རིགས་གྲོལ།
གནམ་ལོ་གསར་པ་བཞད་བྱུང་།།
སྨོན་ལམ་གསར་པ་བཏབ་ཡོད།།
རྒྱལ་ཀུན་ཐུགས་རྗེ་ཅན་པོས།།
སྐྱབས་དང་མགོན་ཞིག་མཛོད་དང་།།
ཚེས་གཅིག་བླ་མའི་ལོ་གསར།།
བླ་མའི་ཞབས་ལ་མཆོད་ཡོད།།
བླ་མ་སྐུ་ཚེ་བརྟན་ཅིང་།།
མཛད་འཕྲིན་རྒྱས་པའི་སྨོན་ལམ།།
ཚེས་གཉིས་རྒྱལ་པོའི་ལོ་གསར།།
མི་དཔོན་ཁྱེད་ལ་མཆོད་ཡོད།།
མི་རྗེ་ལྷག་བསམ་ཅན་པོའི།།
ཐུགས་འདུན་འགྲུབ་པའི་སྨོན་ལམ།།
ཚེས་གསུམ་ལྷ་སྲུང་ལོ་གསར།།
ལྷ་དང་སྲུང་མར་མཆོད་ཡོད།།
ལྷ་སྲུང་དམ་ཚིག་ཅན་དག།
ནུས་མཐུ་རྒྱས་པའི་སྨོན་ལམ།།
བཀྲ་ཤིས་བོད་ཀྱི་ལོ་གསར།།
སྤུན་ཟླའི་ཕྱོགས་ལ་མཆོད་ཡོད།།
སྤུན་དང་ན་ཟླའི་རྨི་ལམ།།
མངོན་དུ་འགྱུར་བའི་སྨོན་ལམ།།
བདེ་ལེགས་བོད་ཀྱི་ལོ་གསར།།
བོད་ཡུལ་ཕྱོགས་ལ་མཆོད་ཡོད།།
བོད་ལྗོངས་ཨ་མའི་དཀའ་སྡུག།
མྱུར་དུ་ཞི་བའི་སྨོན་ལམ།།
ཕུན་ཚོགས་བོད་ཀྱི་ལོ་གསར།།
མེས་པོའི་མདུན་དུ་མཆོད་ཡོད།།
མེས་པོའི་ཞབས་རྗེས་རིང་མོ།།
ཡུན་དུ་གནས་པའི་སྨོན་ལམ།།
ཕྱི་ལོ ༢༠༡༤།༠༣།༣ །བོད་རབ་གནས་ཤིང་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་ཚེས་གཉིས་ཞོགས་པ་ཤར་མར་བྲིས།
ཤིང་རྟའི་ལོ་གསར།
ཤིང་གི་རྒྱལ་པོ་བྱང་ཆུབ་ཤིང་ལྟར་བསོད་ནམས་རབ་རྒྱས་ཤིང་། །
རྟ་ཡི་རྒྱལ་པོ་རྟ་མཆོག་རྟ་མགྲིན་བྱིན་རླབས་མངོན་ཐོན་ཤོག །
ལོ་ཏོག་བཏབ་ཚད་དུས་སྨིན་འགྲོ་བའི་ལུས་སེམས་གསོ་འགྱུར་ཅིག །
གསར་གཏོད་རང་གསོ་ཆིག་སྒྲིལ་གོང་བུ་གཅིག་ཏུ་རྟག་བརྟན་ཤོག །
ཅང་ཤེས་གྱི་ལང་རྟ་ཡི་ལོར། ལྷ་དང་བླ་མས་བྱིན་རླབས་ཀྱིས། བསྟན་འཛིན་ཞབས་བརྟན་བཞེད་ཀུན་འགྲུབ། ཕ་ཁུ་རི་རྒྱལ་དབུ་འཕང་མཐོ། བུ་ཚ་སྟག་སེང་ཁྱུང་འབྲུག་རྒྱས། མ་སྲུའི་གཡང་གི་རྒྱ་མཚོ་བསྐྱིལ། བྱིས་པའི་ལང་ཚོའི་མེ་ཏོག་བཀྲ། ལུས་བདེ་སེམས་སྐྱིད་སྤྲོ་དགའི་འཚོ། ཁ་ལས་རླུང་རྟ་ཡར་ལ་འགྲོ། ཇི་བསམ་དོན་ཀུན་འགྲུབ་པ་དང་། ཚེ་རིང་ནད་མེད་བཀྲ་ཤིས་ཤོག།