱི་དམ་བཅའ། བསུབ་ཏུ་མེད་པའི་རྡོ་རིང་དེ་སུའི་དོན་དུ་བསླངས་པ་རེད། ཁོང་ཚོའི་མདུན་ལམ་གྱི་དོན་དུ་ཨེ་རེད། སྤུན་ཟླ་ཚོ། ཁོང་རྣམ་པ་འཇིག་རྟེན་འདི་དང་ཁ་བྲལ་ཡང་སེམས་ཤུགས་དང་། ཡིད་ཆེས། རེ་བ་དང་དམིགས་འདུན་ཞིག་བཞག་ཡོད། དེ་ནི་ང་ཚོ་དང་ནམ་ཡང་ཁ་བྲལ་གྱི་མེད། ང་ལ་ཁོང་ཚོ་ལྟ་བུའི་སྙིང་སྟོབས་དང་མགོ་རྣ་མེད་རུང་ངོ་གདོང་ལ་ཁྲག་ཅིག་ཡོད།
སྤུན་ཟླ་ཚོ།
ང་ལོ་གསར་མེད། རྒྱུ་མཚན་ནི། གཤེགསཟིན་པའི་ཕུ་ནུ་རྣམ་པ་དང་ང་ཚོ་སྐྱིད་སྡུག་ཅིག་དང་རེ་བ་གཅིག་ཡིན། དེར་བརྟེན་ང་ཚོ་སུ་ཡིན་རུང་ཕ་མའམ་བཟའ་ཟླ་གང་རུང་ཞིག་འཇིག་རྟེན་འདི་དང་ཁ་བྲལ་བའི་ལོ་ངོ་དེར་ལོ་གསར་སུས་ཀྱང་མི་གཏོང་བས་རེད། དེ་བཞིན་ཁོང་རྣམ་པའི་ནང་མི་དང་ཉེ་འབྲེལ་སོཊ་ཀྱི་སེམས་ལ་རྨ་ཁ་མི་བཟོ་ཆེད། ང་ལ་ལོ་སར་མེད། སྤུན་ཟླ་ཚོ། གལ་སྲིད་ཁྱེད་ཚོས་ལོ་སར་གཏོང་ཡང་རྒྱས་སྤྲོས་མ་བྱེད་རོགས། ངའི་རེ་བ་ཡིན།
༢༠༡༤/༠༢/༢༧ཉིན།
སྙིང་རྗེ། ཉི་མ་རྒྱལ་མཚན་ཟེར་བ་འདིའང་། ནད་ཚོགས་ཀྱི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་བསམ་བློ་ནད་རོ་ཅན་ཞིག་རེད། ལོ་འདི་འགར་བོད་མིའི་ཁྲོད་དུ་བསམ་བློ་ནད་རོ་ཅན་ཇེ་མང་ནས་ཇེ་མང་རེད། བསམ་བློ་ནད་པ་ཅན་འདིའི་རིགས་ཇེ་མང་དུ་སོང་ན། མི་རིགས་འདི་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་རྒྱུའི་དགག་རྐྱེན་དུ་འགྲོ་ངེས། བསམ་བློའི་ནད་འདི་མཐོ་སར་མི་ཕོག་ལ་དམའ་སར་མི་འགོས། བར་མ་བར་གྱི་བསམ་བློ་བདེ་ཐང་མ་ཡིན་པའི་མི་དེའི་རིགས་འགོས་པ་ཤིན་ཏུ་སླ། ནད་འདི་འགོས་ཚེ་སྨྱོན་པའི་སྨྱོ་བཤད་ལས་ཀྱང་སྡུག་པའི་གང་དྲན་དྲན་གྱི་སྐད་ཆ་འདྲ་མིན་བཤད་ཡོང་། ཆེ་འཇིགས་སུ་རུང་བ་ནི་སྨྱོ་གཏམ་ཞིག་བཤད་ཚར་རྗེས་རང་གིས་དཔེ་མེད་པ་ཡ་མཚར་བ་ཞིག་བཤད་སོང་སྙམ་པ་དེ་རེད། བསམ་བློ་ན་རོ་ཅན་དག་མྱུར་ཏུ་སེལ་བར་ཤོག།
བསམ་བློ་དང་། སྤྱི་ཚོགས་ཀྱི་ལྟ་གྲུབ་གང་ཡོད་རང་དང་སྒོ་ཀུན་ནས་མཐུན་དགོས་ཤིང་། གལ་སྲིད་དེ་དང་འགལ་ཚེ། ལྟ་ལོག་དང་། རྒྱུག་ཁྱི་སོགས་ཁ་ནས་ཚིག་ངན་ཅི་ཐོན་གྱིས་བརྙས་ཤིང་། གཡང་ལ་འབུད་རྒྱག་ཅི་ཐུབ་བྱེད་པ་ནི་གནའ་ནས་དོར་མ་ཐུབ་པའི་བོད་མིའི་ཀླད་གསེང་ལ་འཛུལ་བའི་དུག་རོ་ཞིག་ཅི་ལ་མིན་ཨང་། མ་གཞི་བྱས་ན་ལོ་གསར་གཏོང་དང་མི་གཏོང་ནི་གང་ཟག་སྒེར་གྱི་འདོད་ཕྱོགས་དང་། ལྟ་ཚུལ་ཞིག་ཡིན་པ་ལས། གུང་ཁྲན་རིང་ལུགས་ལྟར་ལོ་གསར་མ་བཏང་ན་མི་ཆོག་ཅེས་སུ་ཞིག་གིས་སྐུལ་འདེད་མི་བྱེད་ལ། བྱེད་ཀྱང་མི་འོས་པ་ཞིག་རེད། དེས་ན་མི་སྒེར་གྱི་ཚོར་བ་དང་བསམ་བློ་ལ་སྡོམ་བཅུན་བྱེད་པ་ནི། སྤྱི་ཚོགས་ཀྱི་བསམ་བློ་གསར་པའི་རུ་དཔུང་ལ་འབུར་འཇོམས་བྱེད་པ་ཡིན་པས། ང་ཚོ་ག་དུས་སྤྱི་ཚོགས་གཞན་དག་བཞིན་གུ་ཡངས་དང་། ཡར་རྒྱས་ཀྱི་གླིང་ཁར་བསྐྱོད་ཐུབ་བམ།
ཨ་མདོ་དང་ཁམས་པ་དགྲ་འོག་ལ་ཤོར་དུས། ལྷ་ས་བས་ལྷ་ས་ནས་སྤྲོད་སྐྱིད་གཏོང་།
ཨ་མདོ་བ་དང་ཁམས་པ་བ་མྱེ་ལ་སྲེག་དུས། ལྷ་ས་བས་ལྷ་སའི་ལོ་སར་གཏོང་།
བཟང་ངན་གྱི་དབྱེ་བ་ཞིག་ཞུ་ཚོད་མ་ཐུག་ཐལ། དྲ་གྲོགས་མགོ་སྟོང་ཚོ། སྐྱིད་ཞིག་ཡོད་ན་མཉམ་གཏོང་དང་། སྡུག་ཤིག་ཡོད་ན་མཉམ་ཁུར་ཟེར་བ་དེ། དེང་སང་ཡོད་པ་འདྲ་བོ་མི་འདུག་གི་ཨོ།
ང་ལ་ལོ་སར་མེད་ཟེར་བ་ཙམ་གྱིས་མེད་སོང་རྒྱུ་དཀའ་མོ་རེད་ཡ། སྤུན་ཟླ་ལགས། དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་མི་བུའི་སྒལ་ཚིགས་ཡོད་པའི་བོད་མི་རིགས་ལ་དུས་ནམ་ཡང་ལོ་ཟླ་འགྱུར་འགྲོས་ཀྱི་བགྲོས་དང་མཐུན་པའི་ལོ་སར་ལོས་ཡོད།
དེའི་ལྷན་དུ། ལོ་སར་པའི་རྟེན་འབྲེལ་དང་། ཕུགས་བསམ་གྱི་རེ་བའི་དཀོན་མཆོག་གསུམ་གྱི་དངོས་གྲུབ་སོགས་དེ་བས་ལོས་ཡོད།
ང་ལ་ལོ་སར་ཡོད་ལ་ངའི་བོད་མི་རིགས་ལ་ལོ་སར་དུས་ཀྱི་འཕོ་བསྒྱུར་དང་ལྷན་དུ་ཡོད་དོ།
ལོ་སར་པའི་ནང་ནད་མེད་ཚེ་རིང་། བོད་དོན་བདེན་མཐའ་སྨོན་འདུན་བཀྲ་ཤིས་བདེ་ལེགས།