གངས་སེང་།
ཁྱོད་ལ་ཚེ་ཐར་གཏོང་འདོད་འདུག་ན་རང་ཉིད་ཀྱིས་ཤ་ཁྲག་ལོངས་སུ་མི་སྤྱོད་པ་དེ་ཚེ་ཐར་ནང་ནས་ཡག་ཤོས་དེ་ཡིན། གང་ཡིན་ཞེ་ན། དཔེར་ན། ལོ་རེར་ཁྱབ་མཉམ་མི་རེས་ལུག་ཤ་གཉིས་རེ་ཟ་གི་ཡོད་ན། མི་གཅིག་གིས་ཤ་ཟ་བ་སྤོང་ན་ལོ་རེར་ལུག་གཉིས་ཚེ་ལས་ཐར་གྱི་ཡོད། དེ་བཞིན་མི་བརྒྱས་ཤ་སྤོང་ན་ལོ་རེར་ལུག་ཉིས་བརྒྱ་ཚེ་ལས་ཐར་ཐུབ་ཀྱི་ཡོད། དཔེ་དེ་བཞིན་ཁྱིམ་ཚང་ཞིག་ལ་ནང་མི་བཅུ་ཡོད་ན། དེའི་ཟ་རྒྱུའི་ཆེད་ལོ་རེར་གཡག་བཞི་བེད་སྤྱོད་ཀྱིན་ཡོད་ན། མི་གསུམ་གྱིས་ཤ་སྤོང་ན་མ་མཐར་ལོ་རེར་གཡག་གཅིག་ཚེ་ལས་ཐར་བ་གདོན་མི་ཟ། དེར་ཚང་མས་བསམ་ཤེས་ཤིག་གཏོང་ན་ཤིན་ཏུ་ལེགས་སྙམ།
དེ་མིན་ང་ཚོ་བོད་པས་ང་ནང་པ་སངས་རྒྱས་པ་ཡིན་ཟེར་ནས་སེམས་ཅན་ལ་སྙིང་རྗེ་མདོག་གི་སྐད་ཆ་འདྲ་བཤད། ཤ་ཟ་ས་ལ་སླེབ་དུས་སྤྱང་ཀི་ལས་རྔམ་པ་བྱས་ན་ངོ་ཚ་བོ་འདྲ་ཞིག་མི་འདུག་གམ། ཤ་རྩ་བ་ནས་མི་ཟ་མ་ཐུབ་ནའང་ཤ་ཟ་བ་ཉུང་དུ་གཏོང་རྒྱུ་དེ་ཡང་ཕན་ཐོག་ཆེན་པོ་ཡོད། དེ་ཡང་དཔེར་ན་ནང་ཚང་ཞིག་གིས་ལོ་རེར་གཡག་བཞི་བད་སྤྱོད་གིན་ཡོད། བདུན་ཕྲག་རེའི་ནང་ཤ་ཐེངས་བཞི་ཟ་གི་ཡོད་ན། འདི་ལོ་ནས་བཟུང་བདུན་ཕྲག་རེའི་ནང་ཤ་ཐེངས་གསུམ་མ་གཏོགས་མ་ཟ་ན། མ་མཐར་ལོ་གཉིས་རེའི་མཚམས་གཡག་རེ་ཚེ་ལས་ཐར་ཐུབ་ཀྱི་ཡོད། དེ་བཞིན་ཤ་ཟ་མཁན་ཉུང་དུ་ཕྱིན་ན་དེའི་ཚོད་ཀྱི་ཚོང་ར་ནང་ལ་གསོད་མཁན་དང་གསོད་རྒྱུ་ཉུང་དུ་འགྲོ་བཞིན་ཡོད། བྱ་ཕག་སྒོང་གསུམ་ཡང་དེ་བཞིན་ཡིན།
བཤས་ར་ནང་ལ་འགྲོ་ནས་ཚེ་ཐར་གྱི་ཆེད་དུ་སེམས་ཅན་ཉོ་ཡག་འདི་ནི། ཀུན་སློང་ལ་བལྟས་ན་ཧ་ལས་དགོས་པ་ཡག་པོ་ཞིག་ཡིན་ནའང་། འདིས་སེམས་ཅན་གསོད་རྒྱུ་ཉུང་དུ་འགྲོ་གི་འདུག་གམ་མི་འདུག་དཔྱད་གཞིགས་བྱས་ན་ཤེས་ནུས། བཤས་ར་ནང་ལ་སེམས་ཅན་ཉོས་ན་རིན་གོང་ནམ་རྒྱུན་ལས་ཕལ་ཆེར་ལོག་འཕར་རེད། དེ་རིང་ཁྱོད་ཀྱིས་བཤས་ར་ནང་ལ་སོང་ནས་ལུག་གཉིས་ཉོས་ཡོད་ན་ལུག་དེ་གཉིས་གནས་སྐབས་ཚེ་ལས་ཐར་སྲིད་ཀྱང་ཁྱོད་ཀྱིས་དེའི་ཆེད་རིན་གོང་ལོག་འཕར་གནང་བར་བརྟེན། སང་ཉིན་དེའི་དོད་པོ་ལུག་བཞི་དེར་གསོད་ངེས། དེ་བཞིན་ཁྱོད་ཀྱིས་དེ་རིང་ཉ་ཚོང་ནང་ལ་སོང་ནས་ཉ་བརྒྱ་ཐམ་པ་ཉོས་ཡོད་ན་སང་ཉིན་ཉ་ཉིས་བརྒྱ་དེར་འཇོག་ངེས།
འདི་འདྲའི་སྐོར་གཏམ་རྒྱུད་ཡ་མཚན་ཞིག་ཁོ་བོས་ཐོས་མྱོང་ཡོད། ནག་ཆུའམ་ལྷ་ས་དེ་བ་ཞིག་ལ་བོད་པའི་ནང་ཚང་ཞིག་དང་ཁྱིམ་མཚེས་རྒྱ་རིགས་ཁ་ཆེ་བ་ཞིག་ཡོད། ཉིན་གཅིག་རྒྱ་རིགས་དེས་ཟ་ཡག་གི་ཆེད་དུ་བྱ་ཏེ་ཞིག་ཉོས་ནས་ཁོ་རང་གི་སྒོ་རའི་ནང་ལ་བཞག དེ་བོད་པའི་ཨ་མས་མཐོང་བས་ཨ་མས་བྱ་ཏེ་དེ་གསོད་རྒྱུ་ཡིན་པར་ཤེས་ནས་དེ་ལ་སྙིང་རྗེ་དྲག་ནས་བྱ་ཏེ་དེ་སྲོག་བསླུ་གཏོང་ཡག་གི་ཕན་སེམས་སྐྱེས། རྒྱ་རིགས་དེའི་མཉམ་དུ་སྐད་ཆ་བྱས། ནམ་རྒྱུན་བྱ་ཏེ་རེ་ལ་མི་དམངས་ཤོག་སྒོར་སུམ་ཅུ་ཡས་མར་ཞིག་ཡིན་ཡང་རྒྱ་རིགས་དེས་སྒོར་དྲུག་ཅུ་ཡིན་པར་བཤད་པས་ཨ་མས་སྒོར་དྲུག་ཅུ་གནང་ནས་བྱ་ཏེ་དེ་ཉོས། མོ་རང་གི་སྒོ་རྩའི་སྡུམ་རའི་ནང་དུ་བཞག དེ་རྗེས་ཆུ་ཚོད་འགའ་ཤས་མཚམས་ནས་རྒྱ་རིགས་དེས་ཡང་བསྐྱར་བྱ་ཏེ་གཉིས་ཉོས་ནས་ཁོ་རང་གི་སྒོ་རྩར་བཞག ཨ་མས་སྙིང་མ་བཟོད་ནས་དེ་གཉིས་ཀ་གོང་གི་རིན་གོང་ཐོག་ནས་ཉོས། རྒྱ་རིགས་དེས་ཨ་མ་ལ་བཤད་པར་ངས་དེ་སྔར་དབྱར་ཙྭ་དགུན་འབུའི་ཚོང་ཏོག་ཙམ་བྱེད་བཞིན་ཡོད། ད་ནས་བཟུང་བྱ་ཏེའི་ཚོང་ལས་གཉེར་ཐུབ་ན་ཁེ་གཙང་ཧ་ཅང་ཡོད་ས་རེད་རབས་ཁ་མཚར་རྩེད་མོའི་ཚུལ་དུ་བཤད།
དེ་རྗེས་ཁོང་གིས་བོད་པ་ནི། སྙིང་རྗེ་དང་ཕན་སེམས་ཆེ་ཞིང་དེ་དང་མཉམ་དུ་གླེན་ཤད་ཏོག་ཙམ་འདུག ཨ་མ་ཁྱེད་རང་ཕན་སེམས་ཧ་ཅང་ཆེ་ཡང་བྱེད་ལུགས་འདི་འདྲ་བྱས་ན་ཕན་ཐོག་ལས་གནོད་ཚབས་ཆེ་བ་ནི་བཤས་ཉོ་བཤས་ཚང་གི་མ་རྩ་ཚུགས་འགྲོ་རབས་བཤད་དོ།
གཏམ་རྒྱུད་དེ་ནི་ཁོ་བོའི་རྩོམ་ཐུང་འདིའི་འབྱུང་ཁུངས་ངོ་མ་དེ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། ལྷ་སར་ཉ་ལས་སོགས་སྲོག་ཆགས་ཀྱི་ཚོང་པ་ལོ་རེ་བཞིན་དུ་ཇེ་མང་འགྲོ་བཞིན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་དེ། ང་ཚོ་བོད་པས་སྲོག་བསླུའི་ཆེད་དུ་རང་གི་ཟ་རྒྱུ་ལས་མང་བ་དེ་ནས་གཉེར་བ་དང་རིན་གོང་ཚད་མཐོར་སྤྲད་བཞིན་ཡོད། སྲོག་ཆགས་དེ་དག་ས་ཁད་མཐོ་དམའ་སྣ་ཚོགས་དང་། རྒྱུགས་ཆུ་ཚ་གྲང་སྣ་ཚོགས་ནས་བསྒྲུགས་ཡོང་བ་ཞིག་རེད། ཚོང་རར་གནས་པའི་རིང་ཡང་ཆུ་ཉུང་ངུའི་ནང་དུ་ཆང་དར་སྦང་མ་ལྟར་མཉལ་ཡོད། ང་ཚོས་དེ་དག་ལ་སྙིང་རྗེས་སྲོག་སྐྱོབ་པའི་ཁུལ་བྱེད་ནས་རིན་གོང་ཚད་མཐོར་སྤྲད་ནས་ཉོ། དེ་ནས་ཆུ་ཤོག་ནང་དུ་ཆུ་ཉུང་ངུའི་མཉམ་དུ་དབུགས་འགྲོ་ས་མེད་པར་བཟོ་ནས་ཆུ་ཞིག་གི་རྩ་ལ་འཁྱེར་གྱིན་ཡོད། དེར་སླེབ་དུས་ཉ་ཚང་མ་དབང་པོ་ལོག་ནས་འགུལ་ཅོག་ཡོད་ལ་མེད་ཅིག་ཆགས་ཡོད། ཆུ་དེའི་ནང་བླུགས་ཚར་དུས་སོས་ཡོད་དམ་འཆིའི་ཡོད་ང་ཚོ་ལ་ཆ་མེད། ཆུ་དེ་ཉ་དེ་ཚོ་དང་མཐུན་པའམ་གནོད་པ་གང་ཡིན་ཤེས་ཀྱི་མེད། གལ་སྲིད་གསོས་པའི་དབང་དུ་བཏང་ནའང་དེའི་ཕྱི་ཉིན་ཉ་པས་ཟིན་ནས་ཡང་བསྐྱར་སྔོན་མའི་ཚོང་ར་ནང་དུ་ཡོང་བ་ཅི་ནས་ཀྱང་སྲིད།
གང་ལྟར་ཡང་ཚོང་ར་ནས་ཉ་ཉོས་ནས་སྲོག་བསླུ་གཏོང་བའི་ཀུན་སློང་དེ་ནི་བཟང་པོ་ཞིག་ཡིན་ནའང་སྤྱིར་དེ་ལ་ཕན་ཐོག་གང་འདྲ་འདུག་ཏོག་ཙམ་དཔྱད་ན་ལེགས་སྙམ། ང་ཚོས་ཚང་ར་ནས་སྲོག་བསླུའི་ཆེད་དུ་ཉ་ཉོས་ཀྱང་རུང་མ་ཉོས་ཀྱང་རུང་ཟ་རྒྱུའི་ཉ་ནི་བརྒྱ་ཆ་གཅིག་ཙམ་ཉུང་གི་མེད། དཔེར་ན་ཁྱེད་ཀྱིས་དེ་རིང་སྲོག་བསླུའི་ཆེད་དུ་ཉ་བརྒྱ་ཐམ་པ་ཉོས་ཀྱང་ལྷ་ས་གྲོང་ཁྱེར་ནང་ཉིན་རེར་ཉ་རྒྱ་མ་ག་ཚད་ཟ་བ་དེ་ལ་ཕན་གནོད་གང་ཡང་བྱེད་ཐུབ་ཀྱི་མེད་པ་མ་ཟད། ཁྱེད་ཀྱིས་སྤྲད་པའི་སྒོར་མོ་དེས་སོང་ཉིན་ཁྱེད་ཀྱི་ཉ་ལས་ཆེས་མང་བ་ཉོ་ཐུབ་ཀྱི་ཡོད། དེ་ལ་བརྟེན་ནས་ཉ་པ་ཡང་མང་དུ་འགྲོ་བ་དང་ཉ་ཚོང་མཁན་ཡང་བརྒྱ་ཆ་མཐོ་རུ་འགྲོ་གིན་ཡོད། ཚོང་རའི་ནང་ནས་ཉ་གཅིག་ཙམ་སྲོག་བསླུའི་ཆེད་ཉོ་མཁན་མེད་ན་ཆུ་གནས་དེ་དག་གིས་སྡུག་བསྔལ་དེ་ཙམ་མྱོང་དོན་མེད་ལ། ཉ་པ་ཡང་ཉུང་དུ་འགྲོ་བ་དང་ཚོང་རྭའི་ནང་དུ་ཟ་རྒྱུའི་ཉ་ལས་གཞན་པའི་ཆུ་གནས་གང་ཡང་ཡོད་རྒྱུ་མ་རེད།
བོད་པས་སྙིང་རྗེ་བྱས་ནས་ཚེ་ཐར་ཆེད་དུ་ཉ་སོགས་ཆུ་གནས་ཚད་མེད་པ་ཞིག་རིན་གོང་ཚད་མཐོར་གནང་ནས་ལོ་བསྟུད་མར་ཉོ། དེས་ཉ་ཚོང་མཁན་གྱི་མ་རྩ་གཙུག དེ་ལ་བརྟེན་ནས་ཉ་པའི་གྲངས་འབོར་ལོ་རེ་བཞིན་དུ་འཕར་སྟོབས་ཧ་ཅང་ཆེ་བའི་རྒྱུ་རྐྱེན་ནི། ཚེ་ཐར་གྱི་ཆེད་དུ་ཉ་ཉོ་ཚོང་བྱས་པ་དེ་ལས་གཞན་གང་ཡང་མིན། ཟ་རྒྱུ་གཅིག་པུའི་ཆེད་དུ་ཉ་པའི་གྲངས་འབོར་ལོ་རེ་བཞིན་དུ་མང་པོར་འཕར་འགྲོ་བའི་རྒྱུ་མཚན་དེ་ཙམ་མེད། དེ་བཞིན་དུ་བཤས་ར་ནང་ནས་ཚེ་ཐར་ཆེད་དུ་ར་ལུག་གཡག་སོགས་རིན་གོང་ཚད་མཐོར་གནང་ནས་ཉོ་ཡག་འདི་ཡང་གཞིགས་དགོས་རྒྱུ་ཞིག་ཡིན།
འདིས་བཤས་ཚོང་རྒྱག་མཁན་མང་དུ་འགྲོ་བྱེད་ཅིག་མ་གཏོགས་ཕན་ཐོག་ག་འདྲ་ཡོད་མེད་དཔྱད་ན་ཤེས། རྒྱུ་མཚན་ནི། སྲོག་བསླུའི་ཆེད་དུ་ལུག་སྟོང་ཕྲག་ཅིག་ཉོས་ནའང་ཟ་རྒྱུའི་ལུག་ཤ་ནི་རྩ་བ་ནས་ཉུང་གི་མེད་པ་མ་ཟད། ཁྱེད་ཀྱིས་ཀུན་སློང་བཟང་པོ་ལ་བརྟེན་ནས་དེ་རིང་ལུག་བརྒྱ་བཤས་ར་ནས་ཉོས་ཡོད་ནའང་ཁྱེད་ཀྱིས་གནང་བའི་སྒོར་མོ་དེས་ཤན་པའི་ཚོང་གི་མ་རྩ་གཙུག་བྱེད་ཆགས་འགྲོ་གི་ཡོད་པ་དེ་ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ།
བླ་མ་རྣམ་པས་ཐུགས་བསམ་བཞེས་དགོས་འདུག མི་དམངས་ནས་ཕྱག་མོ་ཞུས་པའི་ཚེ་ན་མོ་ལུང་ལ་ཡིན་གཅིག་མིན་གཅིག་ཚོང་ར་ལ་རྒྱུགས་ནས་ཉ་སྲོག་བསླུ་གྱིས་མ་གསུང་ནའང་དགེ་བ་བྱེད་རྒྱུ་མེད་པ་དེ་འདྲ་ཡིན་གྱི་མ་རེད། མོ་ལུང་ལ་བདུན་ཕྲག་གཅིག་དང་གཉིས་སོགས་གང་ཐུབ་དམར་ཟས་སྤོངས་གསུང་ན་ག་འདྲ་འདུག ད་ནས་བཟུང་ཚོང་རའི་ནང་ནས་སྲོག་བསླུ་ཆེད་དུ་ཉ་དང་སེམས་ཅན་ཉོ་ཡག་ཉུང་དུ་གཏོང་ཐུབ་ན་ཤན་པ་དང་ཉ་པ་ཉུང་དུ་འགྲོ་བ་དེ་ནི་གཏན་ཁེལ་རེད། ཤན་པ་དང་ཉ་པ་ཉུང་དུ་སོང་ན་ཉམས་ཆུང་སྲོག་ཆགས་ནི་དེས་ཆོག་པ་མིན་ནམ། ཚེ་ཐར་ཡག་ཤོས་དེ་དེ་རེད་མི་འདུག་གམ།
ང་ཚོས་ཚོང་ར་ནས་སྲོག་བསླུའི་ཆེད་དུ་ཉ་དང་དུད་འགྲོ་གཅིག་ཙམ་མ་ཉོས་ན་ཤན་པ་དང་ཉ་པའི་ཚོང་ལས་ནི་རང་བཞིན་གྱིས་མར་ཆགས་འགྲོ དེ་ལ་བརྟེན་ནས་ཁོ་ཚོའི་མ་རྩ་ཚུགས་ཐུབ་ཀྱི་མེད། ཁོ་ཚོ་ལ་དེ་འདྲའི་ཚོང་ལས་ལ་ཁེ་སྤོགས་མེད་ན་ཚོང་ལས་དེ་མཚམས་འཇོག་མ་བྱས་རང་བྱས་རེད། དེ་ལ་བརྟེན་ནས་ཆུ་གནས་དེ་ཚོ་ལ་བདེ་སྐྱིད་ཅིག་ཅིས་ཀྱང་འབྱུང་གི་ཡོད། འདི་ནི་ཁོ་བོའི་བསམ་ཚུལ་མདོར་བསྡུས་ཤིག་ཞུས་པ་ཡིན།
གྲོགས་པོ་ཚོས་རྩོམ་ཐུང་འདི་ཀློག་ཡོང་བའི་ཚེ་ན། འགའ་ཤས་ཀྱིས་ང་ལ་ཁ་ངན་དང་ཚིག་རྩུབ་ཏོག་ཙམ་གནང་ནའང་སྲིད། གང་ཡིན་ཞེ་ན། ང་ནི་འབྲོག་པའི་ནང་ན་སྐྱེས་ཤིང་ཕོ་ལོ་ཉི་ཤུ་རྩ་ལྔའི་བར་དུ་འབྲོག་པའི་ནང་ན་ཤ་ཁྲག་ལ་ལོངས་སུ་སྤྱོད་བཞིན་འཚར་ལོང་བྱུང་བསྡད་པ་ཞིག་ཡིན་ཙང་། ཤ་ཟ་རྒྱུ་ལ་དགའ་བོ་ཡོད་མཁན་ཞིག་ཡིན་པས་མ་ཟད། བླ་མ་ཐབས་ཆག་ཅིག་གི་མིང་ཡང་ཡོད་པས་རེད། ཤ་མ་ཟ་ཟེར་མཁན་ཡང་བླ་མ། ཤ་ཚོན་པོ་ཟ་མཁན་ཡང་བླ་མ་ཟེར་བ་དེ་ཁོ་རེད་ལབ་ཡང་སྲིད།
ད་དུང་གཞན་ཞིག་ནི། བླ་མ་དང་དགེ་བཤེས་ཡིན་ཟེར་ནས་སྲོག་བསླུ་ལ་དགག་བྱ་བྱེད་ཀྱི་འདུག ད་ནི་དུས་ལོག་ཅེས་དེ་འདྲའི་གཏམ་ཡང་ཐོན་མི་སྲིད་པ་མིན། གང་ལྟར་ཡང་ཁོ་བོའི་བསམ་འཆར་གྱི་ཚུལ་དུ་ཕྲན་ཙམ་ཞུས་ཡོད། བདེན་ནམ་རྫུན་ཁྱེད་རྣམ་པས་གཞིགས་ན་འགྲིག བདེན་པ་མིན་ན་དང་ལེན་མ་བྱས་ན་ལོས་ཆོག །
(ལོ་རེར་ལུག་གཉིས་ཚེ་ལས་ཐར་གྱི་ཡོད། ) ཚེ་ལས་ཐར་ན་ག་འདྲ་ཞིག་ཡོད་པ་རེད། ལས་དེ་ཅི་ཡིན་པའི་ཁུལ་རེད། ཚེ་ལས་ཐར། ཚེ་ལས་ཐར། རྦད་དེ་འཐོམ་སོང་།
ཚེ་ལས་ཐར་ན་གསོད་རྒྱུ་ཉུང་གི་རེད།
གངས་སེང་ལ་མངོན་པར་བསྟོད་དོ། །རྩོམ་འདི་ཆ་ཚང་ཀློག་མ་ཐུབ་ཀྱང་དགེ་སྐུལ་བསླབ་བྱ་གནང་བར་ཡག་བྱུང་།
གངས་སེང་ལ་མངོན་པར་བསྟོད་དོ། །རྩོམ་འདི་ཆ་ཚང་ཀློག་མ་ཐུབ་ཀྱང་དགེ་སྐུལ་བསླབ་བྱ་གནང་བར་ཡག་བྱུང་ཞུ་རྒྱུ་ཡིན།
རྒྱུ་མཚན་དང་དོན་ལྡན་རེད་འདུག་མོས་མཐུན་ཡོད། ལོ་ཤས་གོང་རྡོར་གདན་སྨོན་ལམ་སྐབས་རྒྱལ་དབང་ཀརྨ་པ་མཆོག་གིས་དམར་ཟས་སྤང་ན་ཚེ་ཐར་ཡག་ཤོས་དེ་རེད་གསུང་སོང་བ་དོན་ལ་གནས་པ་རང་རེད།
དེ་རིང་གངས་ཀྱི་སེང་གེ་ཁོང་། མིའི་སེང་གེར་གྱུར་འདུག དངོས་གནས་ཡག་པོ་བྲིས་གདའ། ལྷ། བཀྲ་ཤིས་བདེ་ལེགས་ཞུ། །
གངས་སེང་ལགས་ཀྱི་བསླབ་བྱར་ཡིད་རང་ཡོད། གང་ཐུབ་ཀྱི་ལག་ལེན་བྱེད་འདོད་བྱུང། ཐུགས་རྗེ་ཆེ།
ཞི་བདེ་ཡང་གཅིག་མཚུངས་རེད།
དྲ་གྲོགས་རྣམ་པས་ཁོ་བོའི་རྩོམ་ཐུང་འདི་ལ་རྒྱབ་སྐྱོར་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
གངས་སེང་ལ་མངོན་པར་བསྟོད་དོ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ།
ཚེ་ཁོ་རང་ཐར་ན། ཚེ་ཐར།
ཚེ་ཁོ་རང་ཚེ་ལས་ཐར་ན། ག་འདྲ་ཞིག་ཡོད་མེད་མི་ཤེས་སོ། ཚེ་ལས་ཐར། ཚེ་ལས་ཐར། གསོད་རྒྱུ་ཉུང་བ་ཞིག་བཤད་ཀི་མི་འདུག་ལ།
འོ་་་ལགས་སོ། དགེན་ལགས། ཚེ་ལས་ཐར་ཟེར་དུས་གོ་རྒྱུ་མེད་ན། ངས་བཅོས་བསྒྱུར་བྱས་ཡོད། ལུག་གཉིས་ཚེ་སྲོག་ཐར་ཞེས་བྲིས་ཡོད་ལགས།
བདེན་པའི་གནས་ལུགས་བཤད་ན་ནམ་དུ་ཡང་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད། གངས་སེང་ལགས་སོ།།
དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གི་འདི་འདྲ་ཞིག་བྲིས་འདུག“བཞི་བ། ཚེ་ཐར་གཏོང་བ་སོགས་ཀྱི་གནད་དོན་བཤད་པ། ཚེ་ཐར་བཏང་ན་ཀུན་སློང་། དམིགས་ཡུལ། སྦྱོར་བ། མཐའ་འབྲས་བཅས་ལ་བསམ་བློ་བཏང་བ་སྔོན་འགྲོའི་སྦྱོར་ཆོས་སུ་དགོས་ཏེ། དུད་འགྲོ་གང་ཡང་འཚོ་གནས་ཀྱི་འཁོར་ཡུག་ལ་བརྟེན་པ་ཡིན་ལ། དཔེར་ན། ཉ་ལ་ཡང་དྲོ་སའི་ཉ་དང་འཁྱག་སའི་ཉ། ཆུ་ལན་ཚ་ཅན་དུ་འཚོ་བའི་ཉ་དང་ཆུ་མངར་མོའི་ཉ། རྒྱ་མཚོའི་གཏིང་གི་ཉ་དང་ཆུ་ཁར་གཡེང་བའི་ཉ་སོགས་རིགས་ཀྱི་དབྱེ་བ་མང་ཞིང་། ཉའི་རིགས་ཀྱི་འཚོ་གསོན་ཆུའི་དྲོ་འཁྱག་དང་། ཉོག་དྭངས། ཚྭ་ཡོད་མེད་སོགས་འཚམས་མི་འཚམས་ཅི་རིགས་ཡོད་པས། ཚེ་ཐར་བཏང་ན་ཀུན་སློང་དགེ་སེམས་ཡོད་པ་ཙམ་གྱིས་མི་ཆོག དེའི་ཕྱོགས་ཀྱི་ཤེས་བྱ་དུ་མ་འཛོམས་དགོས་ཏེ། ཚེ་ཐར་བཏང་བའི་སེམས་ཅན་རྣམས་ཀྱི་འཚོ་གསོན་གྱི་ཆ་རྐྱེན། སྤྱི་ཚོགས་ཀྱི་ཁེ་ཕན། འཁོར་ཡུག་གི་ཕན་གནོད་བཅས་ལ་འདང་རྒྱག་ཡག་བྱེད་དགོས། དཔེར་ན། ས་དྲོ་སའི་ཉ་རྣམས་ཆུ་འཁྱག་ཏུ་བཏང་བ་དང་། ཚྭ་ཆུའི་ཉ་རྣམས་ཚྭ་མེད་པའི་ཆུར་བཏང་ནས། ཆུ་མ་འཕྲོད་པས་ཤི་ན། ཚེ་ཐར་བཏང་བ་ཡིན་ནམ་སྲོག་བཅད་ཡིན། དེ་ནི་ཀུན་སློང་དགེ་བས་སྦྱོར་བ་དང་འབྲས་བུ་མི་དགེ་བ་བྱེད་པར་འགྲོ། གལ་ཏེ་འཁོར་ཡུག་ཆ་རྐྱེན་འཚམས་མི་འཚམས་དང་མཐའ་འབྲས་སོགས་ལ་བསམ་བློ་མ་བཏང་བར་ཉ་སོགས་ཚེ་ཐར་བཏང་ན། ཆུ་མ་འཕྲོད་པས་ཉ་མང་བོ་ཤི་བ་དང་། ཉ་རོ་རུལ་བས་འཐུང་ཆུ་སོགས་སྦགས་པར་བྱས་བས་འཁོར་ཡུག་ལ་གནོད་པར་སོང་ན་དགེ་བ་བྱས་པར་འགྲོ་འམ་ཅི།
གནས་ཚུལ་གཞན་ཞིག་ཀྱང་སྲིད་དེ། ཉ་ཚོང་རྒྱག་མཁན་རྣམས་ཉ་ཚེ་ཐར་གཏོང་མཁན་ལ་ཚོང་ལོག་རྒྱག་པའི་ཆེད་དུ་ཉ་འབོར་ཆེན་འཛིན་པ་དང་། དུས་བཟང་སོགས་སུ་ཚེ་ཐར་གཏོང་བར་ཤེས་ནས་སྒུག་བསྡད་ནས་ཉ་རྒྱ་ཆེན་པོ་འགྲེམ་པ་དང་། དགོན་པའི་ཉེ་འདབས་སུ་ཚེ་ཐར་ལ་ཚོང་ལོག་རྒྱག་པའི་ཆེད་དུ་རི་བོང་དང་ཕུག་རོག་འདབ་ཆགས་སོགས་མང་དུ་བཟུང་ནས་གསོས་ཤིང་། བཙོང་ནས་ཚེ་ཐར་བཏང་བའི་རྗེས་སུ་སླར་བསྡུས་ནས་ཡང་བཙོང་འོར་བཙོང་བྱེད་པའི་སྤྱོད་ངན་སོགས་བརྟག་པ་མཐའ་བཟུང་མིན་ལ་མངོན་སུམ་དུ་ཡོད་པས། ཚེ་ཐར་བཏང་བ་གཡོ་སྒྱུའི་ཚོང་ལོག་སྤེལ་བའི་མཐུན་རྐྱེན་དུ་སོང་ན་ཚེ་ཐར་གཏོང་བའི་དགེ་སེམས་དང་མཐུན་ནམ། གལ་ཏེ་སྤྱང་ཁུ་ཚེ་ཐར་བཏང་སྟེ། ནོར་ལུག་མང་དུ་བསད་པ་དང་། གདུག་སྦྲུལ་མང་དུ་བཏང་བས་མི་ཟོག་གི་གནོད་འཚེ་རུ་གྱུར་བ་དང་། ཙིག་གུ་མང་དུ་བཏང་བས་ཞིང་བའི་ལོ་ཏོག་ལ་གནོད་པར་སོང་ན་མང་མང་གིས་ཆོས་དགེ་བ་བྱེད་པ་ལ་ལོག་ལྟ་སྐྱེ་བ་དང་མི་དགའ་བའི་རྒྱུ་རུ་མི་འགྱུར་རམ། མ་བརྟག་ཉམས་དགས་ཚེ་ཐར་བཏང་བ་སོགས་ཆོས་ཀྱི་སྤྱོད་པར་སྤྱི་ཚོགས་སྟེང་ན་མི་འདོད་གཏམ་ངན་མང་དུ་བྱུང་འདུག་པས། ཚེ་ཐར་གཏོང་བར་རྩ་འཛུགས་བྱེད་མཁན་དང་རྗེས་འབྲང་ཐམས་ཅད་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་། ཚན་རིག་གི་ཤེས་བྱ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་ལ་འགན་འཁུར་བའི་ལྷག་བསམ་བཅས་ཉུང་དྲག་པས་དེ་དག་གི་རྗེས་སུ་འབྲང་བར་མི་བྱའོ། བོད་ཀྱི་ས་ཆ་ན་ཡང་འཁོར་ཡུག་ལ་སྦགས་རྒྱག་པའི་མང་ཁྲོད་ཀྱི་གོམས་སྲོལ་མང་དུ་འདུག་སྟེ། དཔེ་ན་བླ་མཚོ་དག་ལ་སྨ་སྣ་དང་འབྲུ་དྲུག་བསྲེ་བའི་གཏེར་བུམ་དང་ཁ་དག་འབོར་ཆེན་དྲངས་པ་དང་། ཤོག་གུར་དཔར་བའི་རླུང་རྟ་ས་ཁྱབ་རྡོ་ཁྱབ་ཏུ་གཏོར་བ་སོགས་ཀྱིས་བླ་མཚོ་འབག་རྩོག་ཏུ་བཏང་བ་དང་། གནས་ཁམས་ཆེན་རྣམས་ཤོག་ལུད་ཀྱིས་འབག་རྩོག་ཏུ་བཏང་བ་སོགས་ཆོས་ལུགས་ཀྱི་གོམས་སྲོལ་ཡིན་ཀྱང་ཉེས་སྐྱོན་མང་བས་སྤང་བྱ་ཡིན་ནོ། སངས་རྒྱས་ཆོས་ལུགས་ནི་རྣམ་དཔྱོད་དཔལ་གྱིས་བརྒྱན་པའི་ཆོས་ལུགས་ཡིན་པས། བྱ་བ་གང་ལ་ཡང་རྣམ་དཔྱོད་མིག་གིས་དགེ་སྡིག་ལེགས་ཉེས་ཕྱེ་སྟེ་བླང་དོར་བྱེད་དགོས་སོ།།”རྩོ་ཡིག་ཧྲིལ་པོ་འདི་ནས་ཀློགས།http://www.tibetcm.com/html/special/201403015931.html