གཡང་སྐྱབས་རྒྱལ་གྱིས།
ང་ལོ་བཞི་བཅུ་ཞེ་གསུམ་ཡིན། ང་ལོ་ཉི་ཤུ་རྩ་གཉིས་ཐོག་རྒྱ་གར་ལ་ཡོང་བ་ཡིན། ༡༩༦༦ ལོ་ལ་ང་སྐྱེས་པ་རེད། བོད་ཀྱི་རང་བཙན་ཤོར་ནས་ ལོ་བདུན་གྱི་རྗེས་ལ་ང་སྐྱེས་པ་རེད། ང་སྐྱེས་པའི་ལོ་འདི་ལ་རིག་གནས་གསར་བརྗེ་མགོ་ཚུགས་པ་རེད། ༡༩༥༨ ཡས་མས་ནས་ ༡༩༦༦ ཡས་མས་ཀྱི་བར་དུ་བོད་ལ་དཀའ་ངལ་དང་མུ་གེ་བྱུང་། སྐབས་དེར་སྐྱེས་པའི་བྱིས་པའང་མང་པོ་མ་རེད། ང་སྐྱེས་པའི་དུས་ཙམ་ནས་བོད་ལ་བྱིས་པ་སྐྱེས་གྲངས་འཕེལ། ང་ལ་ཡང་ཁ་ཡ་ན་ཟླ་མང་། ང་བྱིས་པ་ཡིན་སྐབས་ངས་བོད་དོན་མི་ཤེས། ངས་བོད་རང་བཙན་མི་ཤེས། ངས་བོད་ཀྱི་ལོ་རྒྱུས་མི་ཤེས། ངས་༧རྒྱལ་བ་རིན་པོ་ཆེའི་སྐོར་མི་ཤེས། ང་ལོ་བཅུ་བདུན་ལ་སོན་སྐབས། ངས་གཞི་ནས་བོད་ཀྱི་ལོ་རྒྱུས་ཤེས། རྒྱ་བོད་དབར་གྱི་འགལ་ཟླ་ཤེས། རྒྱའི་བཙན་གནོན་ཚོར། ང་བྲོས་པ་རེད། ངའི་མི་ཐོག་འདི་ལ་ཡང་ངར་ལངས་པ་རེད། ༡༩༨༧ ལོའི་ལྷ་སའི་རྔམ་སྟོན་ཁྲོམ་བསྐོར་དེ་ཡང་ངའི་མི་ཐོག་འདི་ཡིན། བོད་ནང་དུ་ “མི་རིགས་ཀྱི་ལ་རྒྱ་”གླེང་མཁན་ཡང་ངའི་མི་ཐོག་འདི་ཡིན། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་མི་ཐོག་གཉིས་བར་གྱི་མཚམས་ཆད་པ་དེ་མཐུད་མཁན་ཡང་ངའི་མི་ཐོག་འདི་ཡིན། མདོར་ན་ངའི་མི་ཐོག་འདིས་བོད་ཀྱི་མི་རིགས་འདི་གོ་ལ་ཟླུམ་པོའི་ཐོག་ནས་མི་ཡལ་བ་བྱས་པ་རེད། དེ་ལ་ང་ཡང་སྤོབས་པ་འཕེལ། སྤོབས་པ་མཐའ་ཡས་འཕེལ།
ང་ལ་ད་དུང་སྤོབས་པ་འཕེལ་ས་གཞན་པ་ཞིག་རྙེད། དེ་ནི་ལོ་འདིའི་གྱེན་ལངས་སྐོར་རེད། གྱེན་ལངས་ནང་དུ་ལོ་གཞོན་མང་། ལོ་གཞོན་ཕལ་ཆེ་བ་ཉི་ཤུ་ཡས་མས་ཡིན། འདི་ཚོའི་པར་རིས་ལ་གཟིགས་དང་། བསམ་བློ་ཞིག་བཏང་དུས། ངས་རི་བོ་ཧི་མ་ལ་ཡ་འཕྲེད་ཀྱིས་བཅད་ནས་ཡོང་སྐབས་སུ་འདི་ཚོའི་ཁ་ཤས་ནི་བྱིས་པ་ལོ་གཅིག་ལོ་གཉིས་ཡིན། ཁ་ཤས་ནི་ད་དུང་སྐྱེས་ཀྱང་མེད། ཁ་ཤས་ནི་གོམ་པ་འཁྱར་འཁྱོར་དང་སྐད་ཆ་ལྡབ་ལྡིབ་བཤད་ཐུབ་ཙམ་ཡིན། འདི་ཚོས་བོད་མི་རིགས་འདི་སླར་ཡང་ལངས་བཅུག་སོང་། འདི་ཚོས་མི་རིགས་ཀྱི་ལོ་རྒྱུས་མཆེད་བཅུག་སོང་། འདི་ཚོས་བོད་ཀྱི་དབུ་འཕང་མཐོ་རུ་བསྟད་སོང་། དེ་ལྟར་བསམས་སྐབས་ང་ལ་ནི་སྤོབས་པ་འཕེལ། སྤོབས་པ་མཐའ་ཡས་འཕེལ། མི་རབས་ནས་མི་རབས་བརྒྱུད་དེ་བོད་ཀྱི་རང་བཙན་འཐབ་རྩོད་འདི་ཡང་མེ་བཞིན་འབར་ཞིང་རླུང་བཞིན་གཡུགས་ངེས་རེད།
ཕོ་ལོ་དྲུག་ཅུར་རྒས་ཉམས་མེད།
མོ་ལོ་སུམ་ཅུར་གཞོན་ཉམས་མེད། ཟེར་ག
ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ གསུངས་འདུག་ག
བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ
ང་ནི་མི་སྡོད་སྲིན་པོའི་ཡུལ་དུ་འགྲོ ཞེས་ཀྱང་གསུངས་འདུག་ག
སྐུ་ཞབས་ལགས། གདོང་དམར་ཡུལ་གྱི་དཔའ་བོ་དཔའ་མོ་ཚོས་ཁྱོད་ལ་སྤོབས་པ་འཕེལ་བཅུག་པ་ཡག་པོ་རེད། ཡིན་ནའང་། གཞན་ལ་བསྟོད་མི་འདུག་པར། གཞན་ལ་འཁྲེང་མི་འདུག་པར། གཞན་ལ་སྨད་མི་འདུག་པར། རང་གིས་རང་དོན་འཇོན་པའི་ཐོག བོད་དོན་ཐོག་བྱས་རྗེས་རེ་འཇོག་ཨེ་ཐུབ་ལྟོས། ངོ་རྒོལ་དེ་ཐ་ན་སྐད་འབོད་ཙམ་གྱིས་ཆོག རྩོམ་ཡིག་གཅིག་གིས་ཆོག དེ་ལྟར་དེའི་གང་རུང་རེ་སྒྲུབ་ཐུབ་ཚེ། དེའི་མིང་ལ་དོན་གྱི་སྤོབས་པ་ཟེར།