ཆོས་རྗེ་མ་ཡོན་ཏན་རྒྱ་མཚོ།
སུད་སིར་གནས་སྡོད་བོད་རིགས་མི་མང་གིས་སིད་སུ་རྒྱལ་ས་བྷན་ལ་གསུམ་བཅུའི་དུས་དྲན་ཐེངས་༥༥ པ་བརྩི་སྲུང་བྱས་པའི་གནས་ཚུལ་དང་མཐོང་ཐོས།
བོད་རྒྱལ་ལོ་༢༡༤༡ ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༠ ཉིན་གྱི་སུད་སིའི་རྒྱལ་ས་བྷན་གྱི་ཞོགས་པའི་གནམ་གཤིས་དྭངས་ཤིང་། དགུན་དུས་ཀྱི་གྲང་ངར་ལྡན་པའི་སུད་སིའི་གནམ་གཤིས་ལ་དཔག་པའི་ཧ་ཅང་དྲོ་ལ་ཉི་འོད་ཀྱིས་ཡོངས་སུ་ཁྱབ་འདུག ང་དང་གྲོགས་པོ་གཅིག་མཉམ་དུ་རྒྱལ་ས་བྷན་ལ་འགྲོ་མཁན་གྱི་སྤྱི་སྤྱོད་རླངས་འཁོར་ས་ཚུགས་སུ་ཕྱིན་ཏེ་ཐད་ཀར་རྒྱལ་ས་བྷན་ལ་བསྐྱོད་མགོ་བཙུགས།
རྒྱལ་ས་བྷན་གྱི་མོན་དྷེ་སི་ར་ཐི་ཞེས་པའི་ས་གནས་སུ་སུད་སི་སྐུ་ཚབ་དོན་གཅོད་དང་། བོད་རིགས་མི་མང་ཚོགས་པ། དེ་བཞིན་ཚོགས་ཆུང་ ༢༣ བཅས་ཀྱིས་གོ་སྒྲིག་གནང་སྟེ་། སུད་སིར་གནས་སྡོད་བོད་རིགས་མི་མང་ས་གནས་མ་འདྲ་བ་༢༣ ནས་ཕེབས་འབྱོར་བྱུང་བ་རྣམས་ཀྱིས་གསུམ་དུས་ཐེངས་ ༥༥ པའི་འདུ་འཛོམས་དང་མི་མང་ལས་འགུལ་ཉིན་གུང་འདི་ཀ་ས་གནས་ཀྱི་ཆུ་ཚོད་ ༡༢ ཐོག་མགོ་འཛུགས་གནང་སོང་།
ང་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་བོད་རིགས་མི་མང་ལ་རེ་བ་ཆུང་བས་སམ། ཡང་ན་བོད་དོན་ཐད་འགན་ལེན་དེ་ཙམ་མེད་པའི་བསམ་ཚུལ་དང་མཐོང་ཕྱོགས་སྔ་མོ་ནས་ཡོད་ཙང་ཡིན་ནམ། གང་ལྟར་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཕྱིན་མེད། འོན་ཀྱང་བསམ་ཡུལ་ལས་འདས་པའམ་རེ་བ་ལས་བརྒལ་བའི་གནས་ཚུལ་ཞིག་ནི། རྒྱལ་ས་བྷན་ལ་གསུམ་དུས་བརྩི་སྲུང་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ལ་མཉམ་ཞུགས་གནང་མཁན་གྱི་བོད་རིགས་གཅིག་སྟོང་ལྔ་བརྒྱ་ལྷག་འདུ་འཛོམས་གནང་འདུག་ལ། ནུབ་ཕྱོགས་ཀྱི་བྲེལ་ཟིང་ཆེ་བའི་གཡོག་ལས་དང་དཔལ་འབྱོར་འདུ་འགོད་སོགས་ལ་བསམ་ན་རེས་གཟའ་ཟླ་བའི་སྐད་འབོད་ངོ་རྒོལ་ལ་མཉམ་ཞུགས་ཀྱི་དུས་ཚོད་འདི་ཡང་བློས་གཏོང་ཆུང་རྒྱུ་མེད་པའི་ཚོར་སྣང་བྱུང་།
ནུབ་ཕྱོགས་ཀྱི་ལུང་པ་རྣམས་ཀྱི་ནང་རྒྱུན་ལྡན་བོད་པ་ནང་ཁུལ་ལ་འདི་ལྟ་བུའི་འདུ་འཛོམས་ཀྱི་གོ་སྐབས་ཉུང་ཉུང་ཙམ་ལས་མེད་སྟབས། ངོམ་སོ་ལྟ་བུའམ། ཡང་ན་ཡིན་མདོག་སྟོན་བྱེད་ཡིན་ནམ་གང་ལྟར་ཡང་བོད་མི་ཕལ་མོ་ཆེས་གོས་ལྷམ་གཙང་མ་དང་། གཟབ་འཕྱོར་སྤྲས་ཏེ་ཕེབས་འདུག་པའི་མཐོང་སྣང་བྱུང་། བོད་པ་ཉུང་ཤས་ཤིག་གིས་བོད་ཆས་གྱོན་འདུག་པ་ལས་གཞན་ནུབ་ལྭ་དང་དཔེ་གསར་གྱི་གྱོན་གོས་གསར་བ་འདྲ་མིན་མནབ་ནས་ཕེབས་འདུག གནས་ཚུལ་འདི་མཐོང་སྐབས་བོད་མི་ཕལ་མོ་ཆེས་ཕྱིའི་དངོས་པོ་གསར་བའི་རིགས་ལ་དོ་སྣང་དང་ཨག་གསར་བྱེད་བཞིན་འདུག་གཱ་བསམ་བསམ་ཞིག་ཀྱང་བྱུང་།
ཉིན་དེར་ཡུན་རིང་མ་མཇལ་བའི་ངོ་ཤེས་རྙིང་བ་དང་། ཕ་ཡུལ་གཅིག་པ། ལམ་རོགས་སོགས་སྔར་ངོ་ཤེས་ཙམ་དང་། རྒྱུས་ཡོད་ཀྱི་གྲོགས་པོ། མཐོང་མྱོང་ཡོད་ཙམ་སོགས་མང་པོ་ཞིག་དང་ངོ་མཇལ་གྱིས་ཕན་ཚུན་འཚམས་འདྲི་བྱེད་རེས་དང་ལག་པ་གཏོང་ཙམ་རེ་ཡང་བྱས།
དེ་ནས་རིམ་བཞིན་ལས་འགུལ་མགོ་འཛུགས་གནང་བའི་ཐོག་མར། སུད་སི་ཟློས་གར་ཚོགས་པས་མགོ་འདྲེན་གནང་སྟེ་རྒྱལ་རྔ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་སོགས་རྒྱན་ལྡན་ལས་འགུལ་མགོ་འཛུགས་ཀྱི་བྱེད་སྒོ་རྣམས་གྲུབ་རྗེས། སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་གཞོན། སུད་སི་བུ་མེད་ཀྱི་ཚོགས་གཙོ་གཞོན། ཡོ་རོབ་གཞོན་ནུའི་ཚོགས་གཙོ་བཅས་ཀྱིས་གསུམ་དུས་ཐེངས་ ༥༥ པ་དང་འབྲེལ་བའི་གཏམ་བཤད་བོད་སྐད་དང་འཇར་མན་སྐད་ཀྱི་ཐོག་གནང་སོང་ལ། དེ་བཞིན་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་ཟླ་བ་ལགས་ཀྱིས་སྲིད་སྐྱོང་གིི་གསུམ་དུས་གསུང་འཕྲིན་སྒྲོག་སྦྱང་།
གཞན་ཡང་སུད་སི་རྒྱ་རིགས་མི་མང་ཚོགས་པའི་ཚོགས་གཙོ་དང་ཕ་རན་སུ་རྒྱ་རིགས་མི་མང་ཚོགས་པའི་ཚོགས་གཞོན་གཅིག་ལྕོག་གནང་མཁན་གྱི་ཚོར་ཤུགས་ཆེ་བའི་རྒྱ་རིགས་ཤིག་གིས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གཏམ་བཤད་། ཧན་མི་རིགས་ཀྱི་རྒྱལ་རྒྱུད་ཡིན་མཁན་གྱི་རྒྱ་རིགས་རང་དབང་རྩོད་ལེན་པ་ལོ་ཅུང་རྒས་ཙམ་གྱི་རྒྱ་མི་ཞིག་གིས་བོད་དོན་རྒྱབ་སྐྱོར་དང་། ཧན་མི་རིགས་དཔེ་མཚོ་ལ་དྲངས་ནས་གཏམ་བཤད་བཅས་སྤེལ་སོང་ལ།
བར་མཚམས་རྣམས་སུ་སུད་སི་ཟློས་གར་ཚོགས་པ་ནས་གསུམ་དུས་དང་འབྲེལ་བའི་གླུ་གཞས་སྤུན་ཟླ་གཅིག་སྒྲིལ་སོགས་གཞས་སྣ་ཁག་གཉིས་ཙམ་ཡང་གཟིགས་འབུལ་གནང་སོང་།
སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་ཚབ་ལ་ཕུལ་བའི་སྙན་ཞུའི་ཡི་གེ་ཀློག་འདོན་དང་སྦྲག་ངོ་སྤྲོད་གནང་སོང་ལ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་བོད་པ་དང་། ཕྱི་རྒྱལ་བ། རྒྱ་རིགས་བཅས་ལ་ཐུགས་རྗེ་ཆེའི་གསུང་བཤད་ཡང་གནང་།
མཇུག་མཐར་ཚོགས་གཞོན་མཆོག་གིས་ལས་རིམ་མཇུག་སྡོམ་གྱི་གཏམ་བཤད་གནང་བ་ལྟར་ན། དེ་རིང་འདིར་ཕེབས་ཀྱི་བོད་རིགས་མི་མང་གཅིག་སྟོང་ལྔ་བརྒྱ་ལྷག་འདིའི་སུད་སིར་གནས་སྡོད་བོད་མིའི་བརྒྱ་ཆ་ཉེར་དགུ་ཙམ་ལས་ཟིན་མེད་ཚུལ་གསུངས་སོང་། རྩིས་གཞི་འདི་གཞིར་བཞག་ན་སུད་སིར་གནས་སྡོད་བོད་རིགས་མི་མང་དྲུག་སྟོང་མ་ཟིན་ཙམ་ཡོད་འདུག་སྟབས། སྤྱིའི་མི་གྲངས་ལ་གཞིགས་ན་ལས་འགུལ་ལ་མཉམ་ཞུགས་གནང་མཁན་ཅུང་ཉུང་བའི་ཚོར་སྣང་ཡང་བྱུང་།
སུད་སི་རྒྱལ་ས་བྷན་ལ་གསུམ་དུས་བརྩི་སྲུང་ཆེད་བསྐྱོད་ནས་ཉིན་དེའི་གནས་ཚུལ་མཐོང་ཐོས་རྣམས་ཉིན་རྒྱབ་ཕྱིར་ལོག་པའི་ལམ་སྐབས་སྤྱི་སྤྱོད་རླངས་འཁོར་ནས་ཆོས་རྗེ་མ་ཡོན་ཏན་རྒྱ་མཚོས། ཕྱི་ལོ་ ༢༠༡༤ཟླ་ ༠༣ ཚེས་ ༡༠ ཉིན།
ཧ་ལས་ཧོན་མཐོར་དགོས་དོན་མིན་འདུག སུད་སིའི་ནང་ཕལ་ཆེར་བོད་མི་སྟོང་ཕྲག་འགའ་ཡོད་ཚོད་རེད། འོན་ཀྱང་སྐབས་ཆིག་སྟོང་ཙམ་ལས་མེད་ན་དེ་ཙམ་མ་རེད་སྙམ།