གློག་ཀླད།
སྒྲུབ་བརྒྱུད་ཀྱི་བཀའ་བབ་ནི། གངས་ཅན་འདིར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་རྒྱན་དུ་བཀོད་པར་འོས་པ། བྱང་གི་ཀ་ཆེན་རྗེ་བཙུན་མི་ལ་རས་པ་དེ་ཉིད། ཁྱུང་པོའི་གདུང་ལས་གུང་ཐང་སྐྱ་རྔ་རྩར། ཡབ་ཤེས་རབ་རྒྱལ་མཚན་དང༌། ཡུམ་མྱང་ཚ་དཀར་རྒྱན་ཟུང་གི་སྲས་སུ། ལྕགས་འབྲུག་སྤྱི་ལོ་༡༠༤༠ ལོར་བལྟམས། སྐུ་ན་ཆུང་ངུའི་དུས་ནས་ཨ་ཁུ་དང་ཨ་ནེའི་རྐྱེན་བྱས་ཏེ། མཐུ་དང་སེར་བ་སོགས་སྡིག་པའི་ལས་ཚབས་ཆེ་བར་བསགས།
དགུང་ལོ་སོ་བརྒྱད་པ་མེ་སྦྲུལ་སྤྱི་ལོ་༡༠༧༧ ལོར་བླ་མ་མར་པ་དང་མཇལ། སྲས་མཁར་དགུ་ཐོག་རྩིག་ཏུ་བཅུག་ནས། སྡིག་སྒྲིབ་ཐམས་ཅད་ཤུལ་མེད་དུ་སྦྱང༌། སྔོན་དུས་བླ་མ་ཡབ་ཡུམ་གཉིས་ཀྱི་མནལ་ལམ་དུ་རྨིས་པ་བཞིན། ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ། རྗེས་སུ་བཟུང་ནས་ཐོག་མར་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར། འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་མཚོན་བྱ་དང་མཚོན་བྱེད་ཀྱི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་མངོན་སུམ་དུ་བསྟན་ནས། དབུགས་དབྱུང༌། གཟེངས་བསྟོད་མཛད།
དེ་ནས་བརྩམས་ཏེ་དགྱེས་རྡོར། མ་ཧཱ་མཱ་ཡཱ། གདན་བཞི། སངས་རྒྱས་ཐོད་པ། གསང་འདུས་སོགས་ཀྱི་བསྐྱེད་རྫོགས། རྒྱུད་འགྲེལ། དབང་བསྐུར། སྒྲུབ་ཐབས་མཐའ་དག་དང༌། ཁྱད་པར་དུ་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ལ་དམར་ཁྲིད་མཛད།
ལྷོ་བྲག་སྟག་ཉའི་བྲག་ལ་སྒོམ་དུ་བཅུག་ནས་ཉམས་རྟོགས་ཀྱི་རྩལ་རྫོགས། ཕྱག་ཆེན། ཆོས་དྲུག མཁའ་འགྲོའི་སྙན་བརྒྱུད་ཀྱི་བརྡ་དབང༌། གྲོལ་ལམ་གྱི་གདམས་པ་རྣམས་ནཱ་རོ་པའི་བཀའ་བཞིན་དུ་ཆིག་བརྒྱུད་དུ་གནང༌། མཻ་ཏྲིའི་པའི་དབུ་ཞྭ། ནཱ་རོའི་ན་བཟའ་རྣམས་གནང་ནས་གཡའ་རི་དང༌། གངས་ཁྲོད་དུ་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་ཅེས་གཏུམ་མོའི་བཀའ་བབ། སྒྲུབ་གནས་སོ་སོར་ལུང་བསྟན་ཏེ། བགྲང་བྱ་ཞེ་བཞི་པ་ཆུ་ཕག་སྤྱི་ལོ་༡༠༨༣ ལོར་རང་ཡུལ་དུ་ཕེབས།
བླ་མའི་བྱིན་རླབས་དང༌། སློབ་མའི་མོས་གུས་ཀྱི་སྟོབས་ཀྱིས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། ཚེ་བློས་བཏང་གི་སྒོ་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པའི་སྲོལ་གཏོད། ཚེ་གཅིག་ལུས་གཅིག་ལ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་དེ། དགུང་ལོ་གྱ་བཞི་པ་ཆུ་ཡོས་སྤྱི་ལོ་༡༡༢༣ ལོར། མཆོག་གྱུར་ཞི་བ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་ནས་བཟུང་སྟེ། ད་ལྟ་སྤྱི་ལོ་༢༠༡༤ ཟླ་བ་༣ ཚེས་༡༥ བར་ལ་མི་་ལོ་ ༩༩༢ ་ཧྲིལ་པོར་འཁོར་བཞིན་པ་ནི། གངས་ལྗོངས་སྒྲུབ་བརྒྱུད་པའི་རྗེས་འཇུག་རྣམས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་རེད།།
༧ མཉེས་པ་གསུམ་གྱིས་དོན་དམ་སྙིང་པོ་བསྒྲུབས། །དཔའ་བོ་མཁའ་འགྲོ་ལྷར་བཅས་འཇིག་རྟེན་གྱི། །གཙུག་གི་ནོར་བུ་མཉམ་མེད་རིན་པོ་ཆེ། །རྗེ་བཙུན་མི་ལའི་ཞབས་ལ་ཕྱག་འཚལ་ལོ།
རྗེ་བཙུན་མི་ལ་བླ་མ་མར་པའི་དྲུང་དུ་ལོ་དྲུག་མ་གཏོགས་བཞུགས་མེད་པ་རེད་པས། ངས་ལོ་མང་གོང་དུ་རྣམ་ཐར་བཀླགས་མྱོང་། འོན་ཀྱང་བརྗེད་ངས་ཀྱི་རྐུན་པོས་ཕྲོགས་ཚར་འདུག གངས་ལྗོངས་བོད་ཀྱི་རྣལ་འབྱོར་པ་གངས་སེང་ལྟ་བུ་ཁོང་རེད་འདུག་གོ དེང་དུས་ཀྱི་བཀའ་བརྒྱུད་པ་རྣམས་ནི་སྔོན་གྱི་སྒྲུབ་ཚུགས་བཟང་བོ་དེ་ཉམས་ནས་འདུ་འཛིའི་ལོངས་སྤྱོད་ལ་དབུ་འཁོར་བར་ཟད་དོ་སྙམ་མོ།།
བྱང་ཕྱོགས་མུན་པའི་སྨག་རུམ་དུ།།
གངས་ལ་ཉི་མ་ཤར་འདྲ་བ།།
ཐོས་པ་དགའ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་གུས་ཕྱག་འཚལ།།
བོད་གངས་ཅན་གྱི་བླ་མ་བཙན་ཞིང་དྲེགས་པ་དང་བརྙས་བཅོས་ལ་དགའ་བ་། སློབ་མ་གཉོམ་ཞིང་རྨོངས་དད་དང་མགོ་འདོགས་བླ་བཙོང་ལ་དགའ་བའི་མི་རིགས་ཀྱི་སྲོལ་ངན་དང་གཤིས་ངན་མར་མི་ནས་དར་བ་རེད་ཟེར་ན་མི་ཆོག་རྒྱུ་མེད། ན་རོ་ཏེ་ལོས་རྒྱ་གར་གྱི་མི་གཤིས་བརྫད་པ་དེ་བཞིན་ནོ།།
ཏི་ལོ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །
ནྰ་རོ་གདམས་ངག་ཟབ་མོས་བྱིན་གྱིས་རློབས། །
མར་པ་བཀའ་དྲིན་ཅན་གྱི་ཆོས་དར་ནས། །
མི་ལའི་སྒྲུབ་བསྟན་ཡུན་དུ་རྟག་གནས་ཤོག །
སྙིང་སྟོབས་ཀྱིས་སྒྲུབ་པའི་རྒྱལ་མཚན་རི་རྩེ་རུ་བརྟན་པར་བཙུགས་ནས།།
སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་ཀ་ཕྱོགས་མེད་དུ་གདལ་བར་ཁྱབ་པས།།
བདེ་སྟོང་གི་རོ་མཆོག་མྱོང་བའི་གྲུབ་ཐོབ་ཀྱིས་བོད་ཁམས་བཀང་བའི།།
རྣལ་འབྱོར་གྱི་དབང་ཕྱུག་བཞད་པའི་རྡོ་རྗེ་ལ་སྙིང་ནས་དད་དོ།།
བརྗིད་ཆགས་ཉམས་ལྡན་རི་ཡི་རྒྱལ་པོ་མཆོག།
གངས་དཀར་ཏི་སེ་སྒྲུབ་བརྒྱུད་འཛིན་པའི་གནས།།
སྒྲུབ་པའི་རྒྱལ་མཚན་གླིང་འདིར་སྦྲེངས་མཁས་པ།།
མི་ལ་རྡོ་རྗེ་རྒྱལ་མཚན་སྙིང་ནས་འདུད།།
འདས་མཆོད་ལ་ཞེས་པ་དེ་གོ་མི་བདེ་བ་དང་། རྗེ་མི་ལ་ཕལ་པ་འདྲ་པོ་ཞིག་གོ་འགྲོ་གི་འདུག། དགོངས་རྫོགས་ལ་ཞེས་པ་དང་ གཞན་དོན་དགོངས་པ་ཆོས་དབྱིངས་སུ་ཐེམ་ཚུལ་་བསྟན་པའི་་དུས་ཆེན་ལ་ཞེས་པ་ལ་སོགས་་པ་སྦྱར་་ན་མི་ལེགས་སམ་། ང་འདྲ་པོ་ཤི་བ་ལ་འདས་མཆོད་དང་ཞེ་དགུ་དང་ལོ་མཆོད་སོགས་སྦྱར་ན་ཕལ་པ་ལ་པལ་པ་གོ་བ་སོགས་མི་ནམ། ཡིན་་ན་ཡང་བསམ་ཚུལ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་བཅོས་རོག་ཞུ།
༡༠༧༧ ནས་༡༠༨༣ རྗེ་མར་པ་དང་མཇལ་བ་དང་། རང་ཡུལ་ལ་ལོག་བྱོན་པའི་ཚུལ་ལ་བསམས་ན། བསམས་དཀར་དགུ་ཐོག་བཞེངས་པ་དང་། ཡི་དམ་ལྷ་ཚོགས། “དགྱེས་རྡོར། མ་ཧཱ་མཱ་ཡཱ། གདན་བཞི། སངས་རྒྱས་ཐོད་པ། གསང་འདུས་སོགས་ཀྱི་བསྐྱེད་རྫོགས། རྒྱུད་འགྲེལ། དབང་བསྐུར། སྒྲུབ་ཐབས་མཐའ་དག་དང༌། ཁྱད་པར་དུ་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ལ་དམར་ཁྲིད་མཛད།” བསམ་བརྗོད་ལས་འདས།
ངའི་ཨ་ཞང་བླ་མ་རྒྱུད་པ་ཞིག་བསམ་མཁར་དགུ་ཐོག་གི་མཁན་པོར་ཕེབས་ཡོད་པས། བསམ་མཁར་དགུ་ཐོག ཅེས་པ་བྱིས་པ་ཆུང་ངུའི་དུས་སུ་དྲིན་ཅན་མ་ལས་ཐོས། སྲས་མཁར་དགུ་ཐོག་ཅེས་པ་མ་དག་པར་འབོད་པས་བསམ་མཁར་དགུ་ཐོག་ཅེས་ཆགས་པ་ཡིན་ནམ། ཞེས་སོ།
གུས་པ་རང་ལོ་༡༢ དུས་སློབ་གྲྭ་རུ་་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་རྣམ་ཐར་ཞིག་གསུངས་བྱུང་། དཀའ་སྤྱད་སྙིང་རུས་ལ་ དད་པ་དང་སེམས་པ་སྐྱོ་བྱས་་ན་གྲྭ་བ་ཞིག་ན་བྱེད་ན་ཆོས་བརྒྱུད་དེའི་ཁོངས་གཏོགས་ཤིག་བྱེད་དགོས་པར་བསམ་བྱུང་།
མཚན་གྲངས།
ཆུང་མིང་ཐོས་པ་དགའ་ཞེས་གྲགས། །
བར་དུ་ཨ་ཕོ་མཐུ་ཆེན་ཐོབ། །
ཆོས་མིང་རྡོ་རྗེ་རྒྱལ་མཚན་ཁོང་། །
མི་ལ་རས་པས་ཀུན་ལ་ཁྱབ། །
རྣམ་ཐར།
ཆུང་དུས་སྐྱིད་སྡུག་སྣ་ཚོགས་མྱངས། །
དར་དུས་མཐུ་གཏད་མངོན་སྤྱོད་མཛད། །
བར་དུ་ལས་འབྲེལ་བླ་མ་མཇལ། །
མཐའ་མ་སྒྲུབ་པའི་རྒྱལ་མཚན་བཙུགས། །
སློབ་བརྒྱུད།
ཉི་མ་ལྟ་བུའི་སློབ་མ་དང་། །
ཟླ་བ་ལྟ་བུའི་སློབ་མ་བསྐྱངས། །
བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས། །
སྒྲུབ་བསྟན་རྣམ་པ་སྣ་ཚོགས་འཕེལ། །