(༧གོང་ས་མཆོག་གིས་དབུས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ་བ་ལགས།)
རྗེ། ཀིར་ཤུ་ན་མུར་ཏེ། ལོ་མ་རྒྱལ་གྱིས་བསྒྱུར།
༼ཤར་ཕྱོགས་སྐར་ཆེན་ཚོགས་པ་དེ་ནི་ཡོང་འགྱུར་གྱི་འཛམ་བུ་གླིང་གི་སློབ་དཔོན་དེ་ཁྱབ་བསྒྲགས་བྱེད་པར། སྤྱི་ལོ་༡༩༡༡ ལོར་གསར་འཛུགས་བྱས་པ་ཞིག་ཡིན། ཀིར་ཤུ་ན་མུར་ཏེ་ནི་ཚོགས་པ་དེ་ཡི་མགོ་གཙོ་ཡིན། དེ་ནས། སྤྱི་ལོ་༡༩༢༩ ཟླ་༨ པའི་ཚེས་༢ ཉིན་མོར་ཧོ་ལན་གྱི་གྲོང་ཁྱེར་ཨོ་མན་ནས་སྐར་ཆེན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཞིག་འཚོགས། ཉིན་མོ་དེར། ཀིར་ཤུ་ན་མུར་ཏེ་ཡིས་ཚོགས་མི་༣༠༠༠་གི་མདུན་ནས་སྐར་ཆེན་ཚོགས་པ་འདི་འཐོར་དགོས་པའི་ཁྱབ་བསྒྲགས་བྱས། གཤན་ན་བཀོད་ཡོད་པ་དེ་ནི་ཚོགས་ཆེན་དེར་བསྩལ་བའི་གསུང་བཤད་དེ་ཡིན།༽
དེ་རིང་ཞོགས་པར། ང་ཚོས་སྐར་ཆེན་ཚོགས་པ་འདི་འཐོར་རྒྱུ་ཡིན་པའི་ཐད་ལ་གྲོས་བསྡུར་བྱ་རྒྱུ་ཡིན། དེ་བས། མི་མང་པོ་ཞིག་དགའ་ཡང་སྲིད་ལ། མི་མང་པོ་ཞིག་སྐྱོ་ཡང་སྲིད། ཡིན་ན་ཡང་། དེ་ནི་དགའ་དགོས་པ་དང་སྐྱོ་དགོས་པའི་དོན་དག་ཅིག་མ་རེད། རྒྱུ་མཚན། དེ་ནི་ངེས་པར་དུ་འཐོར་དགོས་པ་ཞིག་ཡིན་པ་ང་རང་གིས་གསལ་བཤད་བྱ་ངེས་ཡིན།
ཁྱོད་རང་ཚོས་ཕལ་ཆེར་གདོན་འདྲེ་ཞིག་དང་ཁོའི་གྲོགས་པོ་གཉིས་ལམ་ཁ་ཞིག་ནས་སོང་བའི་གཏམ་རྒྱུད་དེ་བརྗེད་ཡོད་ཀྱི་མ་རེད། ཁོ་གཉིས་ཀྱིས་མི་ཞིག་གིས་མདུན་ནས་ཐང་གི་རྡོ་ཞིག་བླངས་ཏེ། དེ་ལ་ཞིབ་ལྟ་ཞིག་བྱས་རྗེས། རང་ཉིད་ཀྱི་ཁུག་མར་བཅུག་པ་དེ་མཐོང་རྗེས། གྲོགས་པས་གདོན་འདྲེ་དེ་ལ། མི་དེ་ཡིས་ཐང་ནས་ཅི་ཞིག་བཏུས་སོང་ཞེས་དྲིས་པ་ན། གདོན་འདྲེ་དེ་ཡིས། ཁོས་ཐང་ནས་བདེན་པ་ཞིག་བཏུས་སོང་ཞེས་ལན་བཏབས། དེ་ནས། གྲོགས་པོ་དེ་ཡིས། དེ་ལྟར་ཡིན་ན། དེ་ནི་ཁྱོད་ལ་མཚོན་ན་དོན་ངན་ཞིག་མ་ཡིན་ནམ། ཞེས་བཤད་པར། གདོན་འདྲེ་དེ་ཡིས། དེ་འདྲ་རྩ་བ་ཉིད་ནས་མ་རེད། ངས་ཁོ་ལ་བདེན་པ་སྒྲུགས་སུ་བཅུག་པ་ཡིན། ཞེས་ལན་བཏབས་པ་རེད།
ངས་བསམ་ན་བདེན་པ་ནི་ལམ་བུ་དང་བྲལ་བའི་གནས་དེའོ། ཁྱོད་རང་ལམ་ལུགས་དང་ཆོས་ལུགས། ཚོགས་པ་གང་ཞིག་ལ་འཛུལ་ཞུགས་བྱས་པ་ཡིན་ན། ཁྱོད་ཀྱིས་ནམ་ཡང་བདེན་པ་ནི་ཅི་ཞིག་ཡིན་པ་དེ་ཤེས་མི་ཐུབ། འདི་ནི་ང་རང་གི་ལངས་ཕྱོགས་ཏེ། ནམ་ཡང་ཁེར་ཚུགས་དང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་རྒྱུན་སྐྱོང་བྱ་རྒྱུ་ཡིན། བདེན་པ་ལ་ངེས་ཅན་གྱི་ཚད་གཞི་དང་ཆ་རྐྱེན་ཅི་ཡང་མེད། ལམ་ཁ་གང་རུང་ཞིག་གི་ནང་ནས་ཀྱང་བདེན་པ་ཡི་ཉེ་སར་གཏན་ནས་བཅར་མི་ཐུབ། དེ་ནས། དེ་ཚོགས་པའམ་སྒྲིག་འཛུགས་གང་རུང་ཞིག་གི་རྣམ་པར་བཀོད་མི་རུང་ལ། ཡང་ན། ཚོགས་པ་ཞིག་རྩ་འཛུགས་བྱས་ཏེ། མི་རྣམས་ངེས་ཅན་གྱི་ལམ་ཁ་གང་ཞིག་ལ་འགྲོ་དགོས་བའི་བཙན་ཚུགས་ཀྱང་བྱེད་མི་རུང་། ཐོག་མར་ཁྱོད་ཀྱིས་རྒྱུ་མཚན་དེ་དག་ཤེས་རྗེས། དད་འདུན་ཞིག་རྩ་འཛུགས་བྱེད་པ་དེ་ནི་ཡོང་མི་སྲིད་པ་ཞིག་ཡིན་པ་དེ་ཤེས་ཡོང་།
གང་ཞིག་ལ་དད་པ་བྱེད་མིན་དེ་ནི་མི་སྒེར་གྱི་དོན་དག་རྐྱང་བ་ཞིག་ཡིན་པས། ཁྱོད་ཀྱིས་དེ་རྩ་འཛུགས་ཁྱོན་ནས་བྱེད་མི་ཐུབ། གལ་ཏེ། ཁྱོད་ཀྱིས་དད་འདུན་ཞིག་རྩ་འཛུགས་བྱས་པ་ཡིན་ན། དེ་ལ་གསོན་ཤུགས་བྲལ་ཞིང་མཁྲེགས་རེངས་སུ་གྱུར་འགྲོ དེ་ནས། དེ་ནི་དད་པ་དང་ཆོས་ཚོགས། ཡང་ན། ཆོས་ལུགས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཏེ། མི་གཞན་ལ་དེ་ལྟར་བྱེད་དགོས་པའི་བཙན་ཚུགས་ཀྱང་བྱེད་ཡོང་། འདི་ནི་འཛམ་བུ་གླིང་གི་མི་ཚང་མས་བྱེད་དང་བྱེད་བཞིན་པ་དེ་དང་། བྱེད་ན་འདོད་བཞིན་ཡོད་པ་དེ་རེད། སྐབས་འཚོལ་གྱི་བདེ་སྣང་ཁོ་ན་ལ་དང་དོད་བྱེད་མཁན་དང་། གསོན་ཤུགས་བྲལ་བའི་མི་རྣམས་ཀྱིས་བདེན་པ་ནི་ཕྲ་ཞིང་དོག་པོ་ཞིག་དང་རྩེད་མོ་ལྟ་བུ་ཞིག་ཏུ་བཟོས་འགྲོ བདེན་པ་ནི་ཉམས་དམས་སུ་མི་འགྲོ་བ་མ་ཟད། མི་སྒེར་རེ་རེ་ནས་ཧུར་ཐག་འབད་ཐག་གིས་དེ་མཐོར་འདེགས་བྱེད་དགོས། ཁྱོད་ཀྱིས་རི་བོའི་རྩེ་མོ་དེ་དམའ་མོ་ལུང་མཐིལ་ལ་སྤོར་མི་ཐུབ། གལ་ཏེ། ཁྱོད་རང་རི་རྩེ་རུ་སླེབས་འདོད་ན། ཁྱོད་རང་ངེས་པར་དུ་ལུང་བ་ལ་བརྒྱུད་དགོས་ཤིང་གཡང་གཟར་ནས་འཛེགས་དགོས། ད་དུང་། གཡང་ལ་ཟགས་འགྲོ་བའི་ཉེན་ཁ་དེར་ཡང་འཇིགས་ཤིང་ཞུམ་མི་རུང་ངོ་།
དེ་ནི་སྐར་ཆེན་ཚོགས་པ་འདི་འཐོར་འོས་པའི་ང་རང་གི་རྒྱུ་མཚན་དང་པོ་དེ་ཡིན། དེ་ལྟར་ཡིན་ན་ཡང་། ཁྱོད་ཀྱིས་རྗེས་ནས་ཚོགས་པ་གཞན་པ་ཞིག་ཀྱང་རྩ་འཛུགས་བྱེད་སྲིད་ཅིང་། ཁྱོད་རང་མུ་མཐུད་ནས་ཚོགས་པ་ཞིག་ལ་འཛུལ་ཞུགས་བྱས་ཏེ། བདེན་པ་འཚོལ་ཞིབ་བྱེད་ཀྱང་བྱེད་སྲིད། ང་རང་ལ་ཆ་མཚོན་ན། ནང་བསམ་བློ་དང་འབྲེལ་བའི་ཚོགས་པ་གང་ཞིག་གི་ཁོངས་སུ་ཡང་གཏོགས་ན་མི་འདོད། རྣམ་པ་ལྷན་རྒྱས་ཚོས་དེ་ཤེས་པར་གྱིས་ཤིག
དེ་ནས། དཔེར་ཆ་བཞག་ན། ང་རང་ཚོགས་པ་སྒྲིག་འཛུགས་གང་རུང་ཞིག་ལ་བརྟེན་ནས་ལོན་ཏྲོན་ལ་འབྱོར་བ་དེ་ནི། གཞན་དང་ཧ་ཅང་མི་མཚུངས་བའི་ཚོགས་པ་ཞིག་རེད། དེ་ནི་འཕྲུལ་ཆས་ཀྱི་རང་བཞིན་ཅན་ཞིག་དང་། དེ་ནི་གློག་འཕྲིན་དང་ཡིག་སྐྱེལ་བྱེད་པ་དང་འདྲ་མཚུངས་རེད། དེ་ནས། ང་རང་འཕྲུལ་འཁོར་དང་ཡང་ན་རླངས་འཁོར་ཅིག་ལ་བསྡད་དེ་འགྲུལ་བཞུད་བྱེད་པ་ཡིན་ན། དེ་ནི་ཕྱིའི་དངོས་པའི་འཕྲུལ་ཆོས་ཤིག་ཡིན་པས། ནང་བསམ་བློ་དང་འབྲེལ་བ་ཅི་ཡང་མེད། ཡང་བསྐྱར་ང་རང་གིས་ཚོགས་པ་སྒྲིག་འཛུགས་གང་རུང་ཞིག་གིས་ཀྱང་མི་ཡི་ནང་བསམ་བློ་ཡི་ཐད་ལ་ལམ་སྟོན་བྱེད་མི་ཐུབ་ཅེས་བརྗོད་ན་འདོད།
གལ་ཏེ། ཁྱོད་ཀྱིས་ཚོགས་པ་གང་ཞིག་རྩ་འཛུགས་བྱས་པ་དེ་ནི་ནང་བསམ་བློའི་ཐད་ལ་ལམ་སྟོན་བྱེད་པའི་ཆེད་དུ་ཡིན་ན། དེ་ནི་གཞན་བརྟེན་གྱི་འཁར་བ་ཞིག་དང་། ཉམས་རྒུད། འཆང་བ་ཅན་ཞིག་ཏུ་འགྱུར་འགྲོ་བ་མ་ཟད། ད་དུང་། དེ་ཡིས་ཁྱོད་རང་ཡར་རྒྱས་སུ་འགྲོ་བར་གེགག་བྱེད་ཡོང་ཞིང་། གཞན་ན་མེད་པའི་རང་ཉིད་ཀྱི་རང་གཤིས་སྐྱོང་བར་ཡང་གེགག་བྱེད་ཡོང་། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རང་གཤིས་དེ་ནི། རང་ངོས་ནས་རྟག་ཅིང་རྐྱེན་མེད་ཀྱི་བདེན་པ་དེ་གསར་རྟོགས་བྱེད་པའི་ཁྲོད་ན་གནས་པ་ཞིག་ཡིན། འདི་ནི་ང་རང་ཚོགས་པ་འདི་ཡི་མགོ་གཙོ་ཡིན་པའི་ཆ་ནས། རྒྱུ་མཚན་ཅི་ཕྱིར་ཚོགས་པ་འདི་འཐོར་དགོས་པའི་རྒྱུ་མཚན་གཞན་པ་དེ་ཡིན། ཐག་གཅོད་འདི་ནི་ང་རང་ལ་མི་གཞན་ཞིག་གིས་གོ་བསྐོན་བློ་འགུག་ཐེབས་ཏེ་ཐག་གཅོད་བྱས་པ་ཞིག་གཏན་ནས་མིན་ནོ།
དེ་ནི་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་མ་རེད། རྒྱུ་མཚན་ནི་ང་རང་ལ་འཁོར་དང་རྗེས་འབྲངས་བ་ཡོད་ན་འདོད་ཀྱི་མེད་པས་ཡིན། ཡིན་ན་ཡང་། ང་རང་གིས་ནན་ནན་བཅགས་བཅགས་ཀྱིས་དེ་ལྟར་བྱེད་ངེས་ཡིན། ཁྱོད་རང་མི་གཞན་སུ་ཞིག་གི་རྗེས་སུ་འབྲངས་བ་ནས་བཟུང་། ཁྱོད་རང་བདེན་པ་ཡི་རྗེས་སུ་སྙེག་པ་དེ་མཚམས་ཆད་པ་རེད། ང་རང་གིས་ཁྱོད་ཀྱིས་ངས་བཤད་པའི་སྐད་ཆ་ལ་རྣ་བ་བླགས་ཏེ་ཉན་གྱི་ཡོད་མེད་ལ་དོ་སྣང་མི་བྱེད། གང་ལྟར། ང་རང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཛམ་བུ་གླིང་འདི་ནས་ལས་ཀ་ཞིག་བསྒྲུབ་རྒྱུ་ཡིན། དེ་བཞིན་ང་རང་གིས་དོ་སྣང་བྱེད་བཞིན་ཡོད་པའི་གལ་འགངས་ཆེ་བའི་ལས་ཀ་ཉག་ཅིག་ཡོད་པ་དེ་ནི། མི་རྣམས་ལ་རང་དབང་འཐོབ་པར་བྱེད་པ་དེ་ཡིན། དེ་ཡང་། མི་རྣམས་གཟེབ་དྲ་དང་ཞེད་སྣང་ལས་ཐར་བའམ་རང་དབང་འཐོབ་པར་བྱེད་པ་དང་། ཆོས་ལུགས་དང་ཆོས་ཚོགས་གསར་པ་ཡང་མི་འཚོལ་བ། ལྟ་གྲུབ་དང་གཞུང་ལུགས་གསར་པ་ཡང་འཛུགས་བསྐྲུན་བྱེད་ན་མི་འདོད་པ་དེ་ཡིན།
དེ་ནས། ཁྱོད་ཀྱིས་ང་ལ་རང་བཞིན་གྱིས་དེ་ན་ཁྱོད་འཛམ་བུ་གླིང་གི་ས་ཆ་ག་བ་ག་སར་བསྐྱོད་དེ་མཚམས་ཚུགས་མེད་པར་གསུང་བཤད་གནང་དོན་ཅི་ཡིན་ནམ་ཞེས་དྲི་བ་འདྲི་ངེས་རེད། ང་རང་གིས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ངས་ཁྱོད་ལ་འདི་ལྟར་བརྗོད་ངེས་ཡིན་ཏེ། དེ་ནི་ང་རང་གིས་རང་ཉིད་ལ་འཁོར་དང་རྗེས་འབྲངས་ཤིག་བྱུང་ན་བསམ་པའི་རྒྱུ་མཚན་གྱིས་མིན་ལ། དེ་བཞིན་དམིགས་བསལ་གྱི་སྒྲིག་ཁྲིམས་ལྡན་པའི་དམིགས་བསལ་གྱི་ཚོགས་པ་ཞིག་རྩ་འཛུགས་བྱེད་ན་འདོད་པའི་རྒྱུ་མཚན་གྱིས་ཀྱང་མིན། (སྤྱིར་མི་རྣམས་ནི་རང་ཉིད་ཀྱི་མཐའ་འཁོར་གྱི་མི་རྣམས་ལས་རང་ཉིད་ནི་ཐུན་མོང་མ་ཡིན་པ་ཞིག་ཏུ་འགྱུར་བར་ཧ་ཅང་དགའ། ཁོ་ཚོའི་ཐུན་མོང་མ་ཡིན་པའི་ཆ་དེ་ནི་ཇི་འདྲའི་དགོད་བྲོ་བ་ཞིག་དང་ཆོ་མེད་དོན་མེད་ཞིག་དང་། ཅི་ཡང་མིན་པ་ཞིག་ཡིན་ན་ཡང་། ཁོ་ཚོ་དེ་ལྟར་བྱེད་རྒྱུ་ཧ་ཅང་དགའ། ང་རང་གིས་དེ་ལྟ་བུའི་ཆོ་མེད་དོན་མེད་ཞིག་གི་ཐད་ལ་མི་རྣམས་སེམས་ཤུགས་སྤར་བར་མི་བྱེད་དོ།) ང་རང་ལ་དགེ་ཕྲུག་སོགས་ཅི་ཡང་མེད། ནང་བསམ་བློའི་ཆ་ནས་ཀྱང་མེད་ལ། ཕྱི་འཇིག་རྟེན་པའི་ཆ་ནས་ཀྱང་མེད་དོ། རྒྱུ་ནོར་དང་བདེ་སྣང་ཅན་གྱི་འཚོ་བས་ང་ཡི་ཡིད་སེམས་འགུག་མི་ཐུབ། གལ་ཏེ། ང་ཡི་བདེ་སྣང་ཅན་གྱི་འཚོ་བ་ཞིག་ལ་ལོངས་སྤྱོད་བསམ་ཚེ། ང་རང་ཚོགས་པ་རུ་མི་བཅར་ལ། ཡང་ན། ཚ་རྨུགས་ཆེ་བའི་རྒྱལ་ཁབ་འདི་ནས་སྡོད་རྒྱུ་ཡང་མ་རེད། ངས་སྐད་ཆ་དྲང་མོར་བཤད་ཀྱི་ཡོད། རྒྱུ་མཚན་ནི། འདི་ལྟ་བུའི་ཚོགས་འདུ་ཡང་ནས་ཡང་དུ་འཚོག་ན་མི་འདོད།
གསར་འགོད་པ་ཞིག་གིས་ང་ལ་བཅར་འདྲི་བྱས་སོང་། ཁོས་བསམ་པར་ང་རང་གིས་ཚོགས་མི་སྟོང་ཕྲག་ཁ་ཤས་ཡོད་པའི་ཚོགས་པ་ཞིག་འདི་ལྟར་ཐོར་བ་ནི་གཟི་བརྗིད་དང་རླབས་ཆེན་གྱི་ལས་ཀ་ཞིག་རེད་འདོད་ཀྱི་འདུག ཁོ་ལ་མཚོན་ན། དེ་ལྟར་ཡིན་སྲིད། རྒྱུ་མཚན་ནི་ཁོས་འདི་ལྟར་བརྗོད་ཡོང་ཏེ། ཁྱོད་ཀྱི་མ་འོངས་པ་ན་ཅི་ཞིག་བྱེད་ཀྱི་ཡིན། འཚོ་བ་ཅི་ལྟར་སྐྱེལ་རྒྱུ་ཡིན། ཕྱིན་ཆད་ཁྱོད་ལ་རྗེས་འཇུག་པ་མེད་པས། ཁྱོད་ཀྱི་སྐད་ཆ་ལ་ཉན་མཁན་སུ་ཡང་མེད། ཅེས་བཤད་ཡོང་། ཡིན་ན་ཡང་། མི་ལྔ་དྲུག་ཙམ་ཞིག་གིས་ཉན་འདོད་ཡོད་པ་དང་། ཉན་དེ་འཚོ་འདོད་ཡོད་དེ། རྟག་བརྟན་ནམ་བདེན་པའི་གནས་དེར་བསྐྱོད་ཐུབ་ཚེ། ཡིད་སེམས་ཚིམས་སོང་བ་ཡིན།
གལ་ཏེ། ང་ལ་རྗེས་འཇུག་པ་སྟོང་ཕྲག་ལྷག་ཡོད་ན་ཡང་། སེམས་ན་གོ་རྟོགས་དང་སད་རྟོགས་ཀྱི་ཆ་དེ་མེད་པར། སེམས་ལ་ཕྱོགས་ལྷུང་གིས་ཁེངས་ཏེ། གསར་གཏོད་ཀྱི་རྣམ་པར་གཞར་ཡང་མི་འཇུག་པ་མ་ཟད། གསར་བྱུང་མཐའ་དག་ཁོ་ཚོའི་རང་ཉིད་ཀྱི་རྙིང་རུལ་དང་མཁྲེགས་རེངས་ཀྱི་རྣམ་པ་དེར་བསྟུན་ཅི་ཐུབ་དང་། སྦྱོར་ཅི་ཐུབ་བྱས་ཚེ། དེ་འདྲའི་སྟོང་ཕྲག་མང་པའི་རྗེས་འཇུག་གིས་ཅི་བྱ། གལ་ཏེ། ང་རང་གིས་བཤད་པ་རྣམས་རྣ་བར་མི་སྙན་པར་རྩུབ་ཤུགས་ཆེ་ཚེ། ཚང་མ་གོ་ནོར་མ་ཐེབས་རོགས། དེ་ནི་རང་ལ་བྱམས་དང་བརྩེ་བ་མེད་པའི་རྒྱུ་མཚན་ནི་མིན། གལ་ཏེ། ཁྱོད་ཚོ་བཤགས་བཅོས་སྨན་ཁང་ཞིག་ཏུ་བཤགས་བཅོས་བྱེད་དུ་སོང་བའི་དབང་དུ་བཏང་བ་ཡིན་ན། དེ་ཡིས་ཁྱོད་རང་ལ་སྡུག་བསྔལ་དང་ཟུག་གཟེར་བསློངས་ན་ཡང་། སྨན་པ་ལ་བྱམས་དང་བརྩེ་བ་མི་འདུག་ཅེས་སུ་ལབ་ཐུབ། གནས་ལུགས་དེ་དང་གཅིག་མཚུངས་ཀྱིས། གལ་ཏེ། ང་རང་གི་སྐད་ཆ་ལསྙན་པོ་མེད་ན། དེ་ནི་ང་རང་ལ་བྱམས་དང་བརྩེ་བ་མེད་པའི་རྒྱུ་མཚན་ཞིག་གཏན་ནས་མིན།
ང་རང་གིས་སྔོན་ལ་བཤད་པ་ལྟར། ང་རང་ལ་དམིགས་ཡུལ་གཅིག་ཁོ་ན་ཡོད་པ་དེ་ནི། མི་རྣམས་ལ་རང་དབང་འཐོབ་པར་བྱེད་རྒྱུ་དེ་ཡིན་ལ། མི་རྣམས་རང་དབང་གི་གནས་སུ་ཕྱོགས་སྟོན་བྱེད་པ་དེ་ཡིན། མི་རྣམས་ལ་རོགས་རམ་བྱས་ཏེ། ཁོ་ཚོ་ཚད་འཛིན་མཐའ་དག་ལས་ཐར་བར་བྱེད་པ་དང་། ཐིག་ཤིང་ཡོད་ཚད་གཏོར་བར་བྱེད་པ་དེ་ཡིན། དེ་ལྟར་བྱས་པས། མི་ཡི་ནང་སེམས་ལ་བདེ་བ་སླེབས་ཡོང་། དེ་ལྟར་བྱས་པས། ཚོད་འཛིན་དང་སྟངས་འཛིན་ཅི་ཡང་མེད་པར་རང་ཉིད་རང་གི་རྟོགས་པར་བྱེད་ཐུབ།
རྒྱུ་མཚན་ནི། ང་རང་རང་དབང་དང་ལྡན་པ་ཡིན། ཚོད་འཛིན་དང་བྲལ་བ་ཡིན། ཆ་ཚང་བ་ཡིན་ལ་ཆ་ཤས་ཅན་ནི་མ་ཡིན་ཞིང་། ལྟོས་བཅོས་པ་ཞིག་ཀྱང་མིན་ནོ། གང་ལྟར། བདེན་པ་ནི་རྟག་ཅིང་བརྟན་པའོ། ངས་བསམ་པར་ཁོ་ཚོས་ང་ལ་རྒྱུས་ལོན་བྱས་ཏེ། རང་དབང་འཐོབ་ན་འདོད་ཀྱི་ཡོད་པ་ལས། ཁོ་ཚོ་ང་རང་གི་རྗེས་སུ་འབྲངས་བར་བྱེད་ན་མི་བསམ་ཞིང་། ཁོ་ཚོས་ང་ལས་གཟེབ་དྲ་ཞིག་བསྐྲུན་ཏེ། དེ་ཆོས་ལུགས་དང་ཆོས་ཚོགས་གང་རུང་ཞིག་ཏུ་འགྱུར་ན་མི་འདོད། འདོད་པ་དེ་ནི་ཁོ་ཚོ་ཞེད་སྣང་མཐའ་དག་ལས་ཐར་ན་སྙམ་པ་དེ་ཡིན།
དེ་ཡང་། ཆོས་ལུགས་ཀྱི་ཞེད་སྣང་དང་། སྐྱབས་གནས་ཀྱི་ཞེད་སྣང་། ནང་བསམ་བློའི་སྟེང་གི་ཞེད་སྣང་། བརྩེ་བ་ཡི་ཞེད་སྣང་། འཆི་བ་ཡི་ཞེད་སྣང་། འཚོ་བ་ཡི་ཞེད་སྣང་བཅས་ཡིན། སྒྱུ་རྩལ་པ་ཞིག་ལ་ཆ་མཚོན་ན། ཁོས་ནི་རི་མོ་འབྲི་བཞིན་ཡོད། རྒྱུ་མཚན་རི་མོ་འབྲི་བའི་ཁྲོད་ན་ཁོང་ལ་དགའ་བ་དང་སྤྲོ་བ་ཞིག་ཡོད་པས་རེད། རྒྱུ་མཚན། དེ་ནི་ཁོའི་རང་ཉིད་ཀྱི་བསམ་བློའི་མཚོན་བྱེད་རེད། ཁོའི་རང་ཉིད་ཀྱི་གཟི་བརྗིད། ཁོིའི་རང་ཉིད་ཀྱི་བདེ་སྐྱིད་རེད། དེ་དེ་བཞིན། ང་རང་གིས་དེ་ལྟར་བྱེད་དོན་ཡང་། རྣམ་པ་གཞན་ཞིག་ཏུ་འགྱུར་བར་བསམ་པའི་རྒྱུ་མཚན་ནི་ཁྱོན་ནས་མིན་ནོ།
ཁྱོད་ཚོ་དབང་གྲགས་དང་དབང་གྲགས་ཀྱི་ཁོར་ཡུག་ལ་གོམས་ལོབས་སུ་སོང་ནས་འདུག ཁྱོད་ཚོས་བསམ་པར། དེ་ཡིས་ཁྱོ་རང་ནང་བསམ་བློ་ཡི་ཐད་ལ་ཁྲིད་སྟོན་བྱེད་པར་འདོད་ཀྱི་ཡོད། ཡང་ན། ཁྱོད་ཚོས་དེ་ལྟར་བསམ་བཞིན་ཡོད་ལ། དེ་ལྟར་རེ་བ་ཡང་བྱེད་ཀྱི་ཡོད། ད་དུང་། མི་གཞན་ཞིག་གི་ངོ་མཚར་ཞིང་ཁྱད་དུ་འཕགས་པའི་ནུས་པ་ཞིག་གིས་རང་ཉིད་བདེ་བ་དང་རང་དབང་གི་ཞིང་ཁམས་དེ་ལ་སྐྱེལ་ན་བསམ་བཞིན་ཡོད། དེ་བས། ཁྱོད་ཀྱིས་རང་ཉིད་ཀྱི་མི་ཚེ་ཡི་ལྟ་ཚུལ་དང་ལངས་ཕྱོགས་གང་ཚང་དབང་ཤུགས་དང་གྲགས་པ་ཁོ་ན་ལ་གཞི་བཅོལ་བྱས་ནས་འདུག
ད་ནས་རྩིས་ཏེ། ལོ་ངོ་གསུམ་གྱི་རིང་ལ་ཁྱོད་ཚོས་ང་ཡི་སྐད་ཆ་ལ་ཉན་ནས་ཡོང་བ་རེད། ཡིན་ན་ཡང་། ཏོག་ཙམ་ཞིག་མ་གཏོགས་འགྱུར་བ་ཅི་ཡང་བྱུང་མི་འདུག ད་ནི་ང་རང་གིས་ཅི་ཞིག་བཤད་པ་ཐམས་ཅད་ལ་བརྟག་དཔྱད་གྱིས། དོགས་སློང་བྱོས། དེ་ལྟར་བྱས་ན། ཁྱོད་ཚོས་ཕལ་ཆེར་རྩ་བའི་སྒོ་ནས་ང་རང་གིས་ཅི་ཞིག་བཤད་ཀྱི་ཡོད་པ་དེ་རྟོགས་ངེས། གལ་ཏེ། ནང་སེམས་ལ་མཛུབ་སྟོན་བྱེད་ཆེད་དུ། ཁྱོད་ཀྱིས་དབང་གྲགས་གང་ཞིག་ལ་དོན་གཉེར་བྱས་པ་ཡིན་ན། ཁྱོད་ཀྱིས་རང་བཞིན་གྱིས་དབང་གྲགས་ཀྱི་མཐའ་ལ་ཚོགས་པའམ་སྒྲིག་འཛུགས་ཤིག་བསྐྲུན་ཡོང་། ཁྱོད་ཀྱིས་བསམ་པར། ཚོགས་པ་དེ་ཡིས་དབང་གྲགས་དེ་ལ་འགབ་སྲུང་བྱས་ཏེ། ནང་བསམ་བློའི་སྟེང་ལ་ཁྲིད་སྟོན་བྱེད་པར་སྙམ་བཞིན་ཡོད། ཡིན་ན་ཡང། ཁྱོད་རང་གཟེབ་དྲའི་ནང་ལ་ཚུད་ནས་ཡོད་པ་རེད།
སྐད་ཆ་དྲང་མོར་བཤད་ན། ཁྱོད་ཀྱིས་ཁོང་ཁྲོ་དང་གདུག་རྩུབ་ཀྱི་རྣམ་པ་གང་ཡང་མེད་པ་མ་ཟད། ང་རང་ཉིད་ཀྱི་དམིགས་འདུན་གང་ཞིག་ལ་དུངས་ཞེན་ཡང་ཅི་ཡང་མེད་པའི་སྒོ་ནས། ང་རང་གིས་དེ་ལྟར་སྒྲུབ་བཞིན་ཡོད་པ་དེ་སེམས་ལ་འཇོག་རོགས་གྱིས་ཞུ་བ་ཡིན། རྒྱུ་མཚན་ནི་ཁྱོད་ཀྱིས་ང་རང་གིས་ཅི་ཞིག་བཤད་པ་དག་ལ་གོ་བ་ཞིག་རག་ན་བསམ་བཞིན་ཡོད། དེ་ནི་ཁྱོད་རང་འདིར་ཡོང་བའི་དགོས་པ་རྒྱུ་མཚན་དེ་ཡང་རེད། གལ་ཏེ། ང་རང་གིས་ངའི་ལངས་ཕྱོགས་འདི་གསལ་བཤད་ཐག་ཆོད་པོ་ཞིག་དང་གསལ་བོ་ཞིག་མ་རྒྱབ་ཚེ། དུས་ཚོད་འཕྲོ་བརླག་ཡིན་རྒྱུ་རེད།
ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཁྱོད་ཚོས་ཚོགས་པ་འདི་ཡི་ཆེད་དང་། ཡོང་འགྱུར་འཛམ་བུ་གླིང་གི་སློབ་དཔོན་དེ་ཡི་ཕྱིར་དུ། གྲ་སྒྲིག་དང་སྟ་གོན་གང་མང་བྱས་ནས་ཡོང་། ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཁྱོད་ཚོས་ཚོགས་པ་འདི་རྩ་འཛུགས་བྱས་ཏེ། མི་ཞིག་བཙལ་ནས། ཁོས་ཁྱོད་ཚོའི་སེམས་ལ་བདེ་བ་གསར་བ་ཞིག་སྦྱིན་པ་དང་། ཁྱོད་ཀྱི་མི་ཚེ་ལ་འགྱུར་བ་གཏོང་བ། ཁྱོད་ལ་གོ་རྟོགས་གསར་བ་ཞིག་སྟོབ་པ། དེ་ནས། ཁྱོད་ཚོའི་འཚོ་བ་ཡང་ཡར་རྒྱས་སུ་སོང་ཏེ། གནས་བབ་གསར་བ་ཞིག་སྩོལ་བ། སྙིང་སྟོབས་དང་རང་དབང་ཡང་སྦྱིན་པར་རེ་བ་བྱས། ཡིན་ན་ཡང་། ད་ལྟ་ཅི་ཞིག་བྱུང་ཡོད་མེད་ལ་གཅིག་ལྟོས་དང་། རྒྱུ་མཚན་རྣལ་མ་དང་ལྡན་པའི་སྒོ་ནས་དད་འདུན་གང་ཞིག་གིས་ཁྱོད་རང་གཞན་དང་མི་འདྲ་བ་ཞིག་བཟོ་བཞིན་ཡོད་མེད་ལ་བསམ་གཞིགས་དང་རྒྱུས་ལོན། འཚོལ་ཞིབ་བྱོས། མ་འདྲ་བ་བཟོས་ཡོད་པ་དེ་ཡང་། ཚོགས་པ་གང་ནས་ཡིན་པ་ལྟ་བུའི་བྲང་ལ་འདོགས་རྒྱུའི་མཚོན་རྟགས་དེ་འདྲའི་ཕྱི་ཚུལ་ཙམ་གྱི་མི་འདྲ་བ་དེ་ཡང་མིན་ནོ། དེ་ལྟ་བུའི་མི་འདྲ་བ་ནི་ཇི་འདྲའི་ཙག་ཙིག་ཅིག་དང་། ཇི་འདྲའི་མདོ་རྩ་བྲལ་བ་ཞིག་རེད་ཨང་།
དེ་འདྲའི་དད་འདུན་གྱིས་ཇི་ལྟར་མི་ཚེའི་ནང་གི་དོ་གལ་མི་ཆེ་བའི་བྱ་དངོས་རྣམས་ཕྱག་མས་ཕྱག་ཕྱག་ལྟར་མེད་པར་བཟོ་ཐུབ་བམ། འདི་ནི་ཐག་གཅོད་ཀྱི་ཚད་གཞི་ཁོ་ན་སྟེ། ཁྱོད་ཚོ་ཕྱོགས་གང་གི་ཐད་ནས་སྔར་ལས་རང་དབང་དང་གཟི་བརྗིད་ལྡན་པར་གྱུར་འདུག་གམ། ཆོ་མེད་མདོ་མེད་དང་དོ་གལ་བྲལ་བའི་དོན་དག་གཞི་ལ་བཞག་སྟེ། རྩ་འཛུགས་བྱས་པའི་ཚོགས་པ་ལ་སྔར་ལས་ཞེད་སྣང་གི་བློ་ཞིག་མེད་དམ། དེ་བཞིན། སྐར་ཆེན་ཚོགས་པའི་ཚོགས་མི་རྣམས་ཀྱང་ཕྱོགས་གང་གང་གི་ཐད་ནས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་འདུག་གམ། ང་རང་གིས་བཤད་ཟིན་པ་ལྟར། ཁྱོད་ཚོས་ལོ་བཅོ་བརྒྱད་ཀྱི་རིང་ལ་ང་རང་གི་ཆེད་དུ་གྲ་སྒྲིག་དང་སྟ་གོན་མང་པོ་བྱས་ཡོད་པ་རེད། ང་རང་གིས་ཁྱོད་ཚོས་ང་ནི་འཛམ་བུ་གླིང་གི་སློབ་དཔོན་ཡིན་མིན་དེར་ཡིད་ཆེས་ཡོད་མེད་ལ་དོ་སྣང་མི་བྱེད། དེ་ནི་གལ་ཆེན་པོ་ཞིག་མ་རེད། ཁྱོད་རང་ཚོ་སྐར་ཆེན་ཚོགས་པ་འདིར་ཞུགས་པ་ནས་བཟུང་། ཀིར་ཤུ་ན་མུར་ཏེ་ནི་འཛམ་བུ་གླིང་གི་སློབ་དཔོན་ཡིན་པའི་ཐད་ལ། ཆ་ཤས་དང་ཧྲིལ་བོའི་སྒོ་ནས། གདུང་སེམས་མཉམ་བསྐྱེད་དང་ཁོས་ལེན་ངོས་ལེན། ད་དུང་ནུས་ཤུགས་ཀྱང་མང་པོ་བཏོན་ཡོད། ཧྲིལ་བོ་ཅན་ལ་མཚོན་ན། ཁོ་ཚོ་ནི་འཚོལ་ཞིབ་བྱེད་མཁན་དངོས་ནས་དེ་ཡིན་པ་དང་། ཆ་ཤས་ཅན་རྣམས་ལ་ཆ་མཚོན་ན། ཁོ་ཚོའི་རང་ཉིད་ཀྱི་ཆ་མ་ཚང་བའི་བདེན་པ་དེ་ལ་འདོད་བློ་ཚིམ་པའི་ཆེད་དུ་རེད།
ཁྱོད་ཚོས་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཚོགས་པ་འདི་ཡི་ཆེད་དུ་གྲ་སྒྲིག་དང་སྟ་གོན་མང་པོ་བྱས་ནས་སླེབས་ཡོང་བ་རེད། དེ་ནས། ཁྱོད་ཚོས་བསམ་བློ་ཞིག་ཐོངས་དང་། གོ་རིམ་དེ་དག་གི་ཁྲོད་ནས། ལས་ཀ་དེ་ལྟར་བྱས་པའི་ངང་ནས། ཁྱོད་ཀྱི་གོ་རྟོགས་དང་བསམ་བློ་ལ་དཀའ་ངལ་མང་པོ་ཞིག་བྱུང་ཡོང་བ་དང་། དེ་བཞིན་རྙོག་ཟིང་དང་ཆོ་མེད་མདོ་མེད་ཀྱི་དོན་དག་ཙག་ཙིག་མང་པོ་ཞིག་ཀྱང་སླེབས་ཡོང་ཡོད། ཁྱོད་ཀྱི་ཕྱོགས་ལྷུང་གི་བསམ་བློ་དང་། ཞེད་སྣང་། དབང་ཆ། དགོན་པ་གསར་རྙིང་བཅས་འདི་དག་ཐམས་ཅད་ནི་ཁྱོད་ཀྱི་ཤེས་རྟོགས་ཀྱི་བསམ་བློ་དེ་ཡི་བཀག་རྡོ་ལྟ་བུ་ཡིན་པ་ང་རང་གིས་བཤད་ཡོད། དེ་ལས་ལྷག་གི་ང་རང་གིས་གསལ་བོ་གསལ་རྐྱང་ཞིག་བཟོ་ཐུབ་ཀྱི་མི་འདུག དེ་བཞིན། ཁྱོད་ཀྱིས་མགོ་ལྕོག་ལྡེམ་ལྡེམ་གྱི་སྒོ་ནས་ང་ལ་མོས་མཐུན་དང་རྒྱབ་སྐྱོར་དགོས་པའི་འདོད་པ་ཡང་མེད་ལ། ཁྱོད་རང་ང་ཡི་རྗེས་སུ་འབྲངས་དགོས་པའི་རེ་བ་ཡང་མེད། གང་ལྟར། ང་རང་གིས་ཁྱོད་ཀྱིས་ངས་ཅི་ཞིག་བཤད་ཀྱི་ཡོད་མེད་དེ་ལ་གོ་བ་ཞིག་རག་ན་འདོད་པ་དེ་ཡིན།
གོ་བ་དེ་ལྟར་ངེས་རྒྱུ་དེ་ཡང་ཧ་ཅང་གི་དགོས་ངེས་ཤིག་ཡིན། རྒྱུ་མཚན་ནི་ཁྱོད་ཀྱི་དད་འདུན་གང་ཞིག་གིས་ཁྱོད་ཀྱི་སེམས་རྒྱུད་ལ་འགྱུར་བ་གང་ཡང་བཏང་མེད། དེ་ཡང་། གཙོ་བོ་ཁྱོད་ཀྱིས་དོན་དག་རྣམས་ཇི་ལྟར་ཡིན་པའི་དངོས་ཡོད་དེ་ངོས་ལེན་དང་། དེ་ལ་གདོང་གཏོད་ཐུབ་ཀྱི་མེད་པས་ཡིན། དེ་ནས། ཁྱོད་ཀྱིས་རང་ཉིད་ལ་སྔར་ཡོད་ཀྱི་ལྷའམ་དཀོན་ཅོག་རྙིང་པ་དེ་ལས། ལྷའམ་དཀོན་ཅོག་གསར་པ་ཞིག་དགོས་ན་འདོད་པ་དང་། དེ་བཞིན། ཆོས་ལུགས་དང་རྣམ་པ་ཡང་སྔར་ཡོད་ཀྱི་རྙིང་པ་གང་ཞིག་ལས། གསར་པ་ཞིག་ཡོད་ན་བསམ་བཞིན་ཡོད། མདོར་ན། དེ་དག་ཚང་མ་རིན་ཐང་དང་དོན་སྙིང་གིས་སྟོང་བ་རྐྱང་རྐྱང་ཡིན་པ་མ་ཟད། དེ་དག་ནི་ཚད་བཀག་དང་གཞན་རྟེན་གྱི་ལས་འབའ་ཞིག་གོ གང་ལྟར། ཁྱོད་ཚོའི་ནང་བསམ་བློའི་ཐད་ལ། རྟོག་པའམ་བག་ཆགས་རྙིང་བ་ཞིག་གི་ཚབ་ལ་རྟོག་པའམ་བག་ཆགས་གསར་པ་ཞིག་འདྲེན་པ་དང་། དེ་བཞིན། དད་པ་ཡང་རྙིང་པ་ཞིག་ཚབ་ལ་དད་པ་གསར་པ་ཞིག་དང་ལེན་དང་དེ་ལ་རེ་སྨོན་ཞུ་བཞིན་འདུག
ཁྱོད་ཚོ་ཚང་མས་རང་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་དེ་གཞན་ཞིག་ལ་རྟེན་ནས་འདུག རང་ཉིད་ཀྱི་བདེ་སྐྱིད་ཀྱང་གཞན་ཞིག་ལ་བརྟེན་ནས་འདུག རང་ཉིད་ཀྱི་ནང་སེམས་ཀྱི་སད་རྟོགས་དེ་ཡང་གཞན་ཞིག་ལ་བརྟེན་ནས་འདུག དེ་ནས། ཁྱོད་ཀྱིས་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ང་ཡི་ཆེད་དུ་གྲ་སྒྲིག་སྣ་ཚོགས་ཤིག་བྱས་ཡོད་ཀྱང་། ང་རང་གིས་ཁྱོད་ཚོ་ལ་དེ་དག་ནི་དགོས་ངེས་ཅན་ཞིག་མ་ཡིན་པ་དང་། དེ་དག་ལོགས་སུ་དོར་ཏེ། རང་བློ་ཡི་སད་རྟོགས་དང་། དྲི་མས་མ་བསྒོས་པ། གཟི་ཤུགས་ལྡན་པ། རང་རྒྱུད་གཙང་ཞིང་དྲང་བོར་གནས་པའི་ཆེད་དུ། རྟག་པར་རང་སེམས་ལ་ལྟ་རྟོག་བྱོས་ཞེས་བཤད་དུས། ཁྱོད་ཚོ་སུ་གཅིག་གིས་ཀྱང་དེ་ལྟར་སྒྲུབ་འདོད་བྱེད་ཀྱི་མེད། གལ་ཏེ་ཡོད་པའི་དབང་དུ་བཏང་ན་ཡང་། ཧ་ཅང་ཧ་ཅང་གི་རེ་ཟུང་ཞིག་མ་གཏོགས་མི་འདུག་ཨང་། དེར་བརྟེན། ཚོགས་པའམ་སྒྲིག་འཛུགས་ཤིག་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
ནོར་འཁྲུལ་དང་ཚུལ་འཆོས་ཅན་གྱི་མི་རྣམས་ནི་རྒྱུ་མཚན་ཅི་ཕྱིར་བདེན་པའི་སྦྲུལ་གཟུགས་ཀྱི་ང་རང་གི་རྗེས་སུ་འབྲངས་བཞིན་ཡོད་དམ། ང་རང་གིས་བྱམས་བརྩེ་དང་བྲལ་ཞིང་རྩིང་ལ་རྩུབ་པའི་སྐད་ཆ་ཞིག་བཤད་ཀྱི་མེད་པ་དེ་ཡང་ཤེས་པར་གྱིས་ཤིག ཡིན་ན་ཡང་། ཁྱོད་ཀྱིས་ཆོས་དངོས་རྣམས་ཇི་ལྟར་ཡིན་པའི་དངོས་ཡོད་རང་བཞིན་དེ་ངོས་ལེན་དང་། དེ་ལ་གདོང་གཏོད་དུས། ང་ཚོ་གཞི་ནས་གནས་རིམ་ཞིག་ཏུ་བསླེབས་ཚར་ཡོད། ང་རང་གིས་ན་ནིང་བཤད་པ་ལྟར། ང་རང་ནི་གཞན་གང་ཞིག་ལ་ཡང་མཐུན་སྒྲིག་བྱེད་ན་མི་སྙམ། སྐབས་དེར། མི་རེ་ཟུང་ཞིག་གིས་མ་གཏོགས་ངའི་སྐད་ཆ་ལ་ཉན་མ་སོང་། གང་ལྟར་ཀྱང་། ད་ལོ་ང་རང་གིས་དོན་དག་དེ་གསལ་བོ་གསལ་རྐྱང་ཞིག་བཟོས་པ་ཡིན། དེ་ནས། ང་རང་གི་ཆེད་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གྲ་སྒྲིག་སྣ་ཚོགས་བྱེད་མཁན་གྱི་འཛམ་བུ་གླིང་དང་ཚོགས་པ་འདིའི་མི་ག་ཚོད་ཅིག་ཡོད་མེད་དེ་བགྲང་གི་མི་ལང་ན་ཡང་། ད་ལྟ་ཁོ་ཚོས་ཡོངས་སུ་རྫོགས་པ་དང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས། ང་ཡི་ཅི་ཞིག་བཤད་པ་དེ་ལ་ཉན་འདོད་བྱེད་ཀྱི་མི་འདུག
ང་རང་གིས་སྔོན་ལ་བཤད་མྱོང་བ་ལྟར། ང་རང་གི་དམིགས་ཡུལ་ནི་མི་རྣམས་ཆ་རྐྱེན་ཅི་ཡང་མེད་པར་རང་དབང་འཐོབ་པར་བྱེད་པ་དེ་ཡིན། རང་ཉིད་ལ་དྲི་མས་མ་བསྒོས་པ་དེ་ནི་སེམས་ཀྱི་དེ་ཁོ་ན་ཉིད་དེ་ཡིན། དེ་ནི་ནམ་ཡང་འགྱུར་བ་མེད་པའི་རྟག་ཅིང་བརྟན་པ་ཞིག་ཡིན་པ་མ་ཟད། བརྩེ་ཞེན་དང་རིགས་ཤེས་བར་གྱི་མཐུན་གནས་ཞིག་ཀྱང་ཡིན། དེ་ནི་ད་གཟོད་ཚུགས་ཐུབ་དང་རྐྱེན་མེད་ཀྱི་བདེན་པ་དེ་ཡང་ཡིན། བདེན་པ་དེ་ནི་ཚེ་སྲོག་གི་རང་བཞིན་དེ་ཡིན། དེ་ཡིན་པ་སོང་ཙང་། ང་རང་གིས་མི་རྣམས་རང་དབང་འཐོབ་པར་བྱེད་ན་འདོད། དེ་ཡང་། དྭངས་ཤིང་གསལ་བའི་ནམ་མཁའ་ཡི་བྱ་ཞིག་དང་འདྲ་བར་བདེ་ཞིང་སྐྱིད་ན་སྙམ་པ་མ་ཟད། དེ་ལྟ་བུའི་རང་དབང་གི་ཁྲོད་ནས་ཚོད་འཛིན་དང་བཀག་སྡོམ་ཅི་ཡང་མེད་པར་རང་སྐྱ་འཕར་བའི་སྒོ་ནས་བདེ་ཞིང་སྐྱིད་ན་ཡང་འདོད།
ང་རང་གི་ཆེད་དུ་ཁྱོད་ཚོས་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གྲ་སྒྲིག་སྣ་ཚོགས་བྱས་ནས་ཡོང་བ་རེད། ད་ནི་ཁྱོད་ཚོ་དོན་དག་དེ་དག་ལས་ཐར་བར་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་གནད་དོན་དང་སྡོམ་གཅུན་ལས་ཀྱང་ཐར་བར་བྱེད་དགོས། རྒྱུ་མཚན་མ་ཁ་བོ་འདིའི་ཆེད་དུ་ནང་སེམས་ཀྱི་དད་འདུན་ཞིག་ལ་གཞི་བཅོལ་བྱས་ཏེ། ཚོགས་པ་སྒྲིག་འཛུགས་ཤིག་འཛུགས་བསྐྲུན་བྱེད་མི་རུང་དེ་ཡིན། ཆོ་མེད་དོན་མེད་ཀྱི་དོན་དག་ཙག་ཙིག་རྣམས་ལོགས་སུ་བསྐྱུར་མཁན་དང་། དཀའ་སྤྱད་འབད་རྩོལ་བྱེད་མཁན། བསམ་བློར་གོ་རྟོགས་ལྡན་མཁན་གྱི་འཛམ་བུ་གླིང་གི་མི་ལྔའམ་བཅུ་སྐོར་ཞིག་ལ་ཚོགས་པ་སྒྲིག་འཛུགས་ཤིག་དགོས་དོན་ཡོད་དམ། དེ་ནས། དབུལ་ཕོངས་ཉམས་ཐག་གི་མི་རྣམས་ལ་ཆ་བཞག་པ་ཡིན་ན། ཚོགས་པ་སྒྲིག་འཛུགས་ཤིག་གིས་ཁོ་ཚོར་བདེན་པ་འཚོལ་བར་རོགས་ཕན་གང་ཡང་བྱེད་མི་ཐུབ། རྒྱུ་མཚན། བདེན་པ་ནི་མི་རེ་རེ་ཡི་ནང་སེམས་ན་ཡོད་པ་ཞིག་ཡིན། དེ་ནི་ཐག་རིང་པོ་ན་ཡང་མེད་ལ། ཐག་ཉེ་བོ་ན་ཡང་མེད། དེ་ནི་ནམ་ཡང་རྟག་ཅིང་བརྟན་པོར་དེ་ན་གནས་པ་ཞིག་ཡིན།
ཚོགས་པ་སྒྲིག་འཛུགས་ཤིག་གིས་ཁྱོད་རང་ལ་རང་དབང་འཐོབ་པར་བྱེད་མི་ཐུབ། ཕྱི་ཡི་མི་གཞན་སུ་ཞིག་གིས་ཀྱང་ཁྱོད་རང་ལ་རང་དབང་འཐོབ་པར་བྱེད་མི་ཐུབ། ཚོགས་པ་ཅན་གྱི་ཕྱག་མཆོད་པ་བྱེད་པ་དང་། དོན་དག་ཅིག་གི་ཆེད་དུ་རང་སྲོག་བློས་བཏང་བྱས་པས་ཀྱང་ཁྱོད་ལ་རང་དབང་འཐོབ་པར་བྱེད་མི་ཐུབ། དེ་བཞིན་དུ་ཁྱོད་རང་ཚོགས་པ་ཞིག་གི་ནང་དུ་འཛུལ་ཞུགས་བྱེད་པ་དང་། དེ་ནས་ལས་ཀ་ཞིག་ལ་ཤི་འཐེན་རོ་འཐེན་བྱས་པས་ཀྱང་། ཁྱོད་ལ་རང་དབང་འཐོབ་མི་སྲིད། ཁྱོད་ཀྱིས་གློག་ཀླད་བེད་སྤྱོད་བྱས་ཏེ། ཡི་གེ་འབྲི་སྲིད་མོད། ཡིན་ན་ཡང་། དེ་ཁྱོད་ཀྱི་དུར་ཤིང་གི་སྟེང་དུ་ཕེབས་ཏེ་ཕྱག་མཆོད་བྱེད་མི་ཐུབ། ཡིན་ན་ཡང་། ཚོགས་པའམ་སྒྲིག་འཛུགས་ནི་ཁྱོད་ཀྱིས་རྩ་ཆེན་གལ་ཆེན་ཞིག་ལ་བརྩིས་དུས། དེ་དག་ནི་ཁྱོད་ཀྱིས་ཅི་ཞིག་སྒྲུབ་བཞིན་ཡོད་པ་དེ་དག་རེད།
ཚོགས་པ་འདི་ན་ཚོགས་མི་ག་ཚོད་ཡོད་དམ་ཞེས་པ་འདི་ནི་གསར་འགོད་པ་རྣམས་ཀྱིས་ང་ལ་འདྲི་བའི་དྲི་བ་ཐོག་མ་དེ་རེད། དེ་མ་ཟད། ཁོ་ཚོས་ཁྱོད་ལ་རྗེས་འབྲངས་པ་ག་ཚོད་ཅིག་ཡོད། ཁ་གྲངས་དེ་ཡིས་ང་ཚོས་ཁྱོད་ཀྱིས་སྐད་ཆ་རྣམས་བདེན་མིན་དེ་ཐག་གཅོད་བྱེད་ཐུབ། ཅེས་བཤད་ཡོང་། ང་རང་གིས་ཚོགས་པ་འདི་ན་ཚོགས་མི་ག་ཚོད་ཅིག་ཡོད་མེད་དེ་ཧ་གོ་མ་སོང་། ངས་དེ་སྐོར་ལ་དོ་སྣང་བྱེད་ཀྱི་མེད། ང་རང་གིས་བཤད་མྱོང་བ་ལྟར། མི་རྣམས་རང་དབང་འཐོབ་ན་འགྲིག་ཅིང་འཐུས་སོ།
ད་ལྟ་ཡིན་ན་ཡང་། ཁྱོད་ཚོས་འདི་ལྟར་བསམ་བཞིན་ཡོད། བདེ་སྐྱིད་ཀྱི་མཁར་རྫོང་གི་ལྡེ་མིག་ནི་མི་རེ་ཟུང་ཞིག་གི་ལག་ན་ཡོད་པར་འདོད་བཞིན་ཡོད། ཡིན་ན་ཡང་། དེ་ནི་མི་གཞན་སུ་ཞིག་གི་ལག་ན་ཡང་མེད་ཅིང་། མི་སུ་ལ་ཡང་ལྡེ་མིག་དེ་འཛིན་པའི་དབང་ཆ་མེད། དོན་གྱི་ལྡེ་མིག་དེ་ནི་ཁྱོད་རང་ཉིད་ལས་གཞན་སུ་ཡང་མིན་ནོ། དེ་བས། ཁྱོད་རང་ཉིད་ཀྱི་ཡར་རྒྱས་དང་རྣམ་པར་དག་པ། དྲི་མས་མ་གོས་པའི་ཆ་ཁོ་ན་དེ་ནི། རྟག་བརྟན་གྱི་མཁར་རྫོང་དེའོ།
དེར་བརྟེན། ཁྱོད་ཀྱིས་སྣ་ཁ་འདྲ་མིན་གྱི་སྒྲོམ་གཞི་སྣ་ཚོགས་བཟོ་བ་དང་། ཕྱིའི་དངོས་པའི་རོགས་རམ་ཁོ་ན་འཚོལ་བ། དེ་བཞིན་རང་ཉིད་ཀྱི་ཕྱི་ཡི་སྤྲོ་སྣང་དང་ནང་གི་བདེ་བ། དེ་ནས། རང་ཉིད་ཀྱི་སྟོབས་ཤུགས་ལ་སོགས་མི་གཞན་ལ་བརྟེན་པར་བྱེད་པ་དེ་ནི་ཅི་འདྲ་ཆོ་མེད་མདོ་མེད་ཅིག་ཡིན་པ་དེ་ཤེས་ཡོང་། དོན་གྱི་དེ་དག་ནི་རང་ཉིད་ཀྱིས་རང་སེམས་ནས་འཚོལ་ཐུབ་པ་ཞིག་རེད།
ཁྱོད་ཚོ་ནི་རང་ཉིད་ཀྱི་ཡར་རྒྱས་ཀྱི་རྣམ་པ་དང་སེམས་ཁམས་ཀྱི་གནས་བབ་སོགས་ཇི་ལྟར་ཡིན་པ་དེ། མི་གཞན་ཞིག་ཡོང་ནས་ཁྱོད་ཚོ་ལ་འགྲེལ་བརྗོད་བྱེད་པར་གོམས་ལོབས་སུ་སོང་ནས་འདུག དེ་ནི་ཇི་འདྲའི་ཐབས་རྡུགས་ཤིག་རེད་ཨང་། རང་སེམས་མཛེས་དང་མི་མཛེས་དེ་སུ་ཡིས་ཤེས་ཞེ་ན། ཁྱོད་རང་ཉིད་ཀྱིས་ད་གཟོད་ཤེས་ཐུབ། ཁྱོད་རང་རྣམ་པར་དག་པ་ཞིག་ཡིན་མིན་དེ་སུ་ཡིས་ཤེས་ཞེ་ན། ཁྱོད་རང་ཉིད་ཀྱིས་ད་གཟོད་ཤེས་ཐུབ་བོ། ཡིན་ན་ཡང་། ཁྱོད་ཚོས་དོན་བྱ་འདི་དག་གི་ཐད་ལ་གཟབ་ནན་དང་དང་དོད་བྱེད་ཀྱི་མི་འདུག
ཡིན་ན་ཡང་། མི་རེ་ཟུང་ཞིག་གིས་དངོས་ནས་མགོ་མེད་མཇུག་མེད་ཀྱི་རྟག་བརྟན་ཀྱི་ཆ་དེ་ཤེས་འདོད་བྱེད་ཀྱི་འདུག མི་དེ་ཚོ་ལ་མཚོན་ན། ཁོ་ཚོ་ལ་མཉམ་བསྐྱོད་བྱེད་པའི་ངར་སེམས་དང་སྟོབས་ཤུགས་ཡོད་པ་མ་ཟད། ཁོ་ཚོས་ཅུང་ཙག་དང་ཚུལ་འཆོས། ནག་ནོག་གི་དོན་དག་མཐའ་དག་གདོང་ལེན་དང་ཉེན་སེལ་བྱེད་ཐུབ་ཀྱི་རེད། དེ་ནས། ཁོ་ཚོ་མཉམ་རུབ་བྱས་པ་ཡིན་ན། ཁོ་ཚོ་ནི་སྟོབས་དང་ཤུགས་ཀྱིས་ཁེངས་པའི་མེ་ལྕེ་ཞིག་ཏུ་གྱུར་འགྲོ རྒྱུ་མཚན་ནི་ཁོ་ཚོའི་སེམས་ན་གོ་རྟོགས་དང་སད་རྟོགས་ལྡན་པས་ཡིན། དོན་གྱི་ང་ཚོས་འདི་ལྟ་བུའི་མི་ནི་གསོ་སྐྱོང་བྱེད་དགོས་ཀྱི་འདུག དེ་ནི་ང་རང་གི་དམིགས་ཡུལ་ཡང་ཡིན།
སེམས་ན་གོ་རྟོགས་ལྡན་ཚེ། ད་གཟོད་གཞི་ནས་ང་ཚོ་ལ་ངེས་པ་དོན་གྱི་མཛའ་འབྲེལ་ཡོད་ཀྱི་རེད། དེ་ལྟ་བུའི་མཛའ་འབྲེལ་དེ་ཡོད་ན། ཕན་ཚུན་གྱི་བར་ལ་དངོས་ནས་དྲང་ནས་མཉམ་ལས་ཞེས་པ་དེ་ཡོང་རྒྱུ་རེད། དེ་ཡང་། དེ་ནི་དབང་གྲགས་དང་སྐྱབས་གནས། དོན་དག་ཅིག་གི་ཆེད་དུ་རང་སྲོག་བློས་བཏང་བྱས་པ་ལ་སོགས་རྒྱུ་མཚན་དུ་བྱས་ཏེ་ཡོང་བ་ཞིག་ནི་མིན་ནོ། དེ་ནི་ཁྱོད་ཀྱི་སེམས་ལ་གོ་རྟོགས་དེ་ལྡན་ཚེ། རྟག་བརྟན་འགྱུར་མེད་ཀྱི་ཆ་དེ་ནས་འཚོ་ཐུབ་པའི་ནུས་དེ་ལྡན་ནོ། དེ་ནི་སྤྲོ་སྣང་ཡོད་དོ་ཅོག་དང་། བློས་བཏང་ཡོད་ཚད་ལས་ཀྱང་ཁྱད་དུ་འཕགས་ཀྱང་རླབས་པོ་ཆེ་ཞིག་རེད།
གོང་གི་བཤད་པ་ཐམས་ཅད་པོ་སྐར་ཆེན་ཚོགས་པ་འདི་འཐོར་དགོས་པའི་གནས་ལུགས་རྒྱུ་མཚན་དེ་ཡིན། དེ་ཡི་ཆེད་དུ་ང་རང་གིས་ལོ་གཉིས་ཀྱི་རིང་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཏེ། གཞི་ནས་ཐག་གཅོད་འདི་བྱས་པ་ཞིག་ཡིན་པ་མ་གཏོགས། དེ་ནི་གློ་བུར་ཐོལ་རྒྱག་ཏུ་ཐག་གཅོད་བྱས་པ་ཞིག་གཏན་ནས་མིན་ལ། དེ་བཞིན་མི་གཞན་སུ་ཞིག་གིས་ཁ་བརྡ་སློབ་གསོ་དང་གོ་སྐོན་བློ་འགུགས་ཐེབས་ཏེ་ཐག་གཅོད་བྱས་པ་ཞིག་ཀྱང་རྩ་བ་ཉིད་ནས་མིན། ཏག་ཏག་ང་རང་ཚོགས་པ་འདི་ཡི་མགོ་གཙོ་ཡིན་པའི་ཆ་ནས། ལོ་ངོ་གཉིས་ཀྱི་རིང་ལ་རྟག་པར་དོན་དག་འདིའི་ཐད་ལ་ཞིབ་ཚགས་པོ་དང་ཕུགས་རྒྱང་རིང་བའི་སྒོ་ནས་བསམ་བློ་བཏང་བ་ཞིག་ཡིན། དེ་ཡིན་པ་སོང་ཙང་། ད་ནི་ང་རང་གིས་སྐར་ཆེན་ཚོགས་པ་འདི་འཐོར་དགོས་པའི་ཐག་གཅོད་བྱས་པ་ཡིན།
ཡིན་ན་ཡང་། ཁྱོད་ཚོས་སྒྲིག་འཛུགས་གཞན་པ་ཞིག་གསར་འཛུགས་བྱེད་པ་དང་། མི་གཞན་སུ་ལ་ཡང་སྐྱབས་འཇུག་རེ་སྨོན་བྱེད་ན་ཆོག ང་རང་གིས་དེ་ཡི་སྐོར་ལ་བྱུས་གཏོགས་མི་བྱེད་ཅིང་། དེ་བཞིན་གཟེབ་དྲ་གསར་པ་ཡང་བཟོ་ན་མི་འདོད་ལ། གཟེབ་དྲ་དེ་དག་ལ་རྒྱན་ཆ་གསར་པ་ཡང་འདོགས་ན་མི་འདོད། ང་རང་གིས་དོ་སྣང་དང་སེམས་ཚགས་བྱེད་ས་ཉག་ཅིག་ནི་མི་རྣམས་ཆ་རྐྱེན་ཅི་ཡང་མེད་པར་རྦད་དེ་རང་དབང་འཐོབ་པར་བྱེད་ན་འདོད་པ་དེ་ཡིན།
24/02/2014 ཉིན་རྫོགས་པར་བསྒྱུར།
ཁོང་གི་གསུང་ལ་ལན་འགར་ཉན་མྱོང་། ཁོང་གི་སྐོར་ལ་མི་གཞན་པར་ཡང་སྐད་ཆ་འདྲི་མྱོང་། ཁོང་ཆུང་བྱིས་པ་ཡིན་དུས་སྐར་ཆེན་ཚོགས་པས་ཆུ་མོ་གངྒའི་འགྲམ་ནས་རྙེད་པའི་གཏམ་རྒྱུད་ལ་ཡང་ཉན་མྱོང་། ཁོང་ལ་རྒྱལ་བ་རིན་པོ་ཆེས་བསྟོད་བསྔག་ཆེན་པོ་གནང་ཚུལ་ཡང་ཐོས་མྱོང་། ཁོང་དང་ཆོས་རྒྱམ་དྲུང་པས་ལྷན་དུ་བགྲོ་གླེང་བྱེད་པར་ཡང་ཉན་མྱོང་། ཡིན་ཡང་ཁོང་ལ་སྡོམ་ཚིག་ཅིག་རྒྱག་མ་མྱོང་།
བོད་ལ་ཁྱོད་ལྟ་བུའི་གཞོན་སྐྱེས་ལོ་ཙཱ་བ་ཧ་ཅང་མཁོ། གསེར་གྱི་རྟགས་མ་འབབ་ཀི
ཡོངས་གྲགས་མཁས་ཅན་ཀིརིཤི་ན། མུར་ཏི་ཁོང་གིས། ཆད་མཐའ་མང་བར་གསུངས་ཡོད་པ་འདྲ། ཨ་ཅརྱ་རཇྣེཤ་ཁོང་གིས། རྟག་མཐའ་མང་བར་གསུངས་ཡོད་པ་འདྲ།
ནང་པས་ནི།
ཡོད་པ་པ་ནི་བདེ་འགྲོར་འགྲོ །
མེད་པ་པ་ནི་ངན་འགྲོར་འགྲོ །
གསུངས་ཡོད་པས་་་་་་ ཧཧ། ངས་གང་ཡང་མ་ཤེས། སྐུ་རྩེད་ཡིན་ནོ།།
ལོ་ཙཱ་བས་དཀའ་ལས་བསྐྱོན་འདུག བཀའ་དྲིན་ཆེ། རྩོམ་པ་པོ་ཁོང་ནི་རྟོགས་སད་ཀྱི་སྐྱེས་བུ་ཞིག་རེད། ཁོང་གི་བསམ་བློའི་ཚད་གཞི་འདི་ཆོས་པ་རྣམ་དག་ཅིག ཡང་ན། རྟོག་གེ་བ་ཡན་གར་བ་ཞིག་ལ་མ་གཏོགས་ཡོད་དཀའ་བའི་ཚད་གཞི་ཞིག་རེད།
མ་དཔེ་ངོ་མ་དེ་གཅིག་ཀྱང་བལྟ་འདོད་ཆེ། ལམ་སྟོན་སྐྱབས་འཇུག་ཡོད་པ་ཞུ།
ཁོང་ནས་ཚོགས་པའི་དགེ་སྐྱོན་གླེང་ལུགས་ལ་ཉན་ན། ཁོང་མི་བཟོད་བསྲན་མི་ཐུབ་པ་ཞིག་གམ། རང་ཤེས་ཆེ་བ་གཅིག་གམ། བདེན་པའི་ཚོགས་པ་བསྐྱང་རྒྱུའི་ཐབས་ལམ་གཞན་མ་རྙེད་པ་ཞིག་ཡིན་ས་རེད། གཅིག་སྒྲིལ་ནམ་ཡང་མི་འདོད་མཁན་གཅིག་ཡིན་ནམ། ང་ལ་དྲི་བ་མང་པོ་ཞི་སླེབ་ཐལ།
གྲོགས་པོ་ཚོས་མ་རྩོམ་ལ་གཟིགས་འདོད་ན་འདི་ན་ཡོད། http://www.jiddu-krishnamurti.net/en/1929-truth-is-a-pathless-land
ངས་གོང་དུ་མཆན་བུ་ཨང་གསུམ་པར། དེང་དུས་ཀྱི་ཛམ་གླིང་ལམ་སྟོན་པ་སྐད་གྲགས་ཅན་གཉིས་ལ་དགོས་དབང་གིས། རྟག་ཆད་ཀྱུ་མཐའ་གཉིས་སུ་ལྷུང་བར་བཤད་ཡོད་ཀྱང་།
རང་གི་སྟོན་པས། ང་དང་ང་འདྲ་བའི་གང་གིས་གང་ཟག་ཚོད་བཟུང་གིས། གང་ཟག་གིས་གང་ཟག་ཚོད་བཟུང་མི་ཐུབ་སྟེ། ཉམས་པར་འགྱུར་ལྟ་རེ། གསུངས་པ་ལྟར་ཉམས་ལེན་བྱེད་དགོས་པ་འདྲ།
http://www.youtube.com/watch?v=qg0-yK5dJNE
བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་་་་་་
ལ་མོ་རྒྱལ་ལགས། ཐུགས་རྗེ་ཆེ།
བོད་སྐད་སྐྱོང་པའི་ཚོགས་པ་ཞིག་ཨེ་དགོས་སམ་མི་དགོས་དབྱིན་ཇི་བཤད་ན་འགྲིག་གི་རེད། དབུགས་ངེས་པར་ལེན་དགོས་པ་གང་ཡིན་ནམ། དབུགས་གཏོངས་ལེན་མཚམས་བཞག་ན་གཞན་ལ་གནོད་སྐྱེལ་བ་ཚང་མ་འགོག་ཐུབ། དབུགས་གཏོང་ལེན་ནི་གནོད་སྐྱེད་པའི་ཆེད་ཡང་མིན། མིའི་སྐད་ཀྱི་ཆ་རྐྱེན་ལ་ཕ་མ་དང་སྤྱི་ཚོགས་ཆ་རྐྱེན་དུ་མི་དགོས་ན་སློབ་དཔོན་སྨྱོས་སོང་བ་མིན་འགྲོ
ཁོང་གིས་ནང་ཆོས་མི་ཤེས་པས། ཆོས་གང་གིས་ཀྱང་སྡུལ་བསྔལ་བསལ་མི་ཐུབ་པར་འདོད།
འདིར་གཟིགས་དང་།
http://www.youtube.com/watch?v=ubb8ylj7xyI