འབའ་སྲས།
སེམས་ཀྱི་གཏིང་ན་བཞད་པའི་རྒྱང་རིང་གི་མེ་ཏོག །
སྙིང་གི་ངོས་སུ་ཤར་བའི་དཀར་གསལ་གྱི་ཟླ་བ།།
ཉིན་དང་ཟླ་བ་འདས་ནས་ལོ་འཁོར་ཡང་རྫོགས་ཀྱང་།།
དྲན་པའི་སེམས་ངོགས་འདི་ནས་ཡལ་ཐབས་ཤིག་མ་བྱུང་།།
སྐར་མ་རེ་རེར་བསྐུར་བའི་སྙིང་གཏམ་གྱི་ཟེགས་མ།།
རྐང་དྲུག་ཅན་ལ་སྤྲིངས་པའི་དྲན་གདུང་གི་ཟིལ་མངར།།
ཁོ་ཡི་སྙིང་གི་རི་དང་ཡ་ཆུང་གི་ཞིང་ན།།
ནམ་ཡང་འོད་དུ་འཚེར་ཞིང་ཟིལ་བུ་རུ་ལྡང་ཡོད།།
ཟླ་བ་འོད་ཆེན་ཤར་བའི་དཀྱིལ་འཁོར་གྱི་སྟེང་ན།།
ཁྱེད་ཀྱི་ཞལ་རས་མཛེས་པ་རྒྱང་རིང་ནས་མཐོང་ཡོད།།
ཟིལ་བུ་རླུང་གིས་བསྐྱོད་པའི་དྲི་ཞིམ་གྱི་གསེབ་ནས།།
ཁྱེད་ཀྱི་ལྷོད་པ་མེད་པའི་མཛའ་བརྩེ་དེ་རྙེད་ཡོད།།
ཁྱོད་ནི་སུ་ཞེས་བདག་གིས་ཟླ་བ་ལ་མ་འདྲི།།
ཁྱོད་ཀྱི་དུངས་སེམས་གཙང་མ་མེ་ཏོག་གིས་མ་བཤད།།
བདག་གི་སེམས་ལ་བརྩེ་བའི་བསླུ་བྲུད་དེ་མེད་པས།།
བདག་སེམས་མེ་ལོང་ངོས་ན་ལམ་ལམ་དུ་ཤར་ཡོད།།
རྒྱང་རིང་རྒྱང་རིང་བསམས་ནས་ཡིད་སེམས་ནི་མ་སྐྱོ།།
འཛམ་གླིང་ཤར་ནུབ་གཉིས་ལ་བར་ཐག་ཅིག་མ་ཕྱེས།།
ཁྱོད་དང་ང་ཡི་སེམས་པ་ཉེ་ཉེ་ཡིན་སོམས་དང་།།
ཁྱོད་དང་ང་ཡི་ཐུག་འཕྲད་ལག་མཐིལ་དུ་གནས་ཡོད།།
བར་གྱི་རྒྱ་མཚོ་བརྩེ་བའི་གྲུ་གཟིངས་ཀྱིས་གཅད་ཆོག །
མཐོ་བའི་སྤྲིན་པ་མཇལ་འདོད་གནམ་གྲུ་ཡིས་གཏུབ་ཆོག །
གྲོང་དང་ཁང་ཁྱིམ་མི་ཡི་སྡོད་གནས་དེ་ཡིན་པས།།
ང་རང་གཉིས་ཀ་གྲོང་ཁྱིམ་གང་ཞིག་ནས་ཐུག་གམ།།
མགྱོགས་པོར་ཤོག་ཅེས་ཁྱེད་ཀྱིས་ང་རང་ལ་མ་གསུངས།།
འདི་ལ་ཤོག་ཅེས་མཛེས་པའི་ཁང་ཁྱིམ་དེ་མ་སྟོན།།
ང་ཡི་མདུན་དུ་ཁྲིམས་ཀྱི་བཙན་རྫོང་ཞིག་ཡོད་ལ།།
ང་ཡི་རྗེས་སུ་ཆུང་མའི་མིག་ཆུ་ཡང་བཞུར་སྲིད།།
དེས་ན་ཉི་མ་རེ་རེ་རེ་སྒུག་གིས་མ་བརྩི།།
ད་ཤོག་འདིར་ཤོག་མཛུལ་མོ་ཡང་ཡང་དུ་མ་ཀེར།།
ནམ་ཡང་འཕྲད་པའི་ལས་དང་བསོད་ནམས་ཤིག་ཡོད་ན།།
དེ་རིང་སང་ཉིན་ཟླ་བ་རྗེས་མ་ཡང་འཕྲད་སྲིད།།
ཁྱེད་ཀྱིས་སེམས་ཀྱི་མཛེས་སྡུག་མེ་ཏོག་ལ་མ་བསྐུར།།
ང་ཡིས་སྙིང་གི་དྲན་པ་ཟླ་བ་ལ་མི་སྤྲིངས།།
ཁྱེད་ནི་བདག་གི་སེམས་ཀྱི་མེ་ཏོག་དེ་ཡིན་ལ།།
ང་ཡང་ཁྱེད་ཀྱི་སྙིང་གི་ཟླ་བ་དེ་ཡིན་པས།།
ཁྱེད་ཀྱིས་ང་རང་དྲན་པའི་མིག་ཆུ་དེ་མ་བཞུར།།
ངས་ཀྱང་སེམས་ཀྱི་གདུང་བའི་སྙན་ངག་དེ་མི་གྱེར།།
ཤིན་ཏུ་དྲན་པའི་སྐད་ཆ་ཁྱེད་རང་ལ་ཡོད་ལ།།
སྡོད་ཐབས་མེད་པའི་དྲན་གདུང་ང་རང་ལ་ལྕི་འོ།།
དེ་རིང་འདི་ནས་འདི་ཙམ་ཟློ་བ་ཡིས་ཆོག་ཀྱང་།།
བདག་གི་སྙིང་གཏམ་ཐ་དག་བརྗོད་འདས་ཀྱིས མ་ཚར།།
སང་ཉིན་བདག་ལ་བྲེལ་བ་འཚུལ་འཚུལ་ཞིག་མེད་ན།།
སྙིང་གི་སྙིང་གཏམ་ཡོད་ཚད་ཁྱེད་རང་ལ་བྱོ་ཆོག །
༡༤/༠༣/༠༥ དགོང་མོར།
ཡག་གི་་་་་་ཡག་པོ་པྲ་མ་བྲིས་འདུག་་་་
བརྩེ་བ་གཞན་ལ་སྤྲད་ན་ཆུང་མ་དེ་སྙིང་རྗེ།།
དྲན་གདུང་འཕྲིན་དུ་བསྲིངས་ན་དགའ་རོགས་དེ་སྙིང་རྗེ།།
གདུངས་བ་སེམས་སུ་སྤས་ན་རང་སྡུག་ཅིག་ཡིན་ཡང་།།
རུས་པ་སྙིང་དང་སྡོངས་ཤིག་ཕ་བཟང་གི་བུ་ལོ།།
སྙན་ངག་མ་རེད་དྲན་གཏམ་རེད།
དྲན་གཏམ་འདོད་ཆགས་མགོ་ཆག་རེད།
མགོ་ཆག་གཞན་སེམས་དཀྲུག་སྤྱད་རེད།
དཀྲུག་སྤྱད་ལིངྒ་ལོ་ལོན་རེད།
ཧ་ཧ་ཧ།
རྒན་མོའི་ཁྱིམ་ནས་ཟུར་མ་རུམ་ན་འདོད།
ཟུར་མའི་ནང་ནས་རྒན་མོར་དུང་བ་ཤོར།།
མཐའ་མ་སྔ་མར་ཆགས་ས་མ་རྙེད་པར།།
སྙན་ངག་མང་པོ་མང་པོ་ཡོད་རྒྱུ་རེད།
ཧ་ཧ་ཧ།