ངས་ཉིན་འགའི་སྔོན་བོད་ཀྱི་དྲ་མཛོད་ཐོག་རྡོ་གྲུབ་ཆེན་གྱི་མ་འོངས་ལུང་བསྟན་ཞིག་མཐོང་བ་འདིར་དྲ་གྲོགས་རྣམས་ཀྱི་དཔྱད་གཞིར་ཕུལ་བ་ཡིན།
བཾ༈ གཞི་ཀ་དག་སྟོང་ཆེན་དྭངས་མའི་མཁར༈ རྩལ་ཤར་གྲོལ་བདེ་སྟོང་ཊཀྐིའི་གླུ༈ སྔོནལེགས་བྱས་ནོར་བུའི་རང་འོད་ཀྱིས༈ རྟེན་འདོད་འཇོའི་གདུལ་བྱའི་ཞིང་ས་རླན༈ ངུར་སྨིག་ཁྲིམས་ལྡན་གྱི་གཟི་བྱིན་འབར༈ ཐབས་མཁའ་ཀྱིས་བོད་འབངས་རྗེས་སི་སྐྱོངས༈ སྤྱན་གཟིགས་སྤྲུལ་པ་བསྟན་མིང་པ་ཡི༈ ལོ་འབྱུང་ཤིང་ཕག་སྨེ་བ་གཉིས་ནག༈ བསྟན་པ་སླར་གསོ་ལྷ་ལྡན་ཡུལ་འཁྲུངས༈ སྨོན་ལམ་དང་གནས་དུས་ཕུན་ཚོགས་ལྔའི༈ རྟེན་འབྲེལ་གྱི་སྒོ་བརྒྱ་དུས་གཅིག་འབྱེད༈ དུས་ས་བྱི་སྨེ་བ་གཅིག་དཀར་དུས༈ གངས་ལྗོངས་བདེ་སྐྱིད་ཀྱི་ཉི་མ་ཤར༈ དད་ལྡན་ལས་འཕྲོ་ཅན་གྱི་མི་རྣམས་ཀྱིས༈ མི་དགེ་བཅུ་སྤོང་ཁྱད་པར་སྲོག་གཅོད་སྤོང༈ སྨན་བླ་སྤྱན་གཟིགས་སིངྡྷི་དུང་ཕྱུར་བརྒྱ༈ གནས་ཆེན་གནས་ཆུང་ཀུན་ལ་མཐོང་གྲོལ་བཞག༈ མ་འགྲོ་བའི་བསོད་ནམས་མཁའ་དབྱིངས་སུ༈ དོན་དགེ་ལེགས་ཉི་ཟླའི་འོད་སྣང་མཛེས༈ ཁོང་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས༈ འབྲེལ་བཅས་ཀྱིས་འགྲོ་བ་མིག་འཕྲུལ་བཞིན༈ ཞིང་གང་འདོད་གནས་ལ་ཁྱུ་དེད་བྱེད༈ སྙན་ཆོས་དུང་དཀར་པོའི་རང་སྐད་ཀྱིས༈ འདབ་དྲུག་གི་ལྷ་འབངས་མགྲོན་དུ་བསུ༈ ཁམས་གདུལ་བྱའི་ཡིད་ཀྱི་མུན་པ་སེལ༈ དོན་ལེགས་ཚོགས་འབྲས་བུ་ཀུན་གྱིས་བརྒྱུད༈ ཆུ་སྐྱེས་ཀྱི་བསུང་ལྡན་དོ་རའི་ཁྲོད༈ རྐང་དྲུག་གི་གཞོན་ནུ་གར་ལ་བྲེལ༈ ལས་དག་པའི་གདུལ་བྱའི་སྲི་ཞུ་སྒྲུབས༈ ཡར་ལྡན་གྱི་སྤྱོད་པ་ཡར་ཟླའི་སྤུན༈ དགེ་ལེགས་ཀྱི་དབྱར་རྔ་ཕྱོགས་སུ་སྙན༈ ཞེས་སོགས་སྣང་ཆ་མི་དམིགས་ཆོས་དབྱིངས་ཨ༈
འདི་དགེ་བསྐུལ་གྱི་ཆེད་ཡིན་པས་ཀུན་གྱིས་ཁས་ལེན་ཡང་དག་རེ་བྱེད་པར་ཞུ། དེ་ཡང་སྐལ་བ་ལྡན་པའི་དད་ལྡན་རྣམས་ཀྱིས་གོང་དུ་གསུངས་གནང་ཡོད་པ་བཞིན་དགེ་སྒྲུབ་སྨོན་ལམ་བསོག་རྒྱུ་དེ་ཆེས་དགོས་གལ་དུ་མཐོང་བས་ཀུན་གྱི་སྤྱན་སྔར་ཕུལ་ལོ། ཞེས་པ་ལས་རྡོ་གྲུབ་ཆེན་སྐུ་ཕྲེང་གང་གི་ལུང་བསྟན་ཡིན་མིན་དང་གསུང་འབུམ་དང་པར་མ་གང་གི་ནང་ཡོད་མེད་ཀྱི་ཁུངས་བྲིས་མི་འདུག་པས་དཔྱོད་ལྡན་རྣམས་ཀྱིས་འཚོལ་བར་རིགས། འདི་གསལ་བོ་བཟོ་རོགས་གནང་།
འདིའི་ནང་། སྤྱན་རས་གཟིགས་མིང་བསྟན་མིང་པ་ཡི༈ ཞེས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བསྟན་འཛིན་རྒྱ་མཚོ་བསྟན་ཡོད་པ་འདྲ། ལོ་འབྱུང་ཤིང་ཕག་ཅེས་འཁྲུངས་ལོ་ ༡༩༣༥ ཤིང་ཕག་ལོ་ཡིན་པ་གསལ་འདུག
གཞན། དུས་ས་བྱི་སྨེ་བ་གཅིག་དཀར་དུས༈ གངས་ལྗོངས་བདེ་སྐྱིད་ཀྱི་ཉི་མ་ཤར༈ ཞེས་ས་བྱི་ལོ་སྟེ་ ༢༠༠༨ ལོར་བོད་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུ་ཡིན་པ་བསྟན་ཡོད་པ་འདྲ། ད་དུང་ ཁོང་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་ཞེས་ཀྱང་བྲིས་འདུག
ལུང་བསྟན་འདིའི་ཁུངས་ཕལ་ཆེར་ཡེ་ཤེས་དང་ཡེ་ཤེས་རང་ཡིན་ནམ་ཡང་ན་ཡེ་ཤེས་ཀྱི་རྒྱབ་སྐྱོར་བ་སྤོབས་པ་མཐའ་ཡས་གཉིས་ལ་བཤད་རྒྱུ་མེད་འགྲོ། རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི་(1865-1926)གསུངས་འབུམ་ནང་ལུང་བསྟན་འདི་འདྲ་འདུག་གམ། དེའི་སྐོར་ངའི་ཁ་འདི་ཁ་ཏ་མདའ་ཡིན། ཡེ་ཤེས་ཀྱི་ཁ་དེའི་ནང་ལ་ཡེ་ཤེས་ཀྱི་ལྕེ་དེ་རྒྱུས་ཡོད་རྒྱུ་རེད་འདོད། གཞན་རིག་པའི་རྡོ་རྗེ་ལའང་འདིའི་སྐོར་བཤད་རྒྱུ་མེད་དམ།
གོང་གི་ལུང་བསྟན་འདི་བཞིན་དོན་ཐོག་ལ་བུད་སོང་ན་ད་ཡག་སོང་ནས་རེད། དགོང་མོའི་རྨི་ལམ་ ལ་ཡང་རེ་བ་དེ་འདྲ་ཞིག་བཟུང་ནས་བསྡད་ཡོད། ཡིན་ནའང་དེ་ལ་བློ་གཏད་ཆེན་པོ་ཨེ་ཡོད་འདོད་ཀི། ཨ་ཁུ་དཔོན་ཆ་བོས་ས་འོག་རྡོ་འོག་ནས་གནའ་ནས་དེ་འདྲ་མང་བོ་བཏོན་མྱོང་ཡོད་རེད། ད་ཡིན་ན་ འདིའི་དོན་སུ་ལ་དྲི་ན་དགའ་འམ། ཨ་ལགས་དེ་རྟོག་གེ་མགོ་མཁྲེགས་ཞིག་གི་བཟོ་འདུག་པས་ཞུ་ རུང་ཁ་གསལ་ཅང་བཤད་ཡ་མེད་འདོད་ཀི། ཡེ་ཤེས་དང་གཅིག་་་སྤོབས་པ་གྲངས་ལ་འདི་མོ་འདི་ ཉམས་མྱོང་ཡོད་རེད་འདོད་ཀི། དོན་དག་དང་ལུང་ཡོང་ཁུངས་ཤེས་ན་གཅིག་བཤད་རོགས་གནོངས།།
དུས་ས་བྱི་སྨེ་བ་གཅིག་དཀར་དུས༈ གངས་ལྗོངས་བདེ་སྐྱིད་ཀྱི་ཉི་མ་ཤར༈ ཞེས་ས་བྱི་ལོ་སྟེ་ ༢༠༠༨ ལོར་བོད་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུ་ཡིན་པ་བསྟན་ཡོད་པ་འདྲ།
ད་ལོ་༢༠༠༨དུས་ས་བྱི་སྨེ་བ་གཅིག་དཀར་དུས་ལ་ནི་བོད་ལ་སྡུག་བསྔལ་གྱི་མིན་པ་འཐིབས་པའི་ལོ་ཡིན་པས།བདེ་སྐྱིད་ཀྱི་ཉི་མ་མ་ཤར་བ་ང་ཚོས་ཤེས་གསལ་རེད། ༢༡༨༨ ལོ་དེ་ལོ་བརྒྱ་དང་བརྒྱད་བཅུའི་རྗེས་ལ་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་རྒྱུ་ཡིན་ས་རེད། དེ་དུས་ང་ཚོ་བོད་ན་སྐྱེས་་ཡོད་པར་སྨོན།དེ་དུས་ང་ཚོ་བོད་ན་ཡོད་ན་ང་ཚོས་དགའ་སྟོན་བྱེད་ཡ། དེ་དུས་ཁ་བརྡ་དྲ་ཚིགས་འདི་ཨེ་ཡོད་ལ། གལ་ཏེ་ཡོད་ན་ལུང་བསྟན་གཞན་ཞིག་བཀོད་ཡ།
ཚང་མའི་རེ་བ་བཞིན་ངས་ལོ་བཅུའི་སྔོན་ལ་བྲིས་པའི་མ་འོངས་ལུང་བསྟན་་་རིག་པ་ཐོལ་སྐྱེས་ཀྱི་བརྡ་གླུ་་་་ཞེས་པ་དེ་ཟླ་ཕྱེད་ཅིག་གི་རྗེས་སུ་འདིར་དགོད་ཀྱི་ཡིན། དེ་བར་ལག་གཉིས་ཐལ་མོ་སྦྱོར། གསོལ་བ་རྩེ་གཅིག་ཐོབས། བླ་མའི་བྱིན་རླབས་ཆེ་དང་ཆུང་བ། །ང་ལ་མ་ཡིན་ཁྱོད་ཚོར་རག་ལས། །གཞོན་ནུ་བུམ་སྐུ་བརྡ་ཡི་བང་མཛོད། །བརྡལ་ཁྱབ་ཆོས་དབྱིངས་ལུང་གི་ཕ་ས། །ཨ་མདོའི་གསར་བུ་དད་པའི་ཨ་ལོང་། །ཨ་ལགས་ཡེ་ཤེས་འདྲེན་པའི་ལྕགས་ཀྱུ། །ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་ཏེ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་ཟླུམ་ཡ། །
ད་ལུང་བསྟན་འདི་འདྲས་ཕན་ཐོགས་ཁག་པོ་རེད། ལུང་སྟོན་པ་པོ་བཞུགས་དུས་དང་རིམ་གྲོས་བཟློག་ཐུབ་པའི་དུས་སུ་མི་རྣམས་ཡིད་མི་ཆེས། གནད་དོན་འབྱུང་ཚར་བའི་རྗེས་སུ་ངོས་ཟིན་ཀྱང་འགྱོད་པ་ཞིག་སྐྱེས་པ་ཙམ་ལས་གང་ཡོད། ངས་ལེགས་པར་རྩད་མ་ཆོད་ཀྱང་ཚོད་དཔག་བྱས་ན་འདི་རྡོ་གྲུབ་ཆེན་ཀྱི་གསུངས་པ་ཞིག་མིན་པར་མི་ཞིག་གིས་དེ་གར་གང་དྲན་བྲིས་པ་མིན་འགྲོ་སྙམ། སྤྱིར་བཏང་ལུང་བསྟན་ལ་བདེན་རྫུན་གཉིས་ཀ་ལོས་ཡོད་ཀྱང་། ལུང་བསྟན་རེ་ཟུང་ནི་དངོས་གནས་ངོ་མཚར་སྐྱེ་དགོས་པ་ལྟ་བུ་ཡང་སྣང་།
ལུང་བསྟན་འདི་རྡོ་གྲུབ་བསྟན་པའི་ཉི་མའི་ཨེ་ཡིན་སྙམ། ཁོང་གི་གསུང་འབུམ་ཚང་མ་ཀློག་པ་ཡིན། དེའི་ནང་འདིའི་སྐོར་མིན་འདུག་པ་མ་ཟད། ཁོང་གིས་བྲིས་པའི་མགུར་དང་ཚིགས་བཅད་ཀྱི་བྲིས་ཆ་དེ་དང་འདིར་བཀོད་པའི་བྲིས་ཆ་གཉིས་ཅུང་མི་འདྲ་བ་འདུག
ཟུར་ལྟ།
གསལ་བོར་མཁྱེན་དགོས་པ་ཞིག་ལ། བླ་མ་དེའི་གསུང་ཡིན་ཚད་བླ་མ་དེའི་གསུང་འབུམ་ཁྲོད་དུ་བཞུགས་པའི་ངེས་པ་གཏན་ནས་མེད། ལྷག་པར་དུ་ལུང་བསྟན་གྱི་རིགས་དང་བཀའ་རྒྱ་མའི་རིགས་གསུང་འབུམ་ཡོངས་གྲགས་དེ་ཚོའི་ནང་མཇལ་རྒྱུ་ཤིན་ཏུ་དཀོན་པོ་ཡིན། དེ་བཞིན་གསུང་འབུམ་དག་གིས་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་ནས་ཡོང་དུས་འཐོར་གྱར་དུ་ཕྱིན་པའི་རིགས་ཀྱང་ཤིན་ཏུ་མང་ལ། གསུང་འབུམ་གཅིག་ལ་བརྟེན་ནས་བླ་མ་དེའི་སྐུ་ཚེའི་ལོ་རྒྱུས་ཚང་མར་སྡོམ་ཚིག་འཇོག་རྒྱུ་དེ་ཡང་ཤིན་ཏུ་སྔ་དྲགས་པའི་བྱ་བ་ཞིག་རེད། དཔེར་ན་གཙང་སྨྱོན་གྱིས་བསྒྲིགས་པའི་མི་ལའི་རྣམ་མགུར་གྱི་ནང་དུ་མི་ལ་རས་པ་ལྷ་སར་ཕེབས་པའི་སྐོར་ཞིག་གཏན་ནས་མེད་ན་ཡང་། དུས་རབས་ཉི་ཤུ་བའི་དུས་ལོ་རབས་ལྔ་བཅུ་བའི་ནང་སྡེ་གཞུང་ལུང་རིགས་སྤྲུལ་སྐུས་གཙང་གི་ས་ཆ་ཞིག་ནས་མཇལ་བའི་མི་ལའི་རྣམ་ཐར་མཛོད་ནག་མར་གྲགས་པ་ཞིག་ཏུ་མི་ལ་རས་པ་ལྷ་སར་ཕེབས་པའི་སྐོར་བྲིས་ཡོད་ཚུལ་ཁོང་གི་རྣམ་ཐར་དུ་གསལ་བ་བཞིན་ནོ། །དཔེ་ཧ་ཅང་གསལ་བོ་ཞིག་ནི་ལེགས་སྦྱར་དང་པ་ལིའི་ནང་དུ་ཡོད་པའི་སྟོན་པའི་གསུང་འབུམ་ཁྲོད་དུ་གསང་སྔགས་ཀྱི་སྐོར་མེད་ན་ཡང་། ཕྱིས་ཀྱི་གྲུབ་ཆེན་དང་མཁས་པ་དག་གིས་ནང་པའི་གསང་སྔགས་ཀྱི་རྩ་རྒྱུད་དག་ནི་སྟོན་པའི་གསུང་འཁྲུལ་མེད་ཡིན་པའི་ཁུངས་སྐྱེལ་གནང་སྟེ་ཉམས་ལེན་དང་རྩོད་པ་འདྲེས་མའི་ངང་དུས་རབས་ཉེར་གཅིག་བར་དུ་བསླེབས་འདུག་པ་མིན་ནམ།
ལུང་བསྟན་དེའི་སྐོར་དེ་སྔོན་བོད་ཀྱི་ཟིན་བྲིས་ཐོག་བཀོད་འདུག་མོད། རྡོ་གྲུབ་བསྟན་པའི་ཉི་མའི་གསུང་ཡིན་མིན་ཐག་ཆོད་ཁག་པོ་འདུག རྡོ་གྲུབ་དགོན་པ་ངའི་ཕ་ཡུལ་མགོ་ལོག་ཏུ་ཡོད་ལ། དེ་གའི་མི་རྒན་དང་ཤེས་ཡོན་གང་འཚམས་ཡོད་པ། ལྷག་པར་རྡོ་གྲུབ་རང་གི་དགོན་པའི་གྲྭ་རྒན་ཞིག་ལ་དེའི་སྐོར་དྲིས་པ་ཡིན་མོད། ཁོང་གིས་དེ་སྔོན་དེ་འདྲའི་ལོ་རྒྱུས་ཐོས་མ་མྱོང་། རྡོ་གྲུབ་རིན་པོ་ཆེར་སྤྱིར་བཏང་ལུང་བསྟན་ཁ་ཤས་ཡོད་མོད། དེ་འདྲ་ཞིག་མཐོང་མ་མྱོང་བ་མ་ཟད། ཐོས་ཀྱང་མ་མྱོང་ཟེར།
ངས་བལྟས་ན་དེ་རྡོ་གྲུབ་བསྟན་པའི་ཉི་མའི་གསུང་ཡིན་རྒྱུ་མ་རེད། གལ་ཏེ་ཁོང་གི་གསུང་ཡིན་ན། བདེན་པ་ཡིན་རྒྱུ་རེད། རྒྱུ་མཚན་ཁོང་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་རེད། ལུང་བསྟན་དེ་བདེན་ན་བོད་ལ་སྐྱིད་པའི་ཉི་མ་ཤར་བཞིན་ཡོད་དགོས་ནི་རེད། ད་ལོ་བོད་ས་བྱི་སྨེ་བ་གཅིག་དཀར་ལོའི་ལོ་ཕྱེད་ལྷག་འགོར་ཟིན་པ་རེད། ད་ཟླ་ཤས་ལས་ལྷག་མེད། དེའི་རིང་གློ་བུར་དུ་སྐྱིད་པའི་ཉི་མ་དགུང་གི་ཉི་མ་བཞིན་ནམ་མཁའ་ནས་ཤར་རྒྱུ་ཡིན་ན་མ་གཏོགས་ཁག་པོ་རེད།
ད་ལོར་བོད་ལ་ཤར་བའི་ཉི་མ་དེ་སྐྱིད་དང་སྡུག་གི་ཉི་མ་གང་ཉིན་ལུང་བསྟན་མ་གནང་ཀྱང་ཚང་མས་ཤེས་གསལ་རེད། དེ་འདྲ་བཤད་ཡོང་དུས་ངས་དངོས་གནས་སུན་ཡོང་གི
དེར་བརྟེན་ངས་བསམ་ན་དེ་ནི་དེ་སྔོན་གནམ་ཡིག་ཟེར་བ་ཞིག་ཐོན་པས་བོད་མི་རྣམས་ཀྱིས་དོ་སྣང་ཤུགས་ཆེན་བྱས་ཏེ། ཁྱབ་བརྡལ་དུ་ཕྱིན་རྗེས་གཞི་ནས་སློབ་མ་ཞིག་གི་ལས་བྱ་ཡིན་པ་བཞིན། འདི་ཡང་གཅིག་བྱས་ན་ཁ་མང་ཞིག་གིས་གང་བྱུང་བྲིས་པའི་རྩོམ་ཡིག་གམ། ཡང་ན་ཁ་ཅིག་གིས་ད་ལོ་དེ་འདྲ་ཞིག་མི་ཡོང་ངམ་སྙམ་ནས་ཚོད་དཔག་གིས་བྲིས་ཏེ། རྡོ་གྲུབ་རིན་པོ་ཆེའི་མཚན་ཐོག་ཏུ་བཞག་པ་ཡིན་ཀྱང་སྲིད། གང་ལྟར་དེ་ལ་ཡིད་ཆེས་ཁག་པོ་འདུག
དེ་བས་ཁྱོད་རང་ཚོས་མ་འོངས་ལུང་བསྟན་ལ་དཔྱད་པ་གཏོང་འདོད་ཡོད་ན། ཨོ་རྒྱན་བཀའ་བསྡུས་ལ་གཟིགས་དང་དེ་ལས་ལྷག་པའི་ལུང་བསྟན་ཞིག་གང་དུ་ཡང་མེད། དཔེར་ན་རྟ་ལུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་ཡོང་། ཆུ་ཕོ་སྤྲེལ་ལ་ཡར་ལུང་དམག་སྒར་ཆགས། ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག ཅེས་གསུངས་པར་ལྟོས་དང་དེ་ལས་གསལ་བའི་ལུང་བསྟན་ཞིག་ད་ལྟ་ཕྱིར་འདང་བརྒྱབས་ན་རྙེད་རྒྱུ་མེད། ད་དུང་མ་འོངས་པའི་སྐོར་ལ་བསམ་ན་ཡང་། དེའི་འཕྲོར། བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན། རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་བྱོན། ཞེས་གསུངས་པའི་དོན་ལ་དཔྱོད་དང་དེ་འདྲ་མིན་ནམ་སྙམ་པའི་བསམ་ཚུལ་ཞིག་རང་བཞིན་གྱིས་ཡོང་གིན་མི་འདུག་གམ།
དེའི་སྐོར་གྱི་བསམ་ཚུལ་རྗེས་སུ་འབྲི་ཆོག ད་བདེ་མོ།
རིག་རྡོར་ལགས། ཁྱེད་ལ་ཡང་རྒྱ་སྐྱེད་རིང་ལུགས་པའི་དྲི་མ་ཞིག་འདུག རྡོ་གྲུབ་དགོན་པ་རྡོ་ཁོག་ཏུ་ཡོད་པ་ལས་མགོ་ལོག་ཏུ་ཡོད་པ་འདྲ་མ་རེད་ད། ཡིན་ན་ཡང་ཁྱེད་ཀྱི་བཀའ་བསྡུས་ལུང་བསྟན་སྐོར་གསུངས་པ་ལ་དངོས་གནས་རྒྱུ་མཚན་འདུག
སྤོབས་པ་ལགས། རྒྱུས་མེད་ཀྱི་སྐད་ཆ་མ་ཤོད་རོགས། རྡོ་གྲུབ་བསྟན་པའི་ཉི་མའི་དགོན་པ་མགོ་ལོག་པདྨ་རྫོང་གི་རྡོ་སྟོད་དུ་ཡོད། རྡོ་འཛི་རྨར་གསུམ་མགོ་ལོག་ཡིན་པ་མ་ཤེས་སམ། ངས་ཁྱེད་སྤོབས་པ་དང་རྣམ་དཔྱོད་ཅན་ཞིག་རེད་བསམ་མོད། དེ་འདྲ་ཡིན་ན་དེ་ཙམ་དེ་ཙམ། ཀུ་རེ་ཡིན། གང་ལྟར་རྡོ་གྲུབ་དགོན་པ་མགོ་ལོག་མིན་པའི་རྒྱུ་མཚན་སྐད་ཅིག་བསྐལ་བ་དང་བསྐལ་བ་ཅིག་ལ་བསྒྱུར་ན་མ་གཏོགས་ཡོད་ནི་མ་རེད། བདེ་མོ།
རིག་པའི་རྡོ་རྗེ་ལགས།
རྡོ་གྲུབ་བསྟན་ཉི་ཟེར་བ་འདི་ལྕགས་ཁུངས་བདུད་འཇོམས་ཀྱི་བུ་རེད་ད། ཁོ་སྐྱེས་ས་གསེར་རྟ་རེད། ལྕགས་ཁུངས་ཚང་ཟེར་བ་འདི་ཁམས་རྟའུ་ལྕགས་ཁུངས་ལུང་པ་ནས་ཡར་ཆད་ཡོང་མཁན་ཚང་ཞིག་རེད། དགོན་པ་རྡོ་སྟོད་ན་ཡོད་པ་བདེན་ཡང་རྡོ་མཛི་སྨར་གསུམ་མགོ་ལོག་རེད་ཟེར་བ་ལ་དེའི་ཁུངས་སྐྱེལ་གང་ཡོད། གསེར་རྟ་མགོ་ལོག་ཡིན་མིན་ཡང་རྩོད་གཞིར་ལུས་ཡོད་པ། ས་ཁམས་ཆགས་སྟངས་ཀྱི་ཐོག་ནས་སྨར་མ་ངན་མ་ལ་བུ་བཟང་དགུ་སོགས་བགྲང་སྐབས་མམགོ་ལོག་ནས་རྒྱལ་རོང་བར་ཆུ་གཅིག་གི་རྒྱུད་ན་ལུང་པ་མང་པོ་ཆགས་ཡོད་པ་བདེན་ཡང་དེས་འདི་འདིའི་ཁོངས་རེད་ཟེར་བའི་རྒྱུ་མཚན་འདྲ་ཅང་འདུག་གམ། རྫོང་དང་ཤང་ཟེར་བ་དེ་ཚོ་གུང་ཁྲན་གྱིས་དབང་བསྒྱུར་རྗེས་ཀྱི་སྐད་ཆ་རེད། མ་གཞི་འདིའི་སྐོར་ལ་རྩོད་པ་བྱས་ནས་ཁེ་བཟང་གཞན་གང་ཡང་མེད་མོད་བསམ་ཙུལ་བརྗེ་རེས་ཙམ་བྱས་པ་ཡིན། མ་གཞི་ཁྱོད་ཀྱི་རྡོ་མཛི་སྨར་གསུམ་མགོ་ལོག་རེད་ཟེར་བ་འདི་ལ་ལོ་རྒྱུས་ཡིག་ཚང་ལ་ཁུངས་གཏུག་ས་འདྲ་ཅང་ཡོད་དམ།
འདིའི་གོང་ཏག་ཏག་ལ་ངས་སྤོབས་པ་ལ་བསྟོད་ར་ཞིག་བཏང་བ་ཡིན། དེ་ཡང་ཁོས་ཆོས་དང་ལུང་བའི་ཞེན་ཁོག་གུག་དོག་དེ་འདྲའི་རིགས་ཇེ་ཉུང་ལ་བཏང་ནས་ཕན་ཐོགས་ཡོད་པའི་སྐད་ཆ་ཁ་ཤས་བཤད་ཙང་ངོ་སོ་ཞིག་བྱིན་པ་ཡིན། ད་ཡིན་ན་ཡང་ཁོའི་དེ་ཉིད་སྟོན་གྲབས་བྱེད་བཞིན་འདུག མི་བདེན་ན་ལྟོས་དང་གསེར་རྟའི་ཁུངས་གང་ཡིན་ལ་སུ་ཡང་དོགས་པ་མེད་ས་ནས་ཁོ་རང་གི་བཟོ་འདྲ་བོ་ཁ་ཤས་ཀྱིས་དཀྲུགས་སོང་ང་། མ་གཞི་ཁོས་ཡེ་ཤེས་ལ་ཨ་ལགས་དོ་རྡོ་ཟེར་ནས་འགྱོགས་སྲོལ་ལ་བལྟས་ན་ཁོ་གཉིས་ཨ་ཁུ་དཔོན་གྱི་ཆོས་ལུགས་གཅིག་པ་ཡིན་པའི་སྐད་ཆ་རེད། མ་གཞི་འདིའི་སྐོར་ལ་ཁེ་བཟང་མེད་པ་ཤེས་བཞིན་གླེང་སློང་བྱེད་ཨེ་ཐུབ་བལྟ་སྲོལ་འདིར་བལྟས་ན་ཁྱོད་གཉིས་ལ་ཕུགས་ན་འཆར་གཞི་འདྲ་མེད་དམ་དྲན་གི་འདུག ད་ཨ་ཁུ་གཉིས་སྐུ་མཁྱེན་བསམ་བློ་ཅུང་ཆེ་ས་ནས་གཏོང་རོགས།།
གསེར་རྟ་མགོ་ལོག་ཁོངས་ཡིན་མིན་ལ་རྩོད་གཞི་ཡོད་པ་ངས་དེ་རིང་མ་གཏོགས་མ་ཤེས། མགོ་ལོག་ཨ་མདོ་ཁོངས་ཡིན་མིན་ལ་བཤད་རྒྱུ་རེ་ཟུང་འདུག མགོ་ལོག་རང་གི་ཁོངས་ན་ཡང་ཨ་མདོ་ཡིན་ཟེར་མཁན་ཞིག་དང་ཁམས་ཁོངས་ཡིན་ཟེར་མཁན་རིགས་གཉིས་འདུག མ་གཞི་ཆོལ་ཁ་གསུམ་གྱི་ས་མཚམས་ཆུ་མཚམས་གསལ་བོ་བཟོས་བཞག་པ་ཞིག་མེད་པ། སྟོད་མངའ་རིས་ནས། སོག་ལ་སྐྱ་བོ་ནས། རྨ་ཆུའི་ཁུག་སོ་ནས་ཟེར་བ་ལྟ་བུ་རགས་པ་ཞིག་ལས་མེད་པ།
བཀུར་འོས་སྤོབས་པ་ལགས།
ངས་རྡོ་གྲུབ་བསྟན་ཉི་མགོ་ལོག་ཡིན་མིན་ས་ཚིགས་ཀྱི་དབང་དུ་བྱས་ནས་ཤོད་ཀྱིན་ཡོད་མ་གཏོགས། མིའི་རིགས་རྒྱུད་དེད་ཀྱིན་མེད། དེ་བཞིན་ངས་བོད་ཆོལ་ཁ་གསུམ་དུ་ཕྱེ་བའི་སྐབས་ཀྱང་ས་ཚིགས་ཀྱི་དབང་དུ་བྱས་ནས་ཤོད་བཞིན་ཡོད་མོད། ཁྱོད་ཀྱིས་དེ་ཡང་མི་རྒྱུད་དེད་དེ་ཤོད་རྒྱུ་ཡིན་ནམ། གང་ལྟར་ཁྱོད་ལ་རྒྱལ་ཁ་དགོས་ན་སྟེར་ཆོག འདི་རྩོད་དགོས་པ་ཞིག་མ་རེད་ལ། ཆོལ་ཁ་དང་ཆོས་བརྒྱུད་ཟེར་བ་འདི་རྩོད་རྒྱུར་ང་གཏན་ནས་མི་དགའ་གི་ལགས།
ད་བདེ་མོར་བཞུགས། ང་ཁྱོད་ལ་དགའ།
དྲ་གྲོགས་ཚོ་ཁུངས་མེད་ཀྱི་སྐད་ཆས་དོན་མེད་ཀྱི་མི་ཚེ་བསྐྱེལ་བཞིན་སྐུ་ཁམས་བཟང་ལགས། ཉིན་ཤས་མ་མཇལ་རིང་ལུང་བརྟེན་ཟབ་མོ་ཞིག་དང་དཔྱད་བསྡུར་ནན་མོ་ཞིག་གིས་དུས་ཚོད་མང་པོ་ཆུད་ཟོས་སུ་བཏང་བ་བཀའ་དྲིན་ཆེ་ཞུ། བཀའ་འདྲི་ཞུ་རྒྱུ། སོག་ལ་སྐྱ་བོ་ཟེར་བ་དེ་ས་གནས་གང་ལ་ཡོད་པ་དང་ད་ལྟ་དེ་ལ་མིང་གང་ཟེར་སོགས་ལན་གསལ་ཁ་ཅན་ཞིག་གསུངས་རོགས
ཨོ། དཀོན་མཆོག ངས་ས་ཁོངས་ཆོས་ཁོངས་ཚོ་གང་ཡང་རྩོད་ཀྱིན་མེད། སྤྱིར་བཏང་ས་གནས་ལོ་རྒྱུས་གླེང་དགོས་རྒྱུ་དེ་གལ་ཆེན་པོ་རེད། ང་རང་གི་ལྟ་སྟངས་ལ་ཡུལ་དབུས་ཀྱི་ལོ་རྒྱུས་ལས་མཐའ་མཚམས་ཀྱི་ལོ་རྒྱུས་ཤེས་རྒྱུ་དེ་གལ་ཆེན་པོ་དང་རྒྱལ་ཁབ་གཞུང་གི་ལོ་རྒྱུས་བཞིན་ས་གནས་ལོ་རྒྱུས་ཤེས་རྒྱུ་དེ་ཡང་གལ་ཆེན་པོར་མཐོང་བཞིན་ཡོད། གསེར་རྟ་མགོ་ལོག་གི་ཁོངས་ཡིན་མིན་རྩོད་ཀྱིན་ཡོད་པ་མཐོང་སོང་། ཡིན་ན་ཡང་དཀྲུགས་སོང་ཟེར་ན་སྐད་ཆ་ཐལ་དྲགས་པ་རེད། དཀྲུགས་ནས་མི་བསད་རྟ་བགྱེལ་འདྲ་ནི་གང་ཡང་བྱེད་ཀྱིན་མི་འདུག འོན་ཀྱང་མི་ལ་ལས་རང་གི་གོ་ས་རེ་རག་ཆེད་ཡིན་ན་ཁ་ལ་ཐལ་བ་འདེབས་འོས། དེ་བཞིན་མགོ་ལོག་མདོ་སྟོད་སྨད་གང་གི་ཁོངས་སུ་བཞག་དགོས་མིན་རྩོད་ཀྱིན་ཡོད་པ་ཡང་ཐོས་མྱོང་། དེ་ཚོའི་འབྱུང་ཁུངས་དེ་ཡང་ང་ཚོས་ས་གནས་ལོ་རྒྱུས་ལ་སློབ་སྦྱོང་མ་བྱས་ནས་བྱུང་བ་རེད། དེ་ཚོ་གླེང་མི་འོས་པ་ཞིག་ཡིན་པ་ཤེས་མ་བྱུང་།
མིའི་ཕྲུག དེ་ཡིན་ན། རྒན་པོ་ྐླུ་འབུམ་རྒྱལ་ལ་དོན་ཆུང་ཡང་། །ཞི་ལི་བསོད་ནམས་ཐར་ལ་དོན་ཆེན་ཡིན། །ཟེར་བ་དེ་ཡིན་རྒྱུ་རེད་ཡ།
ཨོ། མིའུ་ཕྲུག སོག་ལ་སྐྱ་བོ་ནི་ནག་ཆུ་ས་ཁུལ་སོག་རྫོང་གི་ཁོངས་སུ་ཡོད་འདུག ད་དུང་རྨ་ཆུའི་ཁུགས་པ་ལ་རྩོད་པ་མང་པོ་ཡོད་རེད་ད། རྨ་ཆུའི་ཀུག་པ་རེད་ཟེར་མཁན། རྨ་ཆུའི་ཁུགས་པ་རེད་ཟེར་མཁན་སོགས་མང་པོ་འདུག་ག།
ལུང་བསྟན་འདི་རྡོ་གྲུབ་སྐུ་གོང་མའི་ལུང་བསྟན་ཡིན་པ་ཁྱེད་ཚོས་ཧ་གོ་ཡོད་རྒྱུ་རེད། བཀའ་ཟུར་ཚོ་རྒྱལ་བ་རིན་པོ་ཆེའི་མདུན་བཅར་སྐབས་སྐུ་མདུན་གྱིས་གསུངས་འདུག ད་ལུང་བསྟན་ཐོག་ལ་ཁེལ་མ་འཁེལ་ལ་ལྟ།
ལུང་བསྟན་འདི་རྡོ་གྲུབ་ཆེན་གསུམ་པའི་མ་རེད། རྡོ་གྲུབ་དང་པོ་ཀུན་བཟང་གཞན་ཕན་ནམ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཡིན་སྐད། བླ་མ་དེ་བ་ཚང་གི་ལུང་བསྟན་ཁ་གསལ་མང་ནི་རེད།
རྡོ་གྲུབ་འཛམ་གླིང་ལུང་བསྟན་ལ་ལྟ་མྱོང་མཁན་ཡིན་ན་རྗེས་་ནས་གོ་གི་རེད།གཞན་རི་བོང་ཅལ་འདྲོགས་འདྲ་མ་བྱེད། ལུང་བསྟན་དེ་དངོས་ནས་འདུག། ཡིད་ཆེས་དང་མི་ཆེས་ཟེར་བ་དེ་རང་ཉིད་གྱི་ལག་རེད། འོན་ཀྱང་འཁྱོག་བཤད་དང་སྒྲོ་འདོགས་སོགས་མི་ཡོང་བའིརེ་བ་ཞུ་གི་ཡོད། གུས་རྡོ་གྲུབ་དགོན་ནས་ཡིན་།ད་ལྟ་འབྲས་མོ་ལྗོངས་སུ་ཡོད།
་་་་་་་་་་ སྤྱན་གཟིགས་སྤྲུལ་པ་བསྟན་མིང་པ་ཡི༈ ལོ་འབྱུང་ཤིང་ཕག་སྨེ་བ་གཉིས་ནག༈ བསྟན་པ་སླར་གསོ་ལྷ་ལྡན་ཡུལ་འཁྲུངས༈ སྨོན་ལམ་དང་གནས་དུས་ཕུན་ཚོགས་ལྔའི༈ རྟེན་འབྲེལ་གྱི་སྒོ་བརྒྱ་དུས་གཅིག་འབྱེད༈ དུས་ས་བྱི་སྨེ་བ་གཅིག་དཀར་དུས༈ གངས་ལྗོངས་བདེ་སྐྱིད་ཀྱི་ཉི་མ་ཤར༈ དད་ལྡན་ལས་འཕྲོ་ཅན་གྱི་མི་རྣམས་ཀྱིས༈ མི་དགེ་བཅུ་སྤོང་ཁྱད་པར་སྲོག་གཅོད་སྤོང༈ སྨན་བླ་སྤྱན་གཟིགས་སིངྡྷི་དུང་ཕྱུར་བརྒྱ༈ གནས་ཆེན་གནས་ཆུང་ཀུན་ལ་མཐོང་གྲོལ་བཞག༈ མ་འགྲོ་བའི་བསོད་ནམས་མཁའ་དབྱིངས་སུ༈ དོན་དགེ་ལེགས་ཉི་ཟླའི་འོད་སྣང་མཛེས༈ ཁོང་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས༈ ་་་་་་་་་་
སླར་ཡང་དྲན་གསོའི་ཕྱིར་དུ་བཤུས་པས་དགེ་འགྱུར་ཅིག
་་་་་་ སྤྱན་གཟིགས་སྤྲུལ་པ་བསྟན་མིང་པ་ཡི༈ ལོ་འབྱུང་ཤིང་ཕག་་་་་་་་་ ་་་་་་་་ཁོང་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས༈ ་་་་་་་་་་
་
འདི་རྡོ་གྲུབ་ཆན་གྱི་མ་འོངས་ལུང་བསྟན་འགའ་ཤས་ཡོད་པའི་ནང་ནས་གཅིག་ཡིན་པ་དང་། དེ་ཡང་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རང་ཉིད་ཡིན་པ་ཡང་ཞལ་གྱིས་བཞེས་བཞིན་པའི་དུས་ལ་ལུང་བསྟན་པ་པོ། བསྟན་ཡུལ་གསལ་ཁ་ཆགས་ཟིན་ན་ཡང་། དོན་མེ་དོགས་སློང་བྱས་པ་ནི། བསྟན་ལ་གནོད་པ་ལས་ཕན་པ་མི་འོངས་བས་ཀུན་གྱི་གཟབ་དགོས་པའི་གནས་སུ་མཐོང་ལགས།།
སྤྱན་རས་གཟིགས་ཆུང་ལྷ་མོ་དོན་གྲུབ་དང་། །
སྤྱན་རས་གཟིགས་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག །
ཛམ་གླིང་ཡོངས་ལ་ཏྰ་ལའི་བླ་མར་བསྒྲགས། །
དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས་ལ་འདུད། །
རང་སེམས་གསོ་ཚིགས།
་
ང་ཕ་མ་བཟང་པོའི་བུ་ཕྲུག་རེད།
ང་སྐྱེས་ཁུངས་མངའ་རིས་སྟོད་པ་རེད། །
ང་སྐྱེས་ས་ཕ་ཡུལ་བོད་ས་རེད། །
ང་ཚར་ས་བལ་བོད་ས་མཚམས་རེད། །
ང་༸གོང་ས་མཆོག་ལ་ཉན་བགྱིན་ཡོད། །
ང་བླ་མ་གང་མང་བསྟེན་བགྱིན་ཡོད། །
ང་བཀའ་བསྟན་མང་པོ་ཀློག་བགྱིན་ཡོད། །
ང་ཁ་བརྡའི་ནང་ལ་འཛུལ་བགྱིན་ཡོད།
ང་སྦྱོང་ས་རྒྱ་གར་ཌེར་ཌུན་རེད། །
ང་སློབ་ས་མཚན་ཉིད་གྲྭ་ཚང་རེད།
ང་ལས་ས་གར་ཞ་འཕགས་ཡུལ་རེད།
ང་སྡོད་ས་ཡོ་རོབ་ཧངྒ་རི་རེད།
ང་འཆི་ས་ཕ་ཡུལ་འབ་ཆེན་དགོས།
ང་ཕྱི་མ་བོད་རིགས་གཙང་མ་དགོས།
ང་ཕྱི་མས་ནང་ཆོས་མཐར་ཕྱིན་དགོས།
ང་ཕྱི་མས་ཐར་སྣེ་ཟིན་པ་དགོས།
ང་འགྱིད་ལུག་མི་བྱེད་བརྩོན་བགྱིད་ཡོད། །
ང་གང་ཐུབ་གཞན་ལ་སློབ་བགྱིད་ཡོད། །
ང་ཁས་བླངས་ཁ་ཏོན་འདོན་བགྱིད་ཡོད། །
ང་མི་ཚེ་དོན་ལྡན་བྱེད་བགྱིད་ཡོད།
་
ཀརྡོས།