བྲེ་ནག
ས་མཐའི་རྣམ་ཤེས་འཁྱོམ་པོ།།
ལས་དབང་འཚུབ་མོའི་དེད་ནས།།
ངེས་མེད་ཕྱོགས་བཞིར་རྒྱུགས་ཀྱང་།།
དྲོད་ལྡན་ཁྱིམ་ཞིག་མ་རྙེད་།།
དགུང་གི་ཉི་ཟླ་འགྲིམ་ཞིང་།།
ས་ཡི་མེ་ཏོག་རྒས་དུས།།
ཆུ་ཕྲན་ཤག་ཤག་བཞིན་དུ།།
གནས་ཤིག་ལོག་འདོད་མོད།།
མདུན་གྱི་མེ་ལོང་ངོས་སུ།།
གང་གི་བརྙན་རིས་པར་འདུག །
གང་དེ་སུ་ཡིན་ཞེ་ན།།
ལན་དེ་སུ་ཡིས་འདེབས་སམ།།
རི་གཟར་རྦབ་རྡོས་ཁེངས་པར།།
ཀྱག་ཀྱོག་འགག་འཕྲང་མང་བའི།།
ཐོད་ཀྱི་རྐང་ལམ་ཕྲ་མོ།།
གང་གི་རྐང་རྗེས་ཡིན་ནམ།།
ལྷན་པ་དགུ་བརྩེགས་གླན་ཞིང་།།
ས་རྡུལ་བྱེ་བ་འཚང་བའི།།
མཐིལ་ཟད་ཀོ་ལྷམ་ཟུང་འདི།།
ལམ་འགྲོ་གང་གི་ཞལ་ཆེམས།།
ལ་ཁའི་དར་ལྕོག་ལྷབ་ལྷུབ།།
སུ་ཡི་ཚེ་སྲོག་ཕྲ་མོ།།
ལམ་ཁའི་མ་ཎི་རྡོ་འབུམ།།
གང་གི་རྣམ་ཤེས་འཁྲིས་ས།།
ཚེ་སྲོག་ལང་ཚོ་རྒྱས་པའི།།
མཉེན་ལྕུག་འདབ་མའི་གཡུ་ལོ།།
དུས་ཀྱི་འགྱུར་བ་ཞིག་གིས།།
སེར་ཐིགས་ཅིའི་ཕྱིར་བབས་སམ།།
མགོ་ལྕོག་ལྡེམ་ལྡེམ་གཡོ་བའི།།
རྒྱ་ལྕང་ཡལ་འདབ་སྟེང་གི །
དབྱངས་སྙན་དཔྱིད་ཀྱི་ཕོ་ཉ།།
ཡུལ་ཕྱོགས་གང་དུ་འཕུར་སོང་།།
སེམས་ཀྱི་གངས་ལྷ་མེ་ཏོག །
སེམས་པ་སྐྱོ་དོན་མི་འདུག །
ལྷད་མེད་བརྩེ་བ་འདི་ཡང་།།
སྒྱུ་མའི་རྨི་ལམ་མཚུངས་སོང་།།
འཇིག་རྟེན་སྐྱ་ངོགས་སྟེང་དུ།།
དགའ་སྐྱོའི་ལྟད་མོ་ཆེ་བར།།
ཞིབ་མོར་བློ་ཡིས་དཔྱོད་ཚེ།།
ངུ་མ་དགོད་ཅིག་བྲོ་འོང་།།