ཚེ་རིང་།
རླབས་ཀྱི་གཉེར་མས་མ་གོས་པའི་མཚོ་མོ
འཇམ་དྭངས་ངེར་འོ་སྤྲིས་བཞིན་ཆགས་
མཚོ་མོའི་ཀློང་དུ
ལྷང་འཇག་དང་སྨག་བུན་ལྷན་ཏུ་འདྲེས་ཤིང
མྱ་ངན་དང་གདུང་བ་མཉམ་དུ་འཁྱིལ
སྨག་བུན་རབ་རིབ་ཀྱི་ཁྲོད་ནས
མཚོ་མོ་ནི་གཡའ་མ་དག་པའི་མེ་ལོང་ཞིག་དང་འདྲ
འཁྱོག་ཅིང་གཟུར་བའི་རང་ཉིད་ཀྱི
ལྡོག་གཟུགས་སྣང་བརྙན་དེ་མཐོང་དུས
གོ་རིམ་མེད་པའི་འཚོལ་སྙེག་གི་རྐང་རྗེས་སུ
ཡང་བསྐྱར་དྲི་བ་ལྷག་མ་འགའ་ཁ་བ་ལྟར་ལྷབ་ལྷེབ་བབས་བྱུང
མི་ཚེ་ནི་མ་གཞི་ནས་དྲིས་ལན་ཞིག་སྟེ
རང་གིས་མི་ཤེས་པའི་ལས་སྐལ་གྱི་དྲི་བ་དེའི་ཆེད་དུ
འོལ་ཚོད་ཀྱིས་བཞུར་ཅིང
འཆར་ཡན་གྱིས་འཁོར་འཁོར་བའི་མཐར
སླར་ཡང་སྔོན་མ་ཡོང་སའི་སྒོ་ཁ་དེར་སླེབས་ཡོད་པ་འདྲ
ངའི་མིག་གིས་ཁོང་ཚོ་མཐོང་ཐུབ་ལ
རྣ་བས་ཁོང་ཚོའི་སྐད་སྒྲའང་ཐོས་ཐུབ
ཡིན་ཡང སྙིང་ཉེ་བའི་མི་ཚོས
རྒྱང་སྤྱོད་ཁ་པར་བརྒྱུད་ནས་ང་ལ་འཚམ་འདྲི་བྱེད་ཅིང
ས་མཐའི་ཁོར་ཡུག་དང་འཚོ་བ་ཅི་འདྲ་ཟེར
གཅིག་བྱས་ན་ང་ངོ་མ་ཤི་ཟིན་པ་འདྲ
2014/2/28 Mumbai