དགེ་འདུན་རབ་གསལ་གྱིས།
དང་པོ། ཐོག་མའི་མཚམས་སྦྱོར།
ཉེ་ཆར་ཞིབ་འཇུག་རྩོམ་ཡིག་ཅིག་གི་ཆེད་དུ་དཔེ་མཛོད་ཁང་གི་དཀར་ཆག་ཁག་སྔོག་བཤེར་བྱས་པ་ཡིན། སྐབས་འདིའི་འཚོལ་བྱའི་ཡུལ་དེ་ནི་ཤོང་སྟོན་གྱི་འཁྲུངས་ཡུལ་དཔྱལ་ལུང་ཤར་བོང་ར་ཞེས་པ་དེ་ཡིན། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ (www.tbrc.org) ཀྱི་དྲ་ཐོག་ནས་འཚོལ་སྐབས་གློ་བུར་དུ་གཤམ་གསལ་གྱི་རེའུ་མིག་འདི་འདྲ་ཞིག་མིག་ལམ་ཤར་བར་གྱུར།
ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་ “མདོ་སྨད་ལོ་རྒྱུས་ཆེན་མོ་”དེ་རྒྱལ་སྤྱིའི་བོད་རིག་པའི་དཔེ་མཛོད་ཁང་དག་གི་་དཀར་ཆག་ཁྲོད་སླེབས་པ་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཁྲོད་ཀྱི་དཔྱད་གཞིའི་ཁོངས་སུའང་སླེབས་འདུག དཔེར་ན་ཟུར་གསལ་གྱི་འབྲེལ་ཐག་འདི་ལྟ་བུ་ཡིན། http://places.thlib.org/features/15480/descriptions/88
དེ་ནས་ཉིན་ཤས་རྗེས་སུ་ཧོར་གཙང་འཇིགས་མེད་ལགས་དང་ལྷན་དུ་ཁ་བརྡ་ཞིག་བྱེད་ཞོར་ཁྱེད་ཀྱི་ “མདོ་སྨད་ལོ་རྒྱུས་ཆེན་མོ་”དེ་དེ་ལྟར་མཐོང་རྒྱུ་ཡོད་སྐོར་བཤད་པ་ཡིན། འོན་ཀྱང་སྐབས་དེར་ངེད་ཀྱིས་ “མདོ་སྨད་ལོ་རྒྱུས་ཆེན་མོ་”མཐོང་མྱོང་བ་ཙམ་དང་། ལེ་ཚན་གཅིག་གཉིས་ཤིག་སློབ་མ་རྣམས་ཀྱི་ཞིབ་འཇུག་གི་རྒྱུ་ཆའི་སླད་ཞིབ་བསྡུར་བྱས་པ་ཙམ་ལས་དེབ་ཡོངས་རྫོགས་བཀླགས་མྱོང་མེད། དེའི་རྒྱུ་མཚན་ཡང་ད་ལྟའི་ལས་ཀའི་ངོ་བོའི་ཆ་ནས་ཉིན་གྲངས་བསྟུད་བསྟུད་ནས་དེབ་མཐུག་པོ་དེ་འདྲ་ཀློག་རྒྱུའི་ལོང་དང་འདུན་པ་གཉིས་ཀ་མེད་པས་ཡིན། སྐབས་དེར་འཇིགས་མེད་ལགས་ཀྱིས་ཁོང་ལ་དེབ་འཕར་མ་ཆ་ཚང་གཅིག་ཡོད་པ་དང་། དེ་དག་ཕྲན་ལ་བསྐུར་ཆོག་ཅེས་གསུངས་བྱུང་ལ། དེ་ནས་ཡུན་རིང་པོ་མ་འགོར་བར་དེབ་དྲུག་པོ་དེ་ཕྲན་གྱི་ཁ་བྱང་ཐོག་བསྐུར་གནང་འདུག
དེབ་ཀློག་ཐུབ་མིན་ལ་མ་ལྟོས་པར་དེབ་གསོག་རྒྱུ་ལ་དགའ་བའི་གོམས་གཤིས་ཤིག་ཡོད་པའི་ཉེར་ལེན་གྱིས་ཐེངས་འདིར་ལོ་རྒྱུས་ཀྱི་དེབ་རྒན་དྲུག་དེ་ཕྲན་ལ་བསྐུར་གནང་བ་དེ་ནི་དགའ་བ་ཆེན་པོ་འཕེལ་བའི་ལེགས་སྐྱེས་ཤིག་རེད། དེབ་དེ་དག་མདུན་ཅོག་གི་གཡས་གཡོན་ནས་བརྩིགས་ཤིང་། དཀར་ཆག་སོགས་བམ་ཀློག་བྱེད་ཞོར་ཟླ་བ་གཉིས་ཙམ་ཞིག་ཡལ་བར་གྱུར། དེ་རིང་གཞི་ནས་ལོ་རྒྱུས་ཀྱི་དེབ་ཆེན་དེ་དག་གི་བམ་པོ་དང་པོ་དེ་ཡོངས་སུ་བཀླགས་ཟིན་ཏེ་བཀླགས་བྱང་འདི་འབྲི་བའི་སྟ་གོན་ལ་ཞུགས་པ་ཡིན།
གཉིས་པ། སྡུག་བསྔལ་གྱི་ཁུར་བོ་ཞིག
མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་དེབ་འདི་ལ་བསྐྱར་ཞིབ་འདི་འབྲི་སྐབས་དྲ་རྒྱ་ཁག་ལ་ཉུལ་ཏེ་བསྐྱར་ཞིབ་འབྲི་ཚུལ་དེ་ཨེ་ཤེས་བལྟས་པ་ཡིན། དྲ་རྒྱ་ཞིག་ཏུ། “དེབ་ཀྱི་བསྐྱར་ཞིབ་ཅེས་པ་ནི་རྩ་བའི་ཆ་ནས་ཉེ་ཆར་ཐོན་ཟིན་པའི་དེབ་ཅིག་གི་སྤུས་ཀ་ལ་དབྱེ་ཞིབ་བྱེད་རྒྱུ་དེ་ཡིན་ཞིང་། དེས་དེབ་དེའི་ནང་དོན་འགངས་ཆེན་རྣམས་ཀྱི་འགྲེལ་བརྗོད་མདོར་བསྡུས་རེ་དང་། དེབ་དེའི་བཟང་ཆ་དང་ཞན་ཆ་ལ་དབྱེ་ཞིབ་ཕྲན་ཙམ་བྱེད་རྒྱུ་དེ་ཡིན། ཡིག་འབྲུའི་ཆ་ནས་ཡིག་འབྲུ་ ༥༠༠ ནས་ ༧༥༠ ཙམ་རེ་ཡོད་དགོས། བསྐྱར་ཞིབ་དེས་དེབ་གཟིགས་མཁན་རྣམས་ལ་དེབ་དེའི་ནང་དོན་རོབ་ཙམ་སྤྲོད་བྱས་ཏེ་ཞིབ་ཆ་རྣམས་དེབ་ཉོས་པའི་རྗེས་ནས་ཤེས་པར་འཇུག་རྒྱུ་དེ་ཡིན།”ཞེས་དང་། ཡང་གཞན་ཞིག་ཏུ། “དེབ་ཅིག་གི་བསྐྱར་ཞིབ་ཅེས་པ་ནི་དེབ་དེའི་ཁྱད་ཆོས་དང་ནང་དོན། སྤུས་ཀ་བཅས་ལ་དབྱེ་ཞིབ་དང་འགྲེལ་བརྗོད། དགག་བཞག་བྱེད་པ་ཞིག་ཡིན། འོན་ཀྱང་དེབ་ཅིག་གི་བསྐྱར་ཞིབ་འབྲི་ཚུལ་འདི་ཡིན་ཞེས་ལམ་ལུགས་མ་ནོར་བ་ཞིག་ཀྱང་བཤད་དུ་མེད། དེབ་ཀྱི་བསྐྱར་ཞིབ་ཁྲོད་དུ་བསྐྱར་ཞིབ་བྱེད་མཁན་གྱི་སེམས་ཚོར་ཆེན་པོ་མངོན་ཡོང་།” ཞེས་སོགས་བྲིས་འདུག
དེ་ལྟར་བསྐྱར་ཞིབ་འབྲི་ཚུལ་སྐོར་སེམས་ལ་འཇགས་པར་བྱས་པའི་རྗེས་སུ། མདོ་སྨད་ལོ་རྒྱུས་ཆེན་མོ་གླེང་བའི་སྟ་གོན་ལ་ཞུགས་པ་ཡིན། སྟ་གོན་གྱི་སྐབས་སུ་ངས་བསྐྱར་ཞིབ་འབྲི་བའི་ལམ་སྲོལ་དེ་དག་རྨང་གཞིར་བཞག་ཐོག དེ་དག་ལས་བརྒལ་ཏེ་སེམས་ཚོར་སྟོན་པའི་ཚིག་གི་མདུད་པ་གྲོལ་འདོད་བྱུང་སོང་། དཔྱད་ཞིབ་ཀྱི་སྐབས་སྒེར་གྱི་སེམས་ཚོར་མི་འདོན་རྒྱུའི་འབད་བརྩོན་བྱེད་མཁན་ཞིག་གི་ངོས་ནས་ཐེངས་འདིར་རང་ཉིད་ལ་གུ་ཡངས་ཤིག་སྤྲད་པ་ཡིན། ངའི་འགོག་ཏུ་མེད་པར་བརྗོད་པར་འདོད་པའི་དོན་གཅིག་ནི་ཧོར་གཙང་འཇིགས་མེད་ལགས་སུ་བསྔགས་བརྗོད་ཞུ་རྒྱུ་དེ་ཡིན། ཕྲན་རང་ཉིད་ཀྱང་བོད་ཡིག་ཐོག་ནས་ལས་ཀ་བྱས་མྱོང་བའི་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་ཧོར་གཙང་འཇིགས་མེད་ལ་བསྔགས་བརྗོད་ཞུ་རྒྱུ་དེ་ནི་སྒེར་གྱི་ཉམས་མྱོང་གི་ཐོག་ནས་འོང་བ་ཞིག་ཀྱང་ཡིན།
ཧོར་གཙང་འཇིགས་མེད་ལགས་ཀྱིས་འདི་ལྟར་གསུངས་བྱུང་། “དེབ་དྲུག་པོ་འདི་པར་སྐྲུན་ཟིན་རྗེས་མདུན་ཅོག་ཅིག་གི་སྟེང་དུ་བཞག་ཅིང་། དེ་ནས་དེ་ལ་མིག་གཅེར་བཞིན་པའི་སྐབས་སུ། ཚོད་ཚོད་ལ་ངུ་རྒྱུ་ཞིག་ཡོང་ཞིང་དེ་འགོག་མ་ནུས་པར་ཡུན་རིང་པོར་ངུས་པ་ཡིན།” ཞེས་བཤད་བྱུང་། དེ་ནས་ཡང་། “དེབ་ཀྱི་དཔར་གཞི་བཟོ་སྐབས་ཆུ་ཚོད་མང་པོའི་དུས་ཚོད་བཏང་སྟེ་དེབ་ཅིག་གི་དཔར་གཞི་བཟོས་གྲུབ་ཟིན་པའི་རྗེས་དེར་གློག་ཀླད་ཀྱི་རྐྱེན་གྱིས་མ་ཟིན་དེ་བརླག་པ་དང་། དེ་ནས་ཇི་ལྟར་བཙལ་ཀྱང་སླར་ཡང་མ་རྙེད་པའི་མཚན་མོ་ཞིག་ལ་མགོ་བོ་འཐོམས་ནས་རྩིག་པ་ལ་བསྙེས་ཏེ། ཡུད་ཙམ་ལ་དྲན་པའང་འཐོར་ལ་ཉེ་བའི་སྐབས་ཤིག་བྱུང་།” ཞེས་ཀྱང་བཤད་བྱུང་། རྗོད་པ་འདི་གཉིས་ཀྱི་ནང་དུ་དགའ་བ་དང་སྐྱོ་བ་བསྡུས་ཡོད་ཅིང་། དེས་རྩོམ་པ་པོ་ཁོང་གིས་ངལ་རྩོལ་བྱས་པའི་དཔེ་མཚོན་ཙམ་ཞིག་ཏུ་འདིར་དྲངས་པ་ཡིན། ད་དུང་རང་གིས་གཅེས་པའི་བཟའ་ཟླ་བུ་ཕྲུག་ཀྱང་བློས་བཏང་ནས་དེབ་རྒན་འདི་དག་བསྒྲུབས་པ་ཡིན་གསུངས། དཀའ་སྡུག་ཚད་མེད་དང་བློས་གཏོང་ཆེན་པོ་དེ་འདྲ་ཞིག་གིས་དེབ་རྒན་འདི་དག་འགྲུབ་པར་བྱས་པ་དེ་ནི་སྡུག་བསྔལ་གྱི་ལེའུ་དང་པོ་དེ་རེད།
ཧོར་གཙང་འཇིགས་མེད་ཀྱིས་དེབ་དྲུག་པོ་བཙན་བྱོལ་སྤྱི་ཚོགས་ཐོག་བཀྲམས་ཟིན་པའི་རྗེས་སུ་བསྔགས་བརྗོད་དང་ཁ་རྡུང་བསྡུར་ན་ཁ་རྡུང་མང་བ་ལྟ་བུ་ཞིག་བྱུང་སོང་། ཁ་རྡུང་དེ་དག་གིས་ཧོར་གཙང་གི་དཀའ་སྡུག་མཐོང་མ་ཐུབ། ཧོར་གཙང་གིས་འབད་པ་བྱས་པའི་གྲུབ་འབྲས་མཐོང་མ་ཐུབ། འོན་ཀྱང་ཧོར་གཙང་མི་ཞིག་ཡིན་པའི་ཆ་ནས་སྐྱོན་ཆ་རེ་ཟུང་ཡོད་པ་དེ་ལས་སླ་པོར་མཐོང་ཐུབ་པར་གྱུར། སྐྱོན་ཆུང་ཆུང་གཅིག་མཐོང་བ་ལ་བརྟེན་ནས་ཡོན་ཏན་ཡོངས་སུ་རྫོགས་པ་ལ་སྡིག་པ་མིག་བཙུམས་བྱས་སོང་། སྐྱོན་དེ་ཚོ་ཡང་ “མདོ་སྨད་ལོ་རྒྱུས་ཆེན་མོ་”ཡི་སྐྱོན་བཤད་པ་ཡིན་ན་དེ་ཡང་གང་ལ་གང་འཚམས་ཀྱི་འོས་བབ་ཆེ་བ་ཞིག་རེད། འོན་ཀྱང་སྐྱོན་བཤད་སྐབས་བཤད་བྱའི་དེབ་ལས་བརྒལ་ཏེ་ལོ་རྒྱུས་འདིའི་ལས་རིམ་འཆར་གཞི་དང་། ལོ་རྒྱུས་འདིའི་འཛིན་སྐྱོང་། ལོ་རྒྱུས་འདིའི་དུས་ཡུན། མཐའ་ན་དཔལ་འབྱོར་ཡོང་ཁུངས་སོགས་ཚང་མ་ཧོར་གཙང་གི་མགོ་ཐོག་ལ་བཀལ་སོང་། ཧོར་གཙང་འཇིགས་མེད་ཀྱིས་སྡུག་གི་ཁུར་བོ་ཞིག་འཁུར་ཏེ་བསྟན་སྲིད་ལ་ཞབས་འདེགས་སྒྲུབ་པའི་ལྷག་བསམ་དང་། བརྩོན་པ། མཐའ་མའི་གྲུབ་འབྲས་བཅས་ནི་དེ་ལྟར་འོས་བབ་མེད་པའི་ལྟ་ཚུལ་དང་ལབ་གླེང་མང་པོ་ཞིག་གི་ཁྲོད་ནས་མོག་མོག་པོར་བསྒྲུབས་སོང་། དེ་ནི་ཕྲན་གྱིས་མཐོང་བའི་མཐོང་སྣང་དེ་ཡིན།
ལར་ནས་འདི་ལྟར་ཡང་དྲན་ཏེ། གླེགས་བམ་ཆེན་པོ་དྲུག་པོ་འདི་ཅོག་ཙེའི་སྟེང་བཞག་སྟེ་བམ་ཀློག་ཙམ་ཞིག་བྱེད་རྒྱུ་ལའང་ཉིན་ཞག་མང་པོའི་རྩོལ་བ་ལ་བསྟེན་དགོས་ཤིང་། བམ་ཀློག་ཅིག་བྱས་ནས་བཟང་ངན་གྱི་ཕྱོགས་ལ་བསྐྱར་ཞིབ་ཅིག་བྱེད་པ་ལའང་། འདིར་དྲངས་པའི་དཔྱད་གཞིའི་ཡིག་ཆ་རྣམས་ལ་རྒྱུས་ཡོད་ཡིན་དགོས་པ་གང་ཞིག་ལ། ཧ་ལམ་སྲིད་པ་ཆགས་པ་ནས་ད་ལྟའི་བར་གྱི་བོད་དང་། བྱེ་བྲག་མདོ་སྨད་ཀྱི་སྐོར་ལ་རྒྱུས་མངའ་ཡོད་དགོས་སྟབས། དེབ་དྲུག་པོ་འདིའི་དོན་སྤྱི་ཡིད་ལ་འཆར་བ་དང་། དེའི་ཐོག་ནས་དབྱེ་ཞིབ་བྱེད་རྒྱུ་དེ་ཡང་སུ་རུང་རུང་ཞིག་གིས་ནུས་པ་ཞིག་མ་རེད། འོན་ཀྱང་སུ་ཡིན་ཡང་ནུས་པ་ཞིག་ནི་དག་ཆ་རེ་ཟུང་འཁྲུགས་པ་དང་། ཡུལ་ལུང་བྱེ་བྲག་པའི་གནས་ཚུལ་འགོད་ནོར་ཐེབས་པ་སོགས་རྙེད་རྒྱུ་དེ་རེད། ནོར་འཁྲུལ་ཆུང་ཆུང་དེ་ཚོས་ “ང་འདི་ན་ཡོད་།”ཅེས་གཟེངས་སུ་ཐོན་ཡོད་པ་དེ་རྙེད་ནས་སྤྱི་ཡོངས་ཀྱི་གྲུབ་འབྲས་དེ་མངོན་པར་མི་གསལ་བ་བྱེད་པ་དེ་ཡང་ཧ་ཅང་མ་འོས་པ་ཞིག་རེད་སྙམ་མོ།།
གོང་དུ་ཞུས་པ་འདི་དག་ནི་ཕྲན་གྱི་མཐོང་སྣང་ཙམ་ཞིག་མ་རེད། ཉམས་མྱོང་གི་ཐོག་ནས་ཞུས་ན་ཡང་། རང་གིས་འབད་པས་བཙལ་ཏེ་ཞིབ་འཇུག་གི་རྩོམ་རེ་ཟུང་འབྲི་སྐབས། བརྗོད་གཞི་འདི་འདྲ་ལ་ནི་ཞིབ་འཇུག་ལེགས་པོར་བྱས་མི་འདུག་ཅིང་། བརྗོད་གཞི་འདི་འདྲ་ལ་ཞིབ་འཇུག་གི་རིན་ཐང་འདུག་སྙམ་ནས་འབད་འབུངས་ཆེན་པོས་འབྲི་ཁུལ་བྱས་ཏེ་སྤྱི་ཚོགས་ཐོག་བཀྲམས་སྐབས། རང་གི་དུས་ཚོད་དང་རང་གི་རྣམ་དཔྱོད་ལ་ཡོན་ཞིག་ཕར་ཞོག དེ་ལ་འོས་ཤིང་འཚམས་པའི་བསྔགས་བརྗོད་ཅིག་ཕར་ཞོག དེ་ལ་འོས་ཤིང་འཚམས་པའི་བཀའ་བཀྱོན་ཞིག་ཕར་ཞོག ད་དེ་ལ་མི་འོས་མི་འཚམས་པའི་ཁ་རྡུང་གཟེད་དགོས་པ་དང་། དེ་ཡང་རྩོམ་མ་བཀླགས་པར་བསམ་ཚུལ་ཙམ་པོ་བ་ཞིག་ལ་བརྟེན་ནས་ཁ་རྡུང་གཟེད་དགོས་པ། བསམ་ཚུལ་དེ་ཡང་། རྩོམ་ཡིག་དང་དཔེ་དེབ་ལ་འབྲེལ་བ་གང་ཡང་མེད་པའི་ཐོག་ནས་རྩོམ་པ་པོ་སྐྱེ་བོ་སྒེར་ལ་དམིགས་པའི་བསམ་ཚུལ་ཙམ་པོ་བ་ཞིག་ལ་བརྟེན་ནས་ཡོང་བཞིན་པ་བཅས་ལ་བརྟེན་ནས། བཙན་བྱོལ་དུ་བོད་ཡིག་གི་རྩོམ་འབྲི་བྱེད་པ་ནི་དགོས་མེད་སྡུག་གི་ཁུར་བོ་ཞིག་ཡིན་པའི་སེམས་ཚོར་ཡང་ཡང་བྱུང་མྱོང་ཡོད་ལ། ཧོར་གཙང་འཇིགས་མེད་ལགས་ཀྱིས་ཀྱང་སྡུག་གི་ཁུར་བོ་འདི་འཁུར་དགོས་བྱུང་བ་ནི་སྡུག་བསྔལ་གྱི་ལེའུ་གཉིས་པ་དེ་རེད།
གསུམ་པ། བསྔགས་འོས་པ་ཞིག་ལ་བསྔགས་པ།
དེ་རིང་བསྐྱར་ཞིབ་འདི་འབྲི་སྐབས་བསྔགས་བརྗོད་ཀྱི་རིམ་པ་དེ་འབུར་དུ་ཐོན་པར་བྱེད་འདོད་ཅིག་སླེབས་བྱུང་། དེ་ཡང་གོང་དུ་བྲིས་པ་ལྟར་སྐྱོན་བརྗོད་ཀྱི་ཡིག་ཚོགས་འཕེལ་བའི་ཁྲོད་དུ་བསྔགས་འོས་པ་རྣམས་ལའང་དོ་སྣང་འདྲེན་དགོས་པ་དེ་ཁ་སྐོང་བྱེད་ཕྱིར་ཡིན།
དེ་ཡང་དང་པོ་ནི། དཔྱད་གཞིའི་ཡིག་ཆ་ ༥༠༠ ལྷག་ལ་དཔེ་ཀློག་གི་འབད་པ་བྱས་པ་དེ་རེད། ཡིག་ཆ་ལ་མ་བརྟེན་པར་ལོ་རྒྱུས་འཆད་པ་ནི་དེང་སང་དར་སྲོལ་ཆེ་བར་སྣང་། འོན་ཀྱང་འདིར་ཡིག་ཆ་དེ་ཙམ་ཞིག་ལ་དཔྱད་ཞིབ་བྱས་པ་དང་། དེ་ཡང་བོད་རྒྱའི་སྐད་ཡིག་གཉིས་ཀྱི་དཔྱད་གཞིའི་ཡིག་ཆ་བསྡུར་ཡོད་པ་དེ་རེད། མདོ་སྨད་ལོ་རྒྱུས་ཆེན་མོ་འདི་མི་ཞིག་ཡིན་པར་ཆ་གཞག་ན་དཔྱད་གཞིའི་ཡིག་ཆ་ནི་མི་དེའི་སྙིང་གི་ཚུལ་དུ་བཞུགས་འདུག འདི་ནི་ཧ་ཅང་བསྔགས་འོས་པ་ཞིག་རེད།
གཉིས་པ་ནི། ཡིག་ཆ་དེ་དག་ཀློག་པ་དང་དེ་ནས་འབྲི་བའི་ལས་ལ་ཞུགས་པའི་འབད་བརྩོན་ཏེ་ཁྱོན་བསྡོམས་ཉིན་ནས་མཚན་ལ་སྦྲེལ་ཞིང་ཆུ་ཚོད་ནས་ཆུ་ཚོད་ལ་སྦྲེལ་ཏེ་རྩོལ་བ་ཆེན་པོ་བསྟེན་ཡོད་པ་དེ་རེད། རྩོམ་པ་པོས་ཀྱང་། “མི་ལོ་དགུའི་རིང་ཉིན་མཚན་ལྟོས་མེད་ཀྱིས་འབད་འབུངས་བྱས་པ་འདི། ཉིན་རེའི་ལས་ཁུངས་ཀྱི་ལས་ཀ་བྱེད་མཁན་ཞིག་གིས་བསྒྲུབ་པའི་དབང་དུ་བྱས་ན་མི་ལོ་ཉི་ཤུ་ལ་བསྒྲུབས་ཀྱང་འགྲུབ་དཀའ་བའི་གནས་ཤིག་ཡིན།”ཞེས་བྲིས་པ་དེ་རེད། འབད་པ་བསྟེན་ནུས་པའི་ནུས་པ་དེ་ཡང་ཧ་ཅང་བསྔགས་འོས་པ་ཞིག་རེད།
གསུམ་པ་ནི། འདས་པའི་མི་ལོ་བཅུ་ཕྲག་གསུམ་དང་བཞིའི་རིང་ལ་ཡུལ་དུས་དང་རྐྱེན་དབང་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ཀྱི་རས་གཞི་འདི་ལ་ཚོན་ཁྲའི་རི་མོ་སྣ་ཚོགས་པ་བཏབ་པ་དེ་ལ་ཡོ་བ་བསྲང་བའི་འགན་ཞིག་ཧོར་གཙང་འཇིགས་མེད་ལགས་ཀྱི་དེབ་འདིའི་སྔ་ཕྱི་བར་གསུམ་དུ་འཁྱེར་ཡོད་པ་དེ་ཡང་བསྔགས་པ་འོས་པ་ཞིག་དང་སྐབས་སུ་བབ་པ་ཞིག་རེད། གཏམ་དང་རྗོད་པ་འགའ་ཞིག་ལ་གཏམ་ལན་མེད་པར་ལུས་པ་ཡིན་ན་མ་འོངས་པར་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚོས་ང་ཚོའི་མི་ཐོག་འདི་ལ་འཁང་ར་བྱེད་ངེས་པ་རེད། འཁང་ར་ཙམ་དུ་མ་ཟད་ཐ་ན་ལོ་རྒྱུས་ཀྱི་ཕྱོགས་གཅིག་དེ་སྟོང་པའི་དབྱིངས་སུ་ཡལ་འགྲོ་བའི་ཉེན་ཁ་ཡང་ཡོད་སྲིད་པ་རེད། དོན་ཚན་འདི་ལ་སོགས་པ་ལ་རྩོམ་པ་པོས་ཀྱང་ “མདོ་སྨད་ལོ་རྒྱུས་ཆེན་མོའི་ཁྱད་ཆོས་བཅུ་” ཞེས་སྔོན་གླེང་དུ་བགྲངས་འདུག་པ་རེ་རེ་ནས་འདིར་འདྲེན་དགོས་པ་མི་འདུག
བཞི་པ་ནི། མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་དེབ་རྒན་དྲུག་པོ་འདི་འཇིག་རྟེན་མི་ཡུལ་དུ་བཞག་པ་དེས། ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་ཟས་ཀྱི་སྟོན་མོ་ཞིག་བཤམས་ཡོད་པ་སྟེ། ཡུལ་བྱེ་བྲག་པའི་མིང་འདོགས་ཚུལ་ནས་བརྩམས་ཏེ་རི་བོ་ཞིག་གི་ཆགས་ལུགས། ཆུ་མོ་ཞིག་གི་བཞུར་ལུགས། མཁས་པ་ཞིག་གི་བཞེད་ལུགས། མི་ཞིག་གི་སྐྱེས་ལུགས། རྒྱལ་པོ་དང་རྒྱལ་མོ། རྒྱལ་ཁབ་དང་རྒྱལ་ཕྲན། ཞིང་པ་དང་འབྲོག་པ། སྡེ་བ་དང་འཚོ་བ་སོགས་མདོ་སྨད་དམ་ཨ་མདོ་ཞེས་པ་ལ་འབྲེལ་བ་ཡོད་པ་མང་ཆེ་བ་ཞིག་གླེང་གཞིར་དྲངས་ཡོད་པ་དེས། “རྟ་ཕོ་རྒྱུགས་ཤེད་ཡོད་ན། བྱང་ཐང་སྟོང་པ་རེད།” ཅེས་པའི་བཤད་སྲོལ་ལྟར་མདོ་སྨད་ཀྱི་ “བྱང་ཐང་”དེ་གཅལ་དུ་བཀྲམས་ཡོད་པ་དེ་རེད། ད་ནི། “ཨ་མའི་བུ་འཇོན་ཐང་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད།” ཅེས་པ་ལྟར། མདོ་སྨད་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་རྣམས་ལ་ཞིབ་འཇུག་བྱེད་པར་སྤྲོ་ན་དཔྱད་གཞི་འདི་དང་དེ་ཞེས་དམིགས་འཛུགས་ས་ཞིག་ཡོད་པ་རེད།
ད་ནི་བསྔགས་པར་འོས་པའི་སྡེ་ཚན་འདིའི་མཇུག་སྡོམ་ལྟ་བུར་འདི་ཡང་སྨྲ་བར་བྱ་སྟེ། ཧོར་གཙང་འཇིགས་མེད་ཐམས་ཅད་མཁྱེན་པ་མ་རེད། ཧོར་གཙང་འཇིགས་མེད་མི་ཞིག་དང་། དེ་ཡང་རྣམ་དཔྱོད་ཅན་གྱི་མི་ཞིག་རེད། མིའི་རྣམ་དཔྱོད་ལ་ཚད་བཀག་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ཚད་བཀག་དེ་ཧོར་གཙང་འཇིགས་མེད་ཀྱི་སྐྱོན་མ་རེད། ང་ཚོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ལ་གོམས་གོམས་ནས་ང་ཚོས་རང་ཅག་ནི་མི་ཞིག་ཡིན་པའང་བརྗེད་གྲབས་ཡོད་པ་ལྟ་བུ་ཞིག་འདུག བསྟོད་པ་བྱེད་མཁན་གྱིས་སངས་རྒྱས་ཡིན་པ་ལྟ་བུར་བསྒྲུབས་པ་དང་། སྨད་པ་བྱེད་མཁན་གྱིས་བདུད་ཡིན་པ་ལྟ་བུར་བསྒྲུབས་པའི་འཇིག་རྟེན་ལྟ་ཚུལ་འདིས་ནམ་ཡང་རང་ཅག་བོད་པའི་སྤྱི་ཚོགས་ལ་གྱོང་གུད་ཆེན་པོ་ཞིག་སྦྱོར་བཞིན་འདུག འདི་དག་ལ་ནི་ང་ཚོས་ངོ་འཕྲོད་དགོས་པ་ཞིག་ཧ་ཅང་གལ་ཆེའོ་ཞེས་ཀྱང་དྲན་ནོ།།
བཞི་པ། མདོ་སྨད་ལོ་རྒྱུས་ཆེན་མོའི་ངོ་སྤྲོད་ཅིག
མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་དེབ་ཕྲེང་འདི་ལ་དེབ་ཕྲེང་དྲུག་འདུག ༢༠༠༩ ལོར་བོད་ཀྱི་དཔེ་མཛོད་ཁང་གིས་པར་དུ་བཏབ་འདུག དེབ་ཕྲེང་འདིའི་ངོ་སྤྲོད་རགས་ཙམ་གཤམ་གསལ་གྱི་རེའུ་མིག་ཏུ་བཀོད་པ་ལྟར་ཡིན།
གླེགས་བམ། | ནང་དོན། | ཤོག་གྲངས |
དང་པོ་ | བོད་སྤྱི་དང་བྱེ་བྲག་མདོ་སྨད་ཀྱི་ལོ་རྒྱུས་ཀྱི་སྤྱི་བྱིངས། | 814 |
གཉིས་པ། | རྒྱལ་རོང་དང་རྔ་བ་སོགས་ཀྱི་སྡེ་ཚོའི་ལོ་རྒྱུས། | 696 |
གསུམ་པ་ | བླ་བྲང་དང་གཙོས། རྨ་ཆུ་སོགས་ཀྱི་སྡེ་ཚོའི་ལོ་རྒྱུས། | 773 |
བཞི་བ། | རེབ་གོང་དང་གཅན་ཚ་སོགས་ཀྱི་སྡེ་ཚོའི་ལོ་རྒྱུས། | 701 |
ལྔ་བ། | དགོན་སྡེའི་སྐོར། | 940 |
དྲུག་པ་ | ལོ་རྒྱུས་མི་སྣའི་སྐོར། | 783 |
གོང་གསལ་གྱི་དེབ་དྲུག་བསྡོམས་ན་ཤོག་གྲངས་ 4707 ཡོད་པ་དེའི་ཁོངས་སུ་གླེང་བརྗོད་སོགས་ཚུད་མེད། ཤོག་གྲངས་རེར་ཐིག་ཕྲེང་ ༢༢ རེ་ཡོད་ཅིང་ཐིག་ཕྲེང་རེར་ཡིག་འབྲུ་ ༡༥ ཙམ་རེ་ཡོད་པའི་རོབ་རྩིས་བྱས་པ་ཡིན་ན། ཡིག་འབྲུ་ས་ཡ་གཅིག་དང་ཕྱེད་ཀ་སྐོར་ཞིག་ཡོད་པ་རེད། དེ་ཡང་དཔྱད་གཞིའི་ཡིག་ཆ་ ༥༢༢ ལ་ལོ་ངོ་དགུའི་རིང་ཞིབ་འཇུག་བྱས་པ་ནས་བྱུང་བ་ཞིག་རེད། དཔྱད་གཞིའི་ཡིག་ཆ་དེ་དག་ཀྱང་ཡོངས་སུ་གྲགས་པའི་ཆོས་འབྱུང་དང་ལོ་རྒྱུས། བླ་མ་སོགས་ཀྱི་རྣམ་ཐར། དེང་སྐབས་བསྒྲིགས་པའི་ས་གནས་ཀྱི་ལོ་རྒྱུས་སོགས་ཕལ་ཆེ་བ་བོད་ཡིག་དང་དེ་བཞིན་རྒྱ་ཡིག་གི་དཔྱད་གཞིའི་ཡིག་ཆ་དང་ཨིན་ཇིའི་ཡི་གེ་ཡང་འགའ་རེ་བཅས་སྤྱད་དེ་བརྩམས་གནང་འདུག
རྩོམ་པ་པོས་སྔོན་གླེང་དུ་སྤེལ་བ་ལྟར་ན། ལས་གཞི་འདིར་རྨ་ཆུའི་འཇམ་དབྱངས་དང་ཚེ་བརྟན་རྒྱལ་སོགས་མི་སྣ་དགུ་ཙམ་གྱིས་ཡིག་ཆ་འཚོལ་སྒྲུབ་སོགས་ཀྱི་རོགས་མཛད་པ་མ་ཟད། བཙན་བྱོལ་དུ་ཡོད་པའི་བོད་རིགས་ཡི་གེ་བ་སུམ་ཅུ་ལྷག་གིས་ཚན་པ་རེའམ་དུམ་བུ་རེ་ལ་ཞུ་དག་གི་རོགས་རམ་ཀྱང་གནང་ཡོད་འདུག ལས་འཆར་འདི་ལ་སྐུ་སྒེར་ཡིག་ཚང་ནས་དཔལ་འབྱོར་རོགས་རམ་གནང་བ་དང་རྩོམ་པ་པོ་ཉིད་ལ་༧གོང་ས་མཆོག་གིས་ཐད་ཀར་ལམ་སྟོན་གནང་བ་སོགས་ཀྱི་རྐྱེན་ལ་བརྟེན་ནས་ལས་འཆར་འདི་བསྒྲུབས་འདུག ཡང་རྩོམ་པ་པོས་ལོ་རྒྱུས་ཀྱི་དེབ་འདི་ལ་གདེང་འཇོག་སྐབས་འདི་ལྟར། “མིའི་ནུས་པས་མ་འདང་བ་དང་། དཔྱད་གཞིའི་ཡིག་ཆ་མ་རག་པ། རྩོམ་མཁན་གྱི་ཉམས་མྱོང་དང་ཤེས་ཚད་ཀྱིས་མ་འདང་བ། རྩོམ་སྒྲིག་བྱེད་པའི་དུས་ཚོད་ཀྱིས་མ་ལྕོགས་པ་བཅས་ཀྱི་ཆ་ནས་ལོ་རྒྱུས་གླེགས་བམ་འདི་དག་ལ་མ་དག་པ་དང་། མ་ཚང་བ། མ་འགྲིག་པ་སོགས་སྐྱོན་གནས་གང་འཚམ་འབྱུང་རྒྱུ་ནི་གཡོལ་དུ་མེད་པ་ཞིག་ཡིན་མོད། ཁོ་བོས་དཀའ་ལས་གླིང་ལ་གྲགས་དགོས་པ་ཞིག་བརྒྱབ་ནས་བསྒྲུབས་པའི་འབྲས་བུ་ཡིན་སྟབས། འདིའི་ནང་གི་དོན་དག་བརྒྱ་ཆའི་དགུ་བཅུ་གོ་ལྔ་ལྷག་འགྲིག་ཡོད་པ་ཐག་གིས་བཅད་ཆོག་པ་ཡིན་པས། ལེགས་འབྲས་ཅི་ཡོད་ལ་དེ་མཐུན་གྱི་ངོས་ལེན་ཡོད་འོས་པ་ཞིག་ཀྱང་ཡིན།” ཞེས་སྔོན་གླེང་དུ་བྲིས་འདུག
ལྔ་པ། “མདོ་སྨད་ལོ་རྒྱུས་ཆེན་མོ་ལས་ལོ་རྒྱུས་སྤྱིའི་གཞུང་ཤིང་གི་སྐོར་”ཞེས་པའི་བསྐྱར་ཞིབ་ཆུང་ཆུང་།
“མདོ་སྨད་”དང་། “ལོ་རྒྱུས་ཆེན་མོ་”ཞེས་པའི་ཚིག་འདི་ལ་འགྲེལ་བཤད་སྟབས་བདེ་ཞིག་རྒྱག་ཏུ་མེད་པ་རེད། བོད་ཀྱི་ས་ཆའི་མིང་དང་དེའི་ཁྱབ་ཁོངས་རྣམས་དུས་རབས་ནས་དུས་རབས་ལ་འགྱུར་བ་ཕྱིན་ཡོད། ད་ལྟའི་མཁས་པ་ཚོའི་འགྲེལ་བཤད་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་འགའ་ཞིག་གི་ལོ་རྒྱུས་ལ་རལ་གྲི་གནམ་གཡུགས་བྱེད་ས་མེད། ཧོར་གཙང་འཇིགས་མེད་ལགས་ཀྱིས་ཡིག་ཆ་མང་པོའི་ཁུངས་དྲངས་ནས་དུས་སྐབས་རེ་རེའི་མདོ་སྨད་ཀྱི་མིང་གི་འགྱུར་བ་དང་དུས་སྐབས་རེ་རེའི་མདོ་སྨད་ཀྱི་ལོ་རྒྱུས་འགྱུར་བ་ལ་དཔྱད་ཞིབ་བྱས་འདུག
དེབ་དང་པོར་བོད་ཡུལ་ཆགས་ཚུལ་དང་བོད་དུ་འགྲོ་བ་མི་བྱུང་ཚུལ། གནའ་རྫས་ཀྱི་ཐོག་ནས་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་བརྟག་དཔྱད་བྱེད་པ་བཀོད་ཡོད་ཅིང་། འདི་དག་ཁུངས་སྐྱེལ་གྱི་ལུང་ ༢༡ དྲངས་ཏེ་བསྒྲུབས་འདུག གཙོ་ཆེར་དེང་རབས་གནའ་རྫས་རྟོག་ཞིབ་པས་དཔྱད་པ་བྱས་པའི་རྩོམ་ཡིག་དང་། དེ་བཞིན་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་དྲངས་ཏེ་བསྒྲུབས་འདུག རི་བོ་དང་ཆུ་བོ་སོགས་ཀྱི་ཆགས་ཚུལ་དང་གྱེས་ཚུལ་ལ་བརྟེན་ནས་བོད་ཀྱི་ས་ཁམས་བཤད་སྐབས་ཤར་ལྷོ་ནུབ་བྱང་གི་ཚད་བཅད་ཀྱིས་དཔྱད་ཞིབ་བྱས་འདུག
དེ་ནས་གནའ་བོའི་རྒྱལ་ཕྲན་གྱི་སྐོར་ཏེ་ འ་ཞ་དང་དྲུ་གུ སུམ་པ། མི་ཉག་ འཇང་། ཆཱང་། ལི་ཡུལ། ལི་ཡུལ་དང་འབྲེལ་ནས་མཐོང་ཁྱབ་བཅས་ཀྱི་སྐོར་དཔྱད་བརྗོད་བྱས་འདུག དེ་ཡང་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལ་ཁུངས་གཏུགས་ཏེ་དཔྱད་ཞིབ་ནན་པོ་མཛད་འདུག་ཅིང་ལྷག་པར་དུ་འ་ཞའི་སྐོར་ཞིབ་འཇུག་ལེགས་པོ་ཐོན་པའི་ཚོར་བ་བྱུང་། ཆཱང་གི་སྐོར་བཤད་སྐབས། “རྒྱའི་ལོ་རྒྱུས་ཡང་ཡང་མཐོང་ཐུབ་པ་ཞིག་ནི། བོད་ལ་གཏན་ནས་མ་གྲགས་ཤིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་ས་བོན་ཙམ་ཡང་མེད་པའི་སྒྲུང་གཏམ་མང་བོ་ཁོ་ཚོའི་རང་འདོད་ལྟར་བྲིས་ཤིང་། དེ་ཡང་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་ང་ཚོའི་ཡིན། ང་ཚོའི་མངའ་འོག་ཡིན་ཟེར་བ་དེ་རེད།” ཅེས་བྲིས་ཤིང་། རྒྱའི་ཡིག་ཚང་ཁག་ལ་དཔྱད་ཞིབ་སྐབས་གཟབ་གཟབ་ནན་བྱེད་དགོས་པའི་གླེང་ཕྱོགས་སྤེལ་འདུག འོན་ཀྱང་མཚམས་རེར་དཔེར་ན་ཡུ་གུར་ཞེས་པའི་འགྲེལ་བཤད་སྐབས་ “གཡུ་གུར་”ཞེས་བཀྲལ་བ་སོགས་ཅུང་ཐལ་ཆ་ཡོད་པར་སྣང་སྟེ། དཔེ་མཚོན་འདི་རང་ལ་མཚོན་ན། ཡུ་གུར་བ་ཁོང་ཚོས་ཀྱང་རང་གི་མི་རིགས་ལ་ Uyghur ཞེས་འབོད་པས་སོ།།
འདིའི་མཇུག་ཏུ་ལོ་རྒྱུས་སྔོན་འགྲོའི་ཐ་སྙད་ཁག་ཅིག་ངོས་འཛིན་དང་དཔྱད་ཞིབ་ཅེས་པའི་མགོ་བརྗོད་ཀྱི་འོག་ཏུ་བོད་དང་བོད་ཆེན་པོ། ཁམས་དང་ཆོལ་ཁ་སོགས་ཀྱི་ཐ་སྙད་དག་ལ་དཔྱད་ཞིབ་བྱས་འདུག དཔྱད་ཞིབ་སྐབས་སུ་ཁུངས་ལུང་གི་ཡིག་ཚན་ ༦༥ དྲངས་ཏེ་ལོ་རྒྱུས་རང་བཞིན་གྱི་ཐ་སྙད་དག་ལ་དཔྱད་ཞིབ་བྱས་ཤིང་། དཔེར་ན། “བོད་ཅེས་པའི་མིང་ཚིག་འདིས་སྐབས་རེར་བོད་ཁམས་ཡོངས་རྫོགས་ལ་ཁྱབ་པ་དང་། སྐབས་རེར་བོད་ཁྱོན་ཡོངས་རྫོགས་ཕར་ཟད་དབུས་གཙང་ཡོངས་རྫོགས་ལའང་ཁྱབ་མི་ཐུབ་པར་ལྷ་ས་དང་དེའི་ཉེ་འཁོར་གྱི་ཡུལ་གྲུ་དུ་མ་ལ་གོ་བ་ཡིན།” ༼ཤོག་གྲངས་ ༡༩༩༽སོགས་ཐ་སྙད་ཀྱི་ནང་དོན་ལ་འགྲེལ་བཤད་བྱས་པ་དང་། འ་ཞ་དང་མདོ་སྨད་ཅེས་པའི་མིང་གི་ཚིག་འབྲུ་དང་པོ་གཉིས་བསྡོམས་ཏེ་ “འ་མདོ་”ཞེས་པའི་ཐ་སྙད་ཆགས་པ་རྗེས་སུ་ “ཨ་མདོ་”རུ་འགྱུར་བའི་དགོངས་ཚུལ་བཏོན་པ་སོགས་ཀྱི་གསར་བཤད་ཀྱང་འདུག་གོ།
དེ་ནས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་དུས་རབས་རིམ་བྱུང་སྐབས་སུ་མདོ་སྨད་ཅེས་པ་དེ་གང་ཡིན་དང་ཅི་འདྲ་ཡིན་འཆད་པ་ལ་ཞུགས་ཏེ། གཉའ་ཁྲིའི་སྐབས་ནས་མགོ་བཙུགས་ཏེ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་སྐབས་ཀྱི་མདོ་སྨད་ཅེས་པའི་བར་བསྐྱལ་ཅིང་། དེ་དག་ལས་ཀྱང་ཕྲན་ལ་དཔྱད་པ་བཟང་ཞིང་གསལ་ཁ་ཆེ་བའི་ཚོར་བ་སླེབས་ས་ནི་དཔེར་ན། བཙན་པོའི་དུས་རབས་སུ་མདོ་སྨད་དུ་དབུས་ཀྱི་སྒྲིག་འཛུགས་ནས་གྱེས་པའི་དམག་འཁྲུག་གཡུལ་འགྱེལ་དང་དེ་དག་གི་འཕེལ་རིམ་ལོ་རྒྱུས་ཀྱི་སྐོར་ཏུན་ཧོང་ཡིག་རྙིང་སོགས་དང་བསྡུར་ནས་དཔྱད་ཞིབ་དང་། དེ་བཞིན་ས་སྐྱ་དང་སོག་པོའི་སྐོར་དང་། རྒྱལ་དབང་ལྔ་བའི་སྐབས་ཀྱི་དགའ་ལྡན་ཕོ་བྲང་བཙུགས་པའི་བརྒྱུད་རིམ། མདོ་སྨད་དུ་བྱུང་བའི་དམག་འཁྲུག་ “ཆུ་ཡོས་དུས་འཁྲུག་ཆེན་མོ་”ཞེས་པའི་ལོ་རྒྱུས། དེ་བཞིན་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལས་ཀྱི་སྣེ་མོ་བ་ཡིན་པའི་མདོ་སྨད་པ་ཁག་གཅིག་གི་ལོ་རྒྱུས་སོགས་རེད། འདི་ཙམ་ཞིག་གིས་དབྱེ་ཞིབ་ཀྱི་རིམ་པ་འདི་གྲུབ་པར་བྱའོ།།
དྲུག་པ། ཕྲན་དང་ཧོར་གཙང་འཇིགས་མེད།
དེ་ལྟར་དོན་ཚན་ཆུང་གྲས་ལྔ་ཡི་ལམ་ནས་ཧོར་གཙང་འཇིགས་མེད་ལགས་ཀྱི་ “མདོ་སྨད་ལོ་རྒྱུས་ཆེན་མོ” ཡི་སྐོར་རོབ་ཙམ་ཞུ་ཁུལ་བྱས་ཟིན་ཏེ། ད་ནི་རྩོམ་པ་པོའི་སྐོར་ལ་ཚིག་གྲུབ་རེ་ཟུང་ཞིག་གིས་མཚོན་ཙམ་འབྲི་བར་བྱ་སྟེ། ཧོར་གཙང་འཇིགས་མེད་ལགས་རྒྱ་གར་དུ་མ་སླེབས་པའི་སྔོན་ནས་ཁོང་བྲོས་བྱོལ་དུ་ཡོང་བཞིན་པའི་གཏམ་དེ་རྡ་རམ་ས་ལ་ནས་གོ་བར་གྱུར། དེ་ནས་སྐབས་ཤིག་ལ་སྨན་རྩིས་ཁང་དང་གངས་སྐྱིད་ཀྱི་བར་དེ་ནས་ཧོར་གཙང་འཇིགས་མེད་ཐོག་མར་མཐོང་བྱུང་། མཚམས་འདྲི་རེ་བྱས་པ་ལས་གཞན་པའི་སྐད་ཆ་བཤད་པ་སེམས་ལ་མི་དྲན།
ཕྲན་ཝ་ར་ཎ་སི་ན་ཡོད་སྐབས་ཁོང་དེར་སླེབས་བྱུང་། སྐབས་དེར་ཁོང་གནས་མཇལ་དང་རྡོར་གདན་གྱི་གསུང་ཆོས་ཤིག་ལ་བརྟེན་ནས་སླེབས་འདུག ཕྲན་གྱི་ཁང་ཆུང་གཡར་མའི་ནང་དུ་ང་ཚོ་འཛོམས་ཏེ་རིག་གཞུང་དང་བོད་ཀྱི་སྐོར་སོགས་གླེང་གིན་གླེང་གིན་རྫོགས་རྒྱུ་མེད་པ་ལྟ་བུ་ཞིག་ཏུ་གྱུར། དུས་ཚོད་དེ་ཙམ་ནས་བཟུང་སྟེ་ད་ལོའི་བར་གྱི་མི་ལོ་ཉི་ཤུ་སྐོར་ཞིག་གི་རིང་ལ་ང་ཚོ་གཞིས་ཆགས་བུ་མོའི་མག་པར་གྱུར་པ་ནས་བརྩིས་ཏེ་ཕ་རྒན་ཆགས་པ་དང་། རྡ་རམ་ས་ལར་ལས་ཀ་སྣ་ཚོགས་པའི་ནང་མཉམ་ཞུགས་བྱས་པ། མཐར་ཨ་མི་རི་ཁར་སླེབས་ཏེ་གནས་གཞི་བཟུང་བ་སོགས་གློག་བརྙན་ཞིག་དང་མཚུངས་པའི་ཟློས་གར་འདི་ང་ཚོས་འཁྲབ་པ་རེད།
ཧོར་གཙང་འཇིགས་མེད་ནི་སེམས་ཚོར་ཆེན་པོ་ཡིན་པའི་སྐྱེས་བུ་ཞིག་ཡིན་ལ། སེམས་ཚོར་དེ་དག་གིས་ཁོང་གི་མི་ཚེའི་རི་མོ་ལའང་ཚོན་མདོག་སྣ་ཚོགས་ཤིག་བྲིས་ཡོད་པ་རེད། ནོར་ལྡེ་རྩོམ་སྒྲིག་པ་མཛད་བཞིན་པའི་ཉིན་ཞིག་གི་ཕྱི་དྲོ་ཞིག་ལ། “ལྷ་མོ་དོན་འགྲུབ་”ཅེས་པའི་སྙན་ངག་ཅིག་འཁྱེར་ནས་ངེད་ཀྱི་ལས་ཁུངས་ལ་ཕེབས་བྱུང་། དེ་ནས། “ཡ། འདི་ཆི་མོ་རེད། ཅིག་ཀློགས་དང་།” ཞེས་ཟེར། ངས་རེབ་གོང་གི་རོང་སྐད་ཀྱིས་སྙན་དངགས་དེ་གྱེར་པ་རེད། “ཡང་བསྐྱར་ཀློགས་དང་། བྲོ་བ་གཅིག་ཀྱང་མི་འདུག ང་ཚིམ་མ་སོང་།” ངས་སླར་ཡང་རེབ་གོང་རོང་སྐད་ཀྱི་ཐོག་ནས་ཆོས་ལུགས་པའི་སྙན་ངག་གྱེར་སྲོལ་ལ་དྲངས་ཏེ་བཀླགས། “ཡ་ད་ཆོད་མི་འདུག ང་འགྲོ་གི་ཡིན།” ངའི་ལག་ནས་སྙན་ངག་བླངས་ཏེ་ཕྱིན་སོང་། ཕྱིས་སུ་ཁོང་གིས་བཤད་པ་ལྟར་ན། ཁོང་དེ་ནས་བདེ་སྲུང་ལས་ཁུངས་ལ་ཕེབས་ཏེ་ཚེ་རྒྱམ་ལགས་ལ་སྙན་ངག་དེ་ཀློག་བཅུག་པ་དང་། དེ་ནས་རྩོད་པ་བྱས་པའི་སྒྲུང་ཞིག་གསུངས་རྒྱུ་འདུག དེ་ལྟ་བུའི་གཤིས་ཀ་ཅན་གྱི་མི་ཞིག་རེད།
འོན་ཀྱང་ངས་ནམ་ཡང་བརྗེད་མི་ཐུབ་པ་དེ་ནི། ཧོར་གཙང་འཇིགས་མེད་དང་གཤིབས་ནས་མི་ལོ་ཉི་ཤུའི་རིང་། ཁོང་གིས་ང་ལ་འཛིན་པའི་གདོང་གི་རྣམ་འགྱུར་ལ་འགྱུར་བ་འགྲོ་མ་མྱོང་། གྲོགས་པོ་མང་པོ་ལ་གློ་བུར་གློ་བུར་གྱི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། ཕྲན་གྱིའང་གྲོགས་པོ་མང་པོ་ཞིག་ནི། “དགོས་དུས་རྡོ་རྗེ་དང་མི་དགོས་དུས་གདོན་འདྲེ་”ཞེས་པའི་དཔེ་ལྟར་རྒྱུན་བསྲིངས་མ་ཐུབ་པའི་གནས་ཤིག་ལ་སོང་ཟིན། འོན་ཀྱང་ཧོར་གཙང་འཇིགས་མེད་ཀྱིས་ཕྲན་ལ་འཛིན་པའི་གདོང་གི་རྣམ་འགྱུར་དེ་དང་གྲོགས་ཀྱི་འདུ་ཤེས་དེ་ད་བར་དུ་དེ་ལྟར་གནས་བྱུང་། འདི་ནི་ཕྲན་ལ་མཚོན་ན་ཧ་ཅང་རྩ་ཆེན་པོ་ཞིག་ཡིན།
དེ་ལྟ་བུའི་ཚོར་བ་དང་འཆར་སྣང་འགའ་རེ་དང་བཅས་པའི་སྒྲུང་གི་རིམ་པ་ནི་ཧ་ཅང་མང་ཡང་རེ་ཞིག་བསྐྱུངས་ལ། སླར་ཡང་གྲོགས་པོ་ཁྱེད་ཀྱིས་འདི་ལྟ་བུའི་ལས་ཀ་བྱས་པ་ལ་མངོན་པར་བསྟོད་དོ།། རྗེས་སུ་ཡི་རང་ངོ་།། དགའ་བ་སྐྱེད་ཅིག་ཅེས་སྐུལ་བ་དང་བཅས་དེ་རིང་གི་བསྐྱར་ཞིབ་འདི་གྲུབ་པར་བྱས་པ་ཡིན་ནོ།།
ད་ནི་གཏམ་བཟང་གི་གནས་ཚུལ་འདི་ཡང་ཞུ་བར་བྱ་སྟེ། བསྐྱར་ཞིབ་ཀྱི་ཚིག་ཐོ་འདི་དག་གྲུབ་ལ་ཉེ་བའི་སྐབས་སུ་ཁོང་གིས་ང་ལ་གསུངས་དོན་ལྟར་ན། ད་ལྟ་རྩོམ་པ་པོ་ཁོང་གིས་ལོ་ཚིགས་ཀྱི་གྲངས་ཀ་དང་མིང་གི་དག་ཆ་སོགས་ལ་ཞུ་དག་གི་རིམ་པ་ཞིག་འགྲོ་བཞིན་ཡོད་པ་དང་། ཞུ་དག་གི་རིམ་པ་འདི་གྲུབ་པ་ན། མདོ་སྨད་ལོ་རྒྱུས་ཆེན་མོ་འདི་ཉིད་གློག་དེབ་(E-book)ཏུ་བཟོས་ཏེ་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་རེད། དེའི་རྗེས་ནས་ཁོང་གི་འཆར་གཞི་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་འདི་ལ་བསྐྱར་ཞིབ་ཆ་ཚང་བ་ཞིག་བྱས་ཏེ་པར་སྐྲུན་ཐེངས་གཉིས་པ་དེ་བྱེད་རྒྱུ་ཡིན་འདུག་པས། འབྱུང་འགྱུར་གྱི་མདོ་སྨད་ལོ་རྒྱུས་ཆེན་མོ་དེ་ནི་ད་དུང་ཡང་འཚར་ལོངས་འབྱུང་བཞིན་པའི་ན་ཆུང་བྱིས་པ་ཞིག་ཇི་བཞིན་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་སྐྱེད་རྒྱུ་རེད་ཅེས་ཞུ་བ་ཡིན་ནོ།།
གསལ་བཤད། འདིར་ཕྲན་གྱིས་སེམས་ཚོར་ཆེན་པོས་རྩོམ་ཡིག་འདི་བྲིས་པ་ཡིན་སྟབས། ཀློག་མཁན་རྣམས་ལ་ཕོག་ཐུག་སོང་ན་ཐོག་མ་ཉིད་ནས་དགོངས་འགལ་མེད་པ་ཞུ་བ་ཡིན། དེ་བཞིན་ཕྲན་གྱི་གྲོགས་པོ་མཁྱེན་ཡངས་ཧོར་གཙང་འཇིགས་མེད་མཆོག་ལའང་གྲོགས་པོའི་རྩིས་ཀྱིས་མ་གུས་པ་སོགས་ཀྱི་ཚིག་ཐལ་ཤོར་ཡོད་རིགས་ལའང་དགོངས་འགལ་མེད་པ་ཞུ་ཞེས་ཞུ་བ་ཡིན་ལགས།
གྲོགས་རབ་གསལ་ལགས་ཀྱིས་སྒྲུང་གི་རྣམ་པའི་སྙན་མོ་ཞིག་བྲིས་འདུག་འབྲི་མཁན་དང་འབྲི་ཡུལ་གཉིས་ཆ་མངོན་པར་བསྟོད་དོ།
ཐུགས་རྗེ་ཆེ། དངོས་གནས་དོན་དང་བདེན་པའི་གནས་ལུགས་གསུངས་འདུག དེབ་ཆེན་དྲུག་ལྟ་ཅི། ཐ་ན་ཤོག་ལེབ་བཅུ་ལྷག་གི་རྩོམ་ཡིག་ཅིག་བྲིས་ན་ཆད་ལྷག་དང་། ཡིག་ནོར་ཤོར་བ་མ་ཟད། དེ་དག་ཞི་དག་བཏང་རྒྱུ་དང་འབྲི་རྒྱུ་ནི་དེ་བས་དཀའ་ངལ་གྱི་གནས་ཤིག་རེད། མ་ཟད་ལེ་ཅན་གྱིས་འབྲི་ཡ་ལྟ་ཅི་ཀློག་ཡ་ཡང་ཁག་པོ་རེད།
ཧོར་འཇིག་གིས་མདོ་སྨད་ཀྱི་ལོ་རྒྱུས་བྲིས་བར་ཐུགས་རྗེ་ལེགས་འབུལ་དང་། མཐའ་མའི་ཞུ་དག་ལམ་འགྲོ་ཡོང་བ་སྨོན།
ཧོར་གཙང་ལགས་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་དྲ་རྒྱ་སྒང་ནས་ཉོ་ས་ཤེས་མཁན་རེ་ཡོད་དམ་
ཧྲ་ཀི ཨ་ནུ་ཐང་བསོད་ནམས་ཀྱིས་མཆན་ཞིག་བྲིས་བའི་ནང་དུའང་ཡིག་ནོར་ལུང་བ་གང་འདུག ཁག་མེད་དེང་སང་གི་མྱི་འདི་ཚོ། རྗེ་རིན་པོ་ཆེའི་གསུང་འབུམ་པོད་ཁ་ཤས་དང་ལམ་རིམ་ཆེན་མོར་མཇལ་དུས་ཡིག་ནོར་རེ་གཉིས་ཀྱང་མཐོང་རྒྱུ་དཀོན། གནའ་མྱི་དེ་ཚོ་ཨེ།
ཧོར་འཇིག་གིས་བོད་ཀྱི་ལོ་རྒྱུས་ཆེན་མོ་ཞེས་པའི་ཁ་བྱང་ཞིག་བཏགས་ནས་བོད་ཀྱི་ལོ་རྒྱུས་ཤིག་མི་འབྲི་བའི་རྒྱུ་མཚན་གང་ཡིན་ནམ། བོད་ཀྱི་ལོ་རྒྱུས་ཟེར་བའི་དེབ་རྒན་ཞིག་མཐོང་རྒྱུ་མི་འདུག མདོ་སྨད་ལོ་རྒྱུས་ཟེར་བའི་དེབ་རྒན་དྲུག་འདུག
བསྐྱར་ཞིབ་པ་དང་རྩོམ་པ་པོ་གཉིས་ཀའི་བརྩོན་འགྲུས་ཀྱི་ཡོན་ཏན་དང་བཟོད་པའི་ཡོན་ཏན་ལ་རྗེས་སུ་ཡི་རངས་ཞུ།
སྔོན་མ་མདོ་སྨད་ལོ་རྒྱུས་ནས་ལེའུ་ཐོར་བུ་རེ་བཀླགས་པའི་སྐལ་བཟང་ཐོབ། བརྗོད་བྱ་རྒྱ་ཤིན་དུ་ཆེ་བ། དེར་བརྟེན་བརྗོད་བྱེད་འབོར་ཚད་ཤིན་དུ་མང་བ་དགོས་པ་དང་། དེབ་ནང་ལ་འཁོད་པ་བཞིན། ལོ་རྒྱུས་ཕྱོགས་བསྒྲིགས་པའི་སྒེར་གྱི་སློབ་གསོ་དང་ཉམས་མྱོང་མ་འཛོམས་པའི་དཀའ་ངལ། བཙན་བྱོལ་གྱི་གནས་བབ་ལ་བརྟེན་པས་མཐུན་རྐྱེན་མི་འཛོམས་པའི་དཀའ་ངལ། དེ་དག་ལས་ཕྲོས་པའི་ལུས་སེམས་ཀྱི་དཀའ་ངལ་བཟོད་པར་དཀའ་བ། མདོར་ན་མཐུན་རྐྱེན་མ་འཛོམས་པའི་གནས་སྟངས་འདིའི་འོག་ནས་མིག་སྔའི་འབྲས་བུ་འདི་ལྟར་ཐོབ་པར་ཀུན་ནས་བསྔགས་པར་འོས་པའི་གནས་སུ་མཆིས།
ད་ཆ་པར་ཐེངས་གཉིས་པ་རྩོམ་སྒྲིག་བྱེད་པ་ཐོས་སྐབས་ཀུན་སློང་དག་པའི་བསམ་འཆར་འགའ་ཞུ་རྒྱུ་ལ།
དང་པོ། ལོ་རྒྱུས་རིག་པའི་ཆེད་ལས་པ་ཞིག་གདན་འདྲེན་ཞུས་ནས། ལོ་རྒྱུས་འབྲི་སྟངས་ཀྱི་རིག་པའི་གཞུང་ལུགས་སྐོར་ལ་སློབ་སྟོན་ཞུས་ནས། ངེས་པར་བསྐང་དགོས་པའི་ཞན་ཆ་རྣམས་སྐོང་ཐུབ་ན་དེབ་འདིའི་རིན་ཐང་ལྡབ་ལོགས་ཀྱིས་མཐོ་བར་འགྱུར་སྙམ།
གཉིས་པ། ད་བར་བསམ་འཆར་བཏོན་པ་ནས། ཁུངས་ལུང་དང་རྒྱུ་མཚན་ཡོད་པའི་བསམ་འཆར་རྣམས་ཕྱོགས་བསྡུས་བྱས་ནས། དེ་དག་གི་ཞན་ཆ་སྐོང་ཐུབ་ན། དངུལ་གསེར་ལ་འགྱུར་བའི་གོ་སྐབས་ལྡན་པས། སྔར་བས་ལྷག་པའི་ཡོན་ཏན་འཕེལ།
གཙོ་བོ་ཕུགས་ལ་དགོངས་པ་བཞེས་ནས། པར་མ་གསར་པ་འཐོན་རྒྱུར་བྲེལ་བ་མི་བྱེད་པར། དགོས་ངེས་ཀྱི་དུས་ཚོད་བཏང་ནས་ལེགས་བཅོས་ཐུབ་ན། ཀུན་ནས་རིན་ཐང་ཆེ་བར་མཐོང་བས། བླུན་པོའི་སྨྱོ་ལབ་ལ་བསུན་སྣང་མེད་པ་ཞུ།
མདོ་སྨད་རྟ་ཡི་ཆོལ་ཁའི་མི་རྒོད་ཚོའི་ལོ་རྒྱུས་རིང་མོ།
རྟ་རྫི་ཧོར་གཙང་གཞོན་ནུའི་འཕྲེད་གླིང་ནས་སྙན་པར་ཐོས་པས།
གཞན་ཡུལ་ས་མཐར་འཚོ་བའི་གངས་ལྗོངས་ཀྱི་བུ་ཕྲུག་ལྡོམ་པོར།
ཁྲལ་ལས་གཡོག་ལས་ཀྱི་གསེང་ནས་སྤོབས་པའི་ཡིད་གསོས་རེ་ཐོབ།
སྤྱིར་བོད་རིགས་ཡོད་དོ་ཅོག་གིས་རང་གི་གནས་བབ་གཞིར་བཞག་གིས་འགྲོ་འདུག་སྤྱོད་གསུམ་གང་ཐད་ནས་ཚུལ་དང་མཐུན་པ་ཞིག་ཡོང་ཐབས་ལ་བསམ་བློ་གཏོང་ཤེས་ན་བཟང་གི གཞན་ལ་བསམ་ཤེས་དང་གུ་ཡངས་ཀྱི་བསམ་བློའི་དྲི་ཙམ་གཤིས་ཀར་འཇགས་མི་འདུག
ཧོར་འཇིགས་ཀྱིས་ལོ་དགུའི་རིང་ལ་སྐུ་སྒེར་གྱི་ཕོགས་བླངས་ནས་མདོ་སྨད་ལོ་རྒྱུས་ཟེར་བའི་དེབ་རྒན་དྲུག་རྩོམ་སྒྲིག་གམ་ཡང་ན་བསྡུ་སྒྲིག་བྱས་བ་དེར་དགའ་བསུ་ཞུ་འོས་མོད། ཡིན་ན་ཡང་། ཧོར་འཇིགས་ཀྱིས་རྩོམ་སྒྲིག་དང་བསྡུ་སྒྲིག་གི་ལས་ཀ་དེར་བརྩམས་ཟེར་བའི་ཐ་སྙད་དེ་སྦྱར་འདུག་པས་སེམས་གཏིང་ནས་ཁོ་ཆད་ཡོད། འབྲི་གུང་ཆེ་ཚང་རིན་པོ་ཆེས་རྩོམ་སྒྲིག་གནང་བའི་བོད་བཙན་པོའི་རྒྱབ་རབས་རིན་ཐང་བྲལ་བ་དེར་ཡང་རྩོམ་སྒྲིག་གནང་ཟེར་ནས་བྲིས་འདུག་མ་གཏོགས་བརྩམས་ཟེར་བའི་ཐ་སྙད་དེ་སྦྱར་མི་འདུག ཧོར་འཇིགས་ཀྱང་རྩོམ་སྒྲིག་དང་བསྡུ་སྒྲིག བརྩམས་ཟེར་བའི་ཐ་སྙད་འདི་གསུམ་ལ་མགོ་རྨོངས་མཁན་ཞིག་གླེན་པ་ཞིག་ཡིན་རྒྱུ་མ་རེེད་འདོད། གལ་སྲིད་ཧོར་འཇིགས་ཀྱིས་དཔར་ཐེངས་གཉིས་པ་རྩོམ་སྒྲིག་བྱེད་བཞིན་པ་དེ་བདེན་པ་ཡིན་ཚེ་ངེས་པར་དུ་ལོ་རྒྱུས་ཉམས་ཞིབ་པ་དང་ཆེད་ལས་བ་འགའ་སློབ་དཔོན་དུ་བསྟེན་ནས་རྩོམ་སྒྲིག་བྱེད་ཐུབ་ན་ཕན་ཆེ་མ་གཏོགས་སྙན་ངག་འབྲི་མཁན་ཞིག་གིས་ལོ་རྒྱུས་ཟེར་བའི་ཆེད་ལས་ཀྱི་ལས་ཀ་དེ་ཡར་སྣོག་མར་སྣོག་བྱས་ན་ཕན་དང་གནོད་བརྗོད་དཀའ་མོ་རེད། ད་རུང་མདོ་སྨད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་རྒྱ་ཡིག་གི་ནང་དུ་ཡོད་པས་ཧོར་འཇིགས་ལྟ་བུ་བོད་ཡིག་མ་གཏོགས་མི་ཤེས་མཁན་ཞིག་གིས་ལོ་རྒྱུས་འདི་བསྐྱར་བཤད་ཡང་བཤད་གང་བྱས་རུང་ཞིབ་འཇུག་སྤུས་ཚད་ལྡན་པ་ཞིག་ཡོང་དཀའ་རྒྱུ་རེད། མདོ་སྨད་ལོ་རྒྱུས་ལྟ་བུའི་ལས་ཀ་འདི་མཁས་པ་མང་པོ་མཉམ་དུ་འཛོམས་ནས་མཉམ་ལས་བྱེད་རྒྱུའི་ལས་ཀ་ཞིག་རེད་མ་གཏོགས་མི་སྒེར་བ་རེ་གཉིས་ཀྱིས་ལས་རྒྱུ་ཞིག་མ་རེད་ལ་ལས་ན་ཐུབ་པ་ཞིག་ཀྱང་མ་རེད་འདོད་དོ།
ངས་ད་དུང་མ་རྩོམ་ཀློག་ཚར་མེད་པའི་ཁར། མདོ་སྨད་ལོ་རྒྱུས་ཆེན་མོ་ལག་སོན་བྱུང་མེད་པས། འདིའི་ཐད་བསམ་ཚུལ་ཞུ་རྒྱུ་མེད། ཡིན་ནའང་། མཆན་མཐའ་མའི་ནང་༼བརྩམས༽དང་༼རྩོམ་སྒྲིག་གམ་བསྡུ་བསྒྲིགས༽ཀྱི་སྐོར་གླེང་འདུག་སྟབས། དེའི་ཐད་ལ་ཚིག་ཁ་ཤས་ཤིག་ཟུར་ལྟར་ཕུལ་གྱི་ཡིན། མ་གཞི་བརྩམས་ཟེར་སྐབས། ལུང་འདྲེན་གྱི་རིགས་འདྲེན་རྟགས་ནང་བཀོད་ཅིང་། ཡིག་ཆ་མང་བོར་བསྡུར་དཔྱད་བརྒྱུད་ནས་མཇུག་བསྡོམས་རེ་རེར་རང་ཉིད་ཀྱི་ལྟ་བ་བཀོད་ནས་བྲིས་པའི་དེབ་ཅིག་ལ་ཟེར་གྱི་འདུག རྩོམ་སྒྲིག་ནི་གཞན་རྩོམ་ཕྱོགས་གཅིག་ཏུ་བསྡུས་ནས་དེབ་གཟུགས་སུ་བཀོད་པ་ཞིག་དང་། བསྡུ་བསྒྲིགས་ནི་ཡུལ་ལུང་ག་གེ་མོའི་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལ་ལས་སྣོན་མ་བྱས་པར་ལེའུ་དབྱེ་ནས་ཕྱོགས་བསྒྲིགས་གནང་བ་ཞིག་ལ་ཟེར་གྱི་འདུག དེ་བས། སྐུ་ངོ་ཧོར་གཙང་གི་བརྩམས་ཆོས་ཧ་ལམ་བརྩམས་ལ་གཏོགས་ཀྱི་རེད་འདོད། ཀློག་མྱོང་མཁན་ཚོས་ཤེས་ནི་རེད།
་་་་་་ གོང་དུ་ཞུས་པ་འདི་དག་ནི་ཕྲན་གྱི་མཐོང་སྣང་ཙམ་ཞིག་མ་རེད། ཉམས་མྱོང་གི་ཐོག་ནས་ཞུས་ན་ཡང་། རང་གིས་འབད་པས་བཙལ་ཏེ་ཞིབ་འཇུག་གི་རྩོམ་རེ་ཟུང་འབྲི་སྐབས། བརྗོད་གཞི་འདི་འདྲ་ལ་ནི་ཞིབ་འཇུག་ལེགས་པོར་བྱས་མི་འདུག་ཅིང་། བརྗོད་གཞི་འདི་འདྲ་ལ་ཞིབ་འཇུག་གི་རིན་ཐང་འདུག་སྙམ་ནས་འབད་འབུངས་ཆེན་པོས་འབྲི་ཁུལ་བྱས་ཏེ་སྤྱི་ཚོགས་ཐོག་བཀྲམས་སྐབས། རང་གི་དུས་ཚོད་དང་རང་གི་རྣམ་དཔྱོད་ལ་ཡོན་ཞིག་ཕར་ཞོག དེ་ལ་འོས་ཤིང་འཚམས་པའི་བསྔགས་བརྗོད་ཅིག་ཕར་ཞོག དེ་ལ་འོས་ཤིང་འཚམས་པའི་བཀའ་བཀྱོན་ཞིག་ཕར་ཞོག ད་དེ་ལ་མི་འོས་མི་འཚམས་པའི་ཁ་རྡུང་གཟེད་དགོས་པ་དང་། དེ་ཡང་རྩོམ་མ་བཀླགས་པར་བསམ་ཚུལ་ཙམ་པོ་བ་ཞིག་ལ་བརྟེན་ནས་ཁ་རྡུང་གཟེད་དགོས་པ། བསམ་ཚུལ་དེ་ཡང་། རྩོམ་ཡིག་དང་དཔེ་དེབ་ལ་འབྲེལ་བ་གང་ཡང་མེད་པའི་ཐོག་ནས་རྩོམ་པ་པོ་སྐྱེ་བོ་སྒེར་ལ་དམིགས་པའི་བསམ་ཚུལ་ཙམ་པོ་བ་ཞིག་ལ་བརྟེན་ནས་ཡོང་བཞིན་པ་བཅས་ལ་བརྟེན་ནས། བཙན་བྱོལ་དུ་བོད་ཡིག་གི་རྩོམ་འབྲི་བྱེད་པ་ནི་དགོས་མེད་སྡུག་གི་ཁུར་བོ་ཞིག་ཡིན་པའི་སེམས་ཚོར་ཡང་ཡང་བྱུང་མྱོང་ཡོད་ལ། ཧོར་གཙང་འཇིགས་མེད་ལགས་ཀྱིས་ཀྱང་སྡུག་གི་ཁུར་བོ་འདི་འཁུར་དགོས་བྱུང་བ་ནི་སྡུག་བསྔལ་གྱི་ལེའུ་གཉིས་པ་དེ་རེད། ་་་་་་
ལོ་རྒྱུས་ཆེན་མོ་ཡིན་ནམ། ལོ་རྒྱུས་ཆེན་པོ་ཡིན། ངས་མི་ཤེས། དེབ་རྒན་པོ་ཡིན་ནམ། དེབ་རྒན་མོ་ཡིན་ནམ། དེ་ཡང་ངས་མི་ཤེས། དེབ་མཐུག ཐག་ཆོད་དྲུག་བྲིས་འདུག ཕན་ཐོགས་ཆེ་ངེས། རྗེས་སུ་ཡི་རང་ཡོད། དགའ་བསུ་ཡོད།
མཁས་དབང་དགེ་འདུན་རབ་གསལ་གྱིས་ཧ་ཅང་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
མཁས་དབང་རབ་གསལ་ཚང་གིས འདིར་གཟབ་གཟབ་གནང་ཡ་མང་དྲག་ནས་དོན་དག་ལྷུག་པོ་ཞིག་རྗེས་སུ་བརྗོད་འདོད་ཡོད་པའི་ཚོར་བ་ཞིག་བྱིན་སོང།
ཅོ་མྱི་ལགས། སྐྱོན་བརྗོད་གནང་བ་ཡག་བྱུང་། དྲང་མོ་བཤད་ན་ངས་ཡི་གེ་ལུང་པ་གང་མ་བྲིས་བར་ཡིག་ནོར་ལུང་པ་གང་ཞིག་ཡོད་ཚུལ་མཐོང་ན་ཉིད་ཀྱི་ཞེན་འདོད་ལས་གཞན་དུ་མེད། ངས་མཆན་འབྲི་སྐབས་ཀྱི་དུས་ཚོད་མང་ཤོས་ནི་འགྲོ་ཞོར་དང་། འདུག་ཞོོར། ལས་ཞོར་དང་བཤད་ཞོར་དུ་བྲིས་བས་ཡིག་ནོར་ཁ་ཤས་ཤོར་བ་བདེན་པ་རེད། ཡིན་ཡང་། ཉིད་ཀྱིས་ང་དང་རྗེ་རིན་པོ་ཆེ་གཉིས་བསྡུར་ཁུལ་བྱས་བ་ནི་དྲང་བདེན་མ་རེད་ལ། རྗེ་རིན་པོའི་གསུངས་རྩོམ་དེ་དག་ལ་ཁོོང་གི་སློབ་མ་དང་རྩོམ་སྒྲིག་པ། དཔར་བསྐྲུན་ཁང་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཞུ་དག་བཏང་བ་ལས། མི་གཞན་གྱིས་ཞུ་དག་མ་བཏང་བའི་རྗེ་རིན་པོ་ཆེའི་བརྩམས་ཆོས་ཤིག་སྟོན་དུ་དཀོན། ཡིན་ཡང་། ལམ་རིམ་སོགས་སུ་ད་དུང་ཡང་ཡིག་ནོར་དུ་མ་ཡོད། དེ་ནི་སུས་ནོར་འཁྲུལ་ཡིན་མིན་བཤད་དཀའ་ཡང་། ཡིག་ནོར་གཙོ་བོའི་མ་རེད། ཁོང་གིས་བྲིས་བའི་བརྩམས་ཆོས་ཀྱི་ནང་དོན་གཙོ་བོ་ཡིན་ཞིང་། ནང་དོན་ལ་དཔྱད་ཞིབ་བཏང་ཐུབ་ཚེ་ཡག་པོ་འདུག
གཞན་ཡང་རྗེ་རིན་པོ་ཆེ་ནི་བོད་ཡིག་གཅིག་བུའི་སྒང་ལ་མཁས་བ་ལས་གཞན་དུ་མེད། ཡིན་ཡང་། ང་ནི་དེ་དང་མི་འདྲ། ཡིག་རིགས་དུ་མའི་ཆེད་དུ་དུས་ཚོད་བཏང་དགོས་ཀྱི་ཡོད། རྗེ་རིན་པོ་ཆེ་ཡིས་བོད་ཡིག་གཅིག་བུའི་སྒང་ནས་རང་ཁ་གསོས་ཤིང་འཚོ་བ་སྐྱེལ་བ་རེད། ཡིན་ཡང་། ངས་བོད་ཡིག་ལ་བརྟེན་ནས་རང་ཁ་གསོ་བཞིན་མེད། ད་ལྟའི་ངའི་གནས་བབ་སྒང་ནས་བཤད་ན་བོད་ཡིག་ནི Hobby རེད། བོད་སྐད་དུ་བྱས་ན་དགའ་ས་དང་དུང་ས་ཡིན་ཕྱིན། ལས་ཞོར་དང་ཁོམ་སྐབས་སུ་དུས་ཚོད་བཏང་ས་ལས་འཚོ་བ་མིན། ངས་བོད་ཡིག་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་མེད་པས། བོད་ཡིག་གི་ཐོག་ནས་འཚོ་བ་སྐྱེལ་མཁན་དང་ངེད་གཉིས་བསྡུར་ཐབས་མེད་ལ། བསྡུར་ན་དྲང་བདེན་མ་རེད།
ཉིད་ཀྱིས་བོད་ཡིག་གི་དག་ཆ་ལ་ཐུགས་བསམ་བཞེས་བ་ལ་ཡི་རང་ཡོད། ཡིན་ཡང་། ཉིད་ཀྱིས་བོད་ཀྱི་སྤྱི་སྐད་དང་མཐུན་པའི་བརྡ་སྤྲོད་དང་ཚིག་འགྲོས་སྤེལ་ཞིང་། ཧྲ་གི་སོགས་ཀྱི་གྲོང་ཚིག་དེ་ཙམ་བེད་སྤྱོད་མ་བཏང་ན་སྐད་ཡིག་གཅིག་གྱུར་ལ་ཕན་ཐོགས་ཡོད་ངེས་རེད། རང་ཐོག་ནས་གཡག་ཅིག་ཡོད་ཀྱང་འཚོར་བ་གཞན་ཐོག་ནས་འབུ་ཞིག་ཡོད་ཀྱང་མཐོང་བ་ནི། རང་གི་དེ་ཉིད་ཕྱི་རོལ་ཏུ་སྟོན་བྱེད་ལས་གཞན་དུ་མ་མཐོང་། གྲོང་ཚིག་བེད་སྤྱོད་བཏང་ཁུལ་བྱས་ཀྱང་། ཧྲ་གི་ཡི་ཡག་ཆའང་ནོར་འདུག ཕོ་མོ་མ་ནིང་གི་མིང་མཐའ་འདྲེན་ཚུལ་ཡག་པོ་ཞིག་སྦྱང་ཞིང་། གཞན་ལ་སྐྱོན་བརྗོད་བྱས་ན་ཅི་འདྲའི་མཛེས་བ་ལ། ཐུགས་ལ་ཕོགས་ན་དགོངས་དག་ཡོད། སེམས་ནས་གང་ཤར་བྲིས་བ་ཡིན།
གང་ལྟར་ཉིད་ཀྱིས་བོད་ཡིག་དང་བོད་ཀྱི་བརྡ་དག་ལ་སེམས་འཁུར་བྱེད་ཀྱིན་ཡོད་ན། ཐུགས་རྗེ་ལེགས་འབུལ་ལས་ཅི་ཡང་མེད། ངས་ཡིག་ནོར་དུ་མ་ཤོར་བ་བདེན་པ་རེད། དེ་ནི་ངའི་ཞེན་ཆ་ལས་དགེ་མཚན་དུ་འདོད་ཀྱི་མེད། སྐྱོན་བརྗོད་གནང་བ་ཡག་བྱུང་།
ཉིད་ཀྱིས་མ་འོངས་བར་ངའི་ཞེན་ཆ་མཐོང་ཚེ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་སྐྱོན་བརྗོད་བྱས་ན་དགའ་བསུ་ལས་ཅི་ཡང་མེད། རྒྱུ་མཚན་ནི། ཡང་དག་པའི་སྐྱོན་བརྗོད་ནི་ངས་ནམ་ཡང་རང་ཉིད་ཡར་རྒྱས་བཏང་བྱེད་ཀྱི་ས་བོན་དང་། དགེ་རྒན་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
མདོ་སྨད་ཀྱི་མཁས་པ་གཉིས་འདི་ལྟར་འཆམ་མཐུན་དང་མཉམ་འབྲེལ་བྱེད་པར་ཧ་ཅང་དགའ་བོ་བྱུང་། ཁྱེད་གཉིས་ལ་འཚམས་འདྲི་དང་དགའ་བསུ་ཞུ།
སྙིང་སྟོབས་ཅན་ཞིག་མིན་ན།།
མི་ལོ་དགུ་ཡི་རིང་དུ།།
ཆེན་པོ་བོད་ཀྱི་དོན་ལ།།
དཀའ་ལས་འདི་འདྲ་སུས་ནུས།།
ཚེ་བཀྲ་ཟེར་བ་འདི་ལས་མཁས་པ་དང་བཤད་པ་དོན་ལ་གནས་པའི་མི་ཞིག་འཛམ་གླིང་ན་མེད་པ་འདྲ། ང་ཚོས་མཁས་པ་ཚེ་བཀྲས་སློབ་སྟོན་པ་སོགས་གདན་དྲངས་འགྲོ་སོང་བཏང་དཀའ་ལས་བརྒྱབ་ནས་མདོ་སྨད་ལོ་རྒྱུས་ཤིག་བརྩམ་སྒུག་འདུག ཁོ་ནི་ཧོར་འཇིགས་དང་མི་འདྲ་བར་རྒྱ་བོད་གཉིས་ཀའི་ཡིག་རིགས་ལ་ཐོགས་་པ་མེད་པས་ཁོས་ང་ཚོས་རེ་བ་སྟོང་ཟད་གཏང་གི་མ་རེད ཡ་དེ་ནས་ག་རེ་འགྲིག་མི་འདུག ་་་་་ གསུངས་གནང་རོགས གཞན་གྱིས་བྱས་ཚད་ལ་ཕྲག་དོག་གིས་ཁ་ཕོད་ཚོད་མེད་སྒྲོག་མཁན་ཚོ་དང་མི་འདྲ་བར་སྲེག་བཅད་བརྡར་བའི་གསེར་བཞིན་རྣམ་དཔྱོད་ཀྱི་རྩལ་ལ་རླུང་གི་སྤུ་གྲི་ལྟ་བུའི་རྣོ་དབལ་ལྡན་པ་ཞིག་ཡིན་པས་སྐད་གྲགས་གླིང་ལ་ཁྱབ་ངེས་རེད་་་ ང་ལྟ་བུའི་ཅང་མི་ཤེས་མཁན་ཞིག་གིས་བསམ་ན་ཡང་ཧོར་འཇིགས་ལས་ཚེ་བཀྲ་ལ་ཕྱོགས་གང་ཐད་ནས་རེ་བ་ཆེ་ནོ་ལོས་ཤེས་ཡ ཚེ་བཀྲ་སོགས་མཁས་པ་ཁ་ཤས་ཤིག་གིས་འདོད་པ་ཁེངས་རྒྱུ་དཀའ་ནི་རེད སོ་སོའི་ཚད་གཞི་མཐོ་དྲགས་པས་ལོས་ཡིན ཡིན་ནའང ་་་་་ ཨ་མདོ་བ་འདི་ཨང་་་་་་་་
འདིར་མཆན་བཏབ་པ་ཚང་མ་བཀླགས་པ་ཡིན། མཆན་ལན་རེ་ཟུང་འབྲི་དགོས་བསམས་བསྡད་པ་དེ་དག་མཆན་གྱི་ནང་ནས་སླེབས་འདུག ད་དེ་བསྐྱར་ཟློས་བྱེད་ཀྱི་མིན།
དེ་རིང་འདིར་གསལ་བཤད་ཀྱི་ཚུལ་དུ་འོ་དོད་འབོད་འདོད་པ་ཞིག་ནི། ང་ “མཁས་པ་”ཞེས་པའི་ཚིག་འདི་ལས་དགོངས་པ་ཞུ་རྒྱུ་ཡིན་ནོ།། ཞྭ་མོ་འདི་གསེར་གྱི་ཞྭ་མོ་ཞིག་ཡིན་སྲིད་མོད་དེའི་ལྗིད་ཤུགས་དེ་ཁོ་བོའི་མགོ་བོ་འདིས་ཐེག་པ་མི་འདུག་གོ།
ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་དེབ་སྐད་གྲགས་ཆེན་པོ་དེ་ངས་མཐོང་མ་མྱོང་། འོན་ཀྱང་རབ་གསལ་ལགས་ཀྱིས་ངོ་སྤྲོད་རོབ་ཙམ་བྱས་པ་ལས་ནང་དོན་རོབ་ཙམ་ཚོད་དཔག་བྱེད་ཐུབ་པར་འདུག བཙན་བྱོལ་ནང་རང་གིས་མི་ནུས་པ་ཞིག་གཞན་བསྒྲུབས་ཡོད་པ་མཐོང་ན་དེ་ལ་བསྔགས་པ་བྱ་རྒྱུ་ལས་ལྡོག་སྟེ་ངན་སྨྲས་སྣ་ཚོགས་བྱེད་པ་མང་། ཧོར་འཇིགས་སྙན་ངག་པ་ཞིག་ནས་ལོ་རྒྱུས་སྨྲ་བ་ཞིག་ཏུ་གྱུར་པའི་བརྒྱུད་རིམ་ནང་དུ་དཀའ་སྡུག་ཅི་འདྲའི་མང་པོ་ཞིག་མྱངས་ཡོད་རྒྱུ་རེད་ཨང་། ཧོར་འཇིགས་རྒྱལ་ལོ།།
་་་་་་གཞན་གྱིས་བསྒྲུབས་ཡོད་པ་་་་་་་་་