ཤར་ཕྱོགས་ཁུག་རྟ།
༄༅།། སྤྱིར་ཡིན་ན་ཞབས་འདྲེན་གྱི་རིགས་འདི་འདྲར་བོད་ཀྱི་ཡི་གེ་ན་གཅིག་འབྲི་འདོད་ཕར་ཟད། སྐད་ཆ་ཚིག་གཅིག་ཀྱང་བཤད་འདོད་མེད་མོད། མིང་རྫིག་པོ་རྫིག་པོ་”བཀའ་བློན”་ཟེར་པ་ཞིག་ཁྱེར་ནས་བཀའ་མོལ་འདི་འདྲ་གནང་ན། བོད་མི་ཞིག་ཡིན་ཚེ་ཐང་ཆད་རྒྱུ་ཡིན་པ་ཨ་ཅང་ཅང། ང་དང་ང་ལྟ་བུའི་དབུ་མའི་ལམ་གྱི་ཉམས་ལེན་པ་ཚོར་དེ་བས་ཀྱང་སེམས་ལ་དངངས་སྐྲག་ལངས་རྒྱུ་ཡིན་པ་ཐེ་ཚོམ་བྲལ་བ་ཞིག་རེད། ཡིན་རྒྱུ་ནི་༢༠༡༡ ལོར་ཁེ་ན་ཌ་ནས་ངྷ་རམ་ས་ལར་གློ་བུར་ཐོག་རྒྱག་བོད་རྒྱའི་ཆབ་སྲིད་ཀྱི་ལས་ཀར་ཚོད་ལྟ་བྱེད་དུ་ཕེབས་པའི་བདེ་སྐྱིད་ཆོས་དབྱིངས་ལགས་ཀྱིས། སྤྱི་ལྷན་སྐབས ༡༥ པའི་ཚོགས་དུས་ ༧ པའི་ལས་ཉིན་བདུན་ ༢༠༡༤། ༣། ༡༨། པའི་ཉིན་རྒྱབ་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་གྲུབ་མཚམས། ཅིག་གསུང་རྒྱུ་ཡོད་མདོག་གིས། ཉི་མ་ཁ་དཀར་ངོ་དཀར་ལ་”ཨ་རིའི་ཕོ་བྲང་དཀར་པོ་དང་སྲིད་འཛིན་ཨའོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བ་ནི་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཡར་ཞུས་པ་ལ་བརྟེན་ནས་བྱུང་བ་རེད་”ཟེར།
མ་གཞི་ནས་བོད་གཞིས་བྱེས་སེར་སྐྱ་མི་མང་དང་ལྷག་པར་ཤེས་ལྡན་པ་དག་གིས་མཁྱེན་གསལ་རེད། དེ་རིང་སང་ཉིན་གྱི་བོད་ཀྱི་གནས་བབ་ལ་བལྟས་ན། དཔོན་ས་དང་གཏམ་གྲགས་ལ་ཧེབ་ལངས་ཏེ་རང་གིས་ཅིག་མི་འཇོན་ན་འཇོན་མདོག་མདོག་གིས་ཡར་མཐོ་སར་འཛེགས་རྒྱུའི་དུས་ཚོད་ཅིག་མིན་པ་བཤད་ག་ལ་དགོས། གནས་སྟངས་དེ་ཐ་ན་ངྷ་རམ་ས་ལའི་ཐང་གི་གྲོག་འབུར་ཡན་གྱིས་ཀྱང་ཤེས་ཚོད་ཡིན་མོད། གནའ་ནས་ད་བར་བཤད་ན་མི་གོ་ཞིང། གོ་ཡང་བག་མེད་པའི་”སེམས་ཅན་”རིགས་གཅིག་གིས་ནི་འདི་ལྟར་རྟ་ལམ་བོང་བུས་བཀག རང་སྣང་རླུང་ལ་བསྐུར་ནས་མགོའི་ལྷ་འགྱེས། འོག་གི་དམངས་ཕམ་དུ་བཅུགས་ནས་བསྟན་སྲིད་ཉི་ཟླ་ལ་ཁའི་ཉི་མར་བཏང་བ་བཤད་ནས་བཤད་ཚོད་མེད་ཀྱང། སེམས་ཅན་འདི་རིགས་འགྲོ་གནམ་ཐོག་དང་བཞུགས་ཁྲི་ཐོག་ཡིན་བཞིན་དུ་ངྷ་སར་འཚང་ཁ་བརྒྱབས་ནས་འདུག་པ་འདི་ཅི་ཡིས་ལན་པ་ཡིན་ནམ། བོད་མི་མང་གི་ལས་ངན་པས་བྱས་པ་ཡིན་ནམ།
སྲིད་སྐྱོང་ཨ་ཁུ་སྟོན་པ་འདིས་ལས་རོགས་བཀའ་བློན་འདི་འདྲ་བཏོན་ཡོང་བ་ནི་ཁོང་ལ་ཁག་མེད། ཁོང་གི་གསུང་ལ་ཉན་མཁན་ཞིག རྒྱ་ཆེ་གཏིང་ཟབ་མི་མཁྱེན་པ་ཞིག་མིན་དུས་འགྲིག་གི་ཡོད་པ་མ་རེད། ཡིན་ནའང། ད་བཀའ་བློན་གྱི་མཚན་གནས་ཁྱེར་ནས་ལོ་གསུམ་འགྲོ་ལ་ཉེ་ཡང། གྲོས་ཚོགས་རིམ་པའི་ནང་དུ་”བོང་བུ་འཁྱགས་རོམ་སྟེང་སུ་དེད་པའི་ལྷ་མོ་སུ་ཡིས་འཁྲབས་”ཟེར་ན། བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ཞེ་དྲག་ཡག་པོ་འཁྲབས་ཡོད་པ་རེད། ཡིན་རྒྱུ་ནི་ཆོལ་ཁ་ཞིག་གི་བཀའ་བློན་ཡིན་པའི་རྣམ་པ་རེད། དབུ་མའི་ལམ་ལ་ཡིད་ཆེས་ཡོད་པའི་བཟོ་ལྟ་རེད། དེ་ཡིན་ན་སོ་སོས་དངོས་གནས་སློབ་སྦྱོང་བྱེད་དགོས་པ་རེད། རང་ཉིད་དབང་ལྡན་འགན་འཛིན་ཡིན་བཞིན་དུ་ཕྱི་དྲིལ་ལས་ཁུངས་ཀྱི་ཚན་པ་སོ་སོའི་ལས་དོན་གནང་ཕྱོགས་དང་ད་ལྟའི་གནས་བབ་ད་དུང་གསུང་རྒྱུ་མི་འདུག ལས་ཉིན་བདུན་པའི་ཕྱི་དྲོར་དོན་གཅོད་ཁག་གི་ཕྱག་ལས་གནང་སྟངས་ཐད་འགྲེལ་བཤད་ཅིག་གནང་པའི་བཟོ་ལྟ་བལྟས་ན། འཛིན་གྲྭ་གསུམ་པའི་སློབ་མ་ཞིག་གིས་ངག་ཐོག་གི་དོན་ཚན་ཁ་ཤས་སྐྱོར་པ་དང་ལས་ཀྱང་སྡུག་གཱ སྐུ་ངོས་གསུང་ཡ་དེ་སྐུ་ཚབ་དོན་གཅོད་ཁག་གི་ཕྱག་ལས་གནང་སྟངས་མིན་ན་ད།
ཡིན་ནའང་སྐུ་ངོའི་གསུང་སྟངས་ལ་ཉན་དུས་སྐུ་ཚབ་དོན་གཅོད་ཁག་གི་ཕྱག་ལས་གནང་སྟངས་ཁྱོན་ནས་མཁྱེན་མི་འདུག་ལ། ཐ་ན་དྲིལ་བསྒྲགས་ལས་ཁུངས་རང་ནས་བཏོན་ཅིང་ནང་ཁུལ་ཡིག་ཆའི་ཚབ་ཏུ་དེབ་གྲངས ༡༠༠ དཔར་ཡོད་པ། དོན་གཅོད་ཁག་ལ་ཆེད་མངགས་གནང་བའི་འཛིན་སྐྱོང་གི་བཀོད་ཁྱབ་ཁག་ཕྱོགས་བསྒྲིགས་བྱས་པ་༼ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་ཁག་ལ་འཛིན་སྐྱོང་དང། ལས་དོན་གཞན་བྱེད་ཕྱོགས་ཀྱི་ལམ་སྟོན་༽ཟེར་པའི་དེབ་དེ་ཐེངས་གཅིག་ཀྱང་གཟིགས་ཡོད་ས་མ་རེད་ལ། ཨ་ཅག་ལགས་སྐུ་ངོ་ཆགས་རྗེས་ཐེངས་འགར་སྐོང་འཚོགས་གནང་བའི་སྐུ་ཚབ་དོན་གཅོད་ཀྱི་ཚོགས་འདུ་དག་ལ་ཕེབས་ཡོད་ནའང་དོན་དག་ཐུགས་དྲན་མ་སོས་པ་འདྲ། དྲན་ཡོད་ན་”སྐུ་ཚབ་དོན་གཅོད་ཁག་གིས་ག་རེ་གནང་གི་ཡོད་པ་རེད”་ཅེས་པར་བཀའ་ལན་ཐབས་ཆག་འདི་འདྲ་གནང་དོན་ག་ནས་ཡོང།
ན་ནིང་བཀའ་ཤག་ཚོགས་ཁང་དུ་ཚུགས་པའི་སྤྱི་ལྷན་འདིའི་ཚོགས་དུས ༦ པའི་སྟེང་དུའང། སྐུ་ངོ་ལྕམ་སྐུར་བཀའ་ལན་གནང་རྒྱུ་མེད་པའི་མ་ཚད་སྐུ་རླུང་བཞེངས་པ་རེད། དེ་དུས་ཅང་བཤད་མེད། ”ད་ཆག་སྒོ ག་ལེ་ཡར་རྒྱས་ཡོང་གི་རེད། ༸རྒྱལ་བ་རིན་པོ་ཆེ་༸རྒྱལ་བ་རིན་པོ་ཆེ་ཞེས་བཀའ་སློབ་ནི་གནང་གི་འདུག སོང་ཙང་འཛིན་སྐྱོང་དང་ཆབ་སྲིད་སྐོར་ལ་སློབ་སྦྱོང་གནང་གི་རེད་བསམས་སོང།” ད་ལོ་བལྟས་དུས་ག་བ་ག་བ། བོད་ཡིག་ཀློག་སྟངས་ད་ཨ་ཅང་ཅང། རྦད་དེ་རང་གི་ལས་ཁུངས་ཀྱི་འགྲོ་སྟངས་ཆ་ཚང་ད་དུང་མཁྱེན་མི་འདུག གྲོས་ཚོགས་ནང་ཡིན་ལ་མིན་པའི་བཀའ་ལན་གནང་སྐབས་ད་དུང་ཉམས་སྟོན་གྱི་འདུག དཔེར་ན། ཡོ་རོབ་དམིགས་བསལ་སྐུ་ཚབ་དང་རྒྱ་རིགས་འབྲེལ་མཐུད་པའི་ལས་བཅར་ཐོ་དེབ་ཡོད་མེད་གསུང་སྟངས་ལྟ་བུ་རེད།
སོང་ཙང། ངས་བཤད་འདོད་པའི་སྙིང་བོ་ནི་ཨ་རིའི་སྲིད་འཛིན་ཨའོ་བྷ་མ་མཆོག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བ་ནི་ངྷ་རམ་ས་ལའི་ལས་ཀའི་ནང་གློ་བུར་ཐོག་རྒྱག་གིས་སླེབས་པའི་བོད་མི་ཕྱེད་ཀ་དག་གིས་ཕོ་བྲང་དཀར་པོར་སྙན་ཞུ་ཤོག་ལྷེ་ཁ་ཤས་ཕུལ་བ་ལ་བརྟེན་ནས་རྩ་བ་ནས་བྱུང་བ་མིན་ལ། དེ་ནི་༸གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས། བོད་མི་མང་གིས་མི་ལོ ༤༠ རིང་བློ་བརྟན་འགྱུར་མེད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བརྟན་པོས་ཤར་བསྐྱོད་བྱས་པ་དང། ཡང་སྒོས་ལྷག་པར་ཅན་དུ་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་འགན་གསུམ་གྱི་མཛད་འཕྲིན་ཡངས་པའི་ས་ཆེན་པོར་ཁྱབ་པ། བོད་བཞུགས་བོད་མི་ས་ཡ་དྲུག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཉིད་ཀྱི་ཚེ་སྲོག་ལས་ཀྱང་རྩ་ཆེར་བརྩིས་ཏེ་བློ་སྙིང་བྲང་གསུམ་༸གོང་ས་ཆེན་པོར་གཏོད་པའི་ཡིད་ཆེས་ངེས་རྙེད་ཀྱི་དར་ཆ་གསལ་སྟོན་རྒྱུན་ཆད་མེད་པར་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པ་སུས་ཀྱང་བསྙོན་དུ་མེད་པས། ལར་ནས་ལོ་རྒྱུས་རང་བཞིན་ལྡན་པའི་མཚན་གནས་”བཀའ་བློན་”ལྟ་བུའི་མཚན་ཐོག་ནས་ལོ་རྒྱུས་ཀྱི་ཡིག་ཚགས་རྩ་ཆེན་གྲོས་ཚོགས་ཀྱི་དེབ་ཐེར་ལྟ་བུར་འདི་འདྲའི་གླེན་བཤད་མི་གནང་རྒྱུ་ནི་ཅི་བས་ཀྱང་ཐུགས་ལ་ངེས་པར་མཛོད་ཅེས་ལམ་སྟོན་དང་འབོད་སྐུལ་ཞུས་པ་ཡིན།
རང་ཉིད་ཕྱི་དྲིལ་བཀའ་བློན་ཡིན་སྙམ་ཆེ་བཞིན་དུ་”སྲིད་སྐྱོང་གིས་ཨ་རི་སོགས་སུ་གནང་བའི་ཕྱི་འབྲེལ་ལས་དོན་ལ་ཕྱི་དྲིལ་བཀའ་བློན་གྱིས་རྒྱབ་སྐྱོར་གཙང་མ་ཡོད་ཅེས་སྤྱི་ཚོགས་ནང་གསལ་བཤད་ཞུས་པ་ཡིན་”ལྟ་བུའི་རུས་པའི་མདངས་ནག་ཐིག་ཅན་གྱི་བྱེད་བབ་འདི་འདྲ་བསྟན་སྟེ་ངྷ་ས་ནས་བཞུགས་རྒྱུ་ལས། སྔ་ས་ནས་རྩ་དགོངས་ཞུས་ཏེ་ཕྱིར་མཁའ་ལམ་བརྒྱུད་ཁེ་ན་ཌར་བསྐྱོད་དེ་སྐྱིད་པོར་བཞུགས་ན་བསྟན་སྲིད་ལ་དེས་ཕན་པ་མིན་ནམ་ཞེས་ཀྱང་ཞོར་འཕྲོས་སུ་ཐལ་ལོ།།
༢༠༡༤། ༣། ༡༩། ཉིན།།
ཨོ་བྷ་མས་དབུ་ལམ་རྒྱབ་སྐྱོར་གནང་རྒྱུ་དེ་ཕལ་ཆེར་དབུ་ལམ་ལས་འགུལ་ཁང་གིས་སྤྱི་རྒྱུ་སྒེར་བདག་དང་དར་དམར་འཕྱར་བའི་བྱས་རྗེས་ཀྱི་བདག་རྐྱེན་མིན་ནམ་སྙམ།
ཁུག་རྟ་ལགས་ཀྱི་རྣམ་དཔྱོད་ལ་བསྟོད་དོ་ ད་ལྟའི་རྡ་རམ་ས་ལའི་དཔོན་ཉམས་རིང་ལུགས་དེ་ནི་བོད་རང་བཙན་བྱེད་པར་དགོག་རྐྱེན་གཙོ་བོ་དེ་ཡིན་ མ་གཞི་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་ལམ་ལུགས་ངན་པ་འདི་དར་ཏེ་བོད་ཀྱི་དབང་ཐང་ཉམས་དམས་སུ་ཕྱིན་པ་རེད་
ཁུག་རྟ་རྩལ་ཡོད་མདོག་མ་འཁྲབ་ལོ་ག་དུས་ཡིན་ན་མི་ཞིག་ལ་ཁ་ལོག་རྐྱང་རྐྱང་བཏང་ནས་རང་ཉིད་ཀྱིས་ཅི་ཞིག་འགྱོག་གི་ཡོད་མི་འགྱོན་མོད་སོང་ས་དང་བསྡད་ས་ཚང་མ་ནས་རྙོག་དྲ་ཞིག་ལས་གང་ཡང་མེད་མོད་རྟ་ལམ་བོང་བས་བཀཀ་ཧེ་ཧེ་ཧེ་རྩོམ་ཡིག་གི་བརྗོད་གཞི་གཞན་དག་འདྲ་མེད་ནི་རེད་བེ་ཐབས་སྐྱོ་བ་ལ་སྐྱོན་བརྗོད་དང་སྐྱོན་འཛུག་རྐྱང་རྐྱང་། སྙིང་རྗེ་ཕྱི་གླིང་ཡུལ་དུ་མ་ཐར་ནས་ལྷག་ཡོད་ས་རེད་པཱ།
ཁུག་རྟ་ཅི་ཙམ་འཕུར་རུང་།།
སྒོ་ཕྱིའི་བར་སྣང་ཙམ་ཡིན།།
ཨ་སྔོན་མཐོ་པོ་མཐོ་པོ།།
ཁུག་རྟའི་ཞེ་ལ་ཐོག་ཡོད།།
འཁྲུག་སྣང་དངོས་སུ་འཛིན་པ།།
ཁུག་རྟའི་སེམས་ཀྱི་སྐྱིད་ཡིན།།
སྣང་བ་དོན་ལ་འཁྲུལ་བ།།
ཁུག་རྟ་རྨོངས་བས་བཟི་ཡོད།།
རང་ས་ན་ལུགས་གཉིས་གང་ཐད་ལས་རྗེས་བཞག་པ་སྤུ་ཙམ་བསྟན་རྒྱུ་མེད་བཞིན་དུ། གཞན་སྐྱོན་ཁོ་ན་འཚོལ་ཞིང་ཁྱད་གསོད་དང་བརྙས་རྨོད་བྱེད་པ་ལ་དགའ་བ་དང་། རང་དཔོན་གྱི་དྲིན་ལན་ལོག་འཇལ་བྱེད། རང་མཚང་རང་གིས་དམར་རྗེན་དུ་སྟོན་པའི་ཤར་ཕྱོགས་ཁུག་རྟའི་མིང་ཅན་ཁྱོད་ནི་ངོ་མ་སྐྱུག་བྲོ་བའི་མི་ཞིག་ཡིན་ས་རེད། ངས་འདི་ནས་མང་པོ་མི་བཤད། མདོར་ན་རང་ཉིད་ཕྱི་གླིང་དུ་འཁྱམས་སྐྱོད་མ་ཐུབ་པར་རྡ་སའི་རི་གྲོང་དུ་ཁྱི་བཞིན་ཉུལ་ནས་སྡོད་པའི་སྡུག་ཡས་མ་ཆག་པར་སྨྱོན་པའི་རྡོལ་གཏམ་མང་པོ་བཤད་མ་འདུག། རབ་ན་རང་ཁ་བཙུམ་ཏེ་མི་གྲལ་དུ་སྡོད། དེ་མིན་ཁུག་རྟའི་རྗེས་སུ་གཤོགས་ལྷབ་བྱེད་ཨེ་ཐུབ་ལྟས་ན་བཟང་ས་རེད། ཁྱོད་ཀྱི་སྨྲ་འདོད་ཁ་ལ་རིགས་སྔགས་རྒྱ་སྟོང་གིས་འདེབས་སོ།
དངོས་གནས་མི་རྩ་མ་ཚང་བ་ཞིག་ཡིན་ཚོད་འདུག ཡིན་པ་འཚིག་པ་གཡག་ལ་ཟ་ན་ཡང་ལུང་ལྕག་རྟ་ཟེར་བའི་རྗེས་སུ་སོང་འདུག
ང་མ་གཏོགས་ཅང་ཤེས་མཁན་ཞིག་དང་བོད་ལ་ཤ་ཚ་མཁན་ཞིག་མེད་ཟེར་གྱི་ཡོད་ས་རེད། ཁྱོད་དེའདྲའི་ངར་བ་ཞིག་ཡིན་ན་སྔར་ནས་ལས་རྒྱུ་ལག་པར་བཞག་དུས་ཕྱག་འཚལ་དུ་འགྲོ་རྒྱུ་མ་རེད། དེ་དུས་ཁྲིམས་ལ་གཏུགས་དགོས་རེད། ཤེས་ཡོན་ཡོད་ན་བེད་སྤྱོད་གཏོང་དགོས་རེད། ངས་ཤེས་ནོ་ཁྱེད་ཀྱི་ལྗིད་ཁོག་ཡིན། ལབ་རྒྱག་གི་མ་འདུག ངས་ཅིག་བྱས་བཞག ངས་བཤད་ཡིན་སོགས་ཆེ་མདོག་སྟོན་རྒྱུ་དགའ་རྒྱུ་མང་དྲགས་ན་ཚད་ཅིག་ཡོད་པ་ཤེས་པར་གྱིས། ལྷག་བསམ་དང་ཤེས་ཡོན་གང་ཐད་ནས་ཁྱོད་ལ་རེ་དགོས་ཐུག་སོང་ན་ཚར་རེད། རང་ངོ་ཤེས་ནི་གྱིས། རང་ཚུགས་ཡོད་ནི་གྱིས
ཏག་ཏག་རེད། དཔོན་གཟུགས་ནང་སྟོང་དེ་ཚོ། ལས་འབྲ’ས་ལྟར་ནའང་དེ་འདྲ་ལོས་ཡིན་བསམས།
ཨ་ཁ། ཁུག་རྟ་ལ་མདོ་སྨད་སྤྱི་འཐུས་ཀྱི་རྐུབ་སྟེགས་མ་འཐོབ་པ་དེས་འགྲིགས་མ་སོང་། ད་ང་ཚོ་ཉིན་ལྟར་རེ་བཞིན་ཁུག་རྟའི་སྨྱོ་གཏམ་འདི་འདྲས་ཉན་ནས་སྡོད་དགོས། ཅ་མ་ཟིང་། ཁོང་ལ་སྤྱི་འཐུས་ཐོབ་ཡོད་ན། ཀརྨ་ཆོས་འཕེལ་མཉམ་དུ་འདྲ་ཆགས་པོ་བྱས་བསྡད་ནས་ཁ་བརྡ་འདི་ལ་བདེ་བའི་ཁོམ་པ་རེ་ཡོད།་དེ་ཐོབ་མ་སོང་།
ང་ཚོ་ཁ་བརྡར་ཡོང་མཁན་ཚོས་གླེན་རྟགས་མ་བྱས་པར། ཀླད་པ་ཏོག་ཙམ་བཀོལ་ན་ལེགས། རྗེས་མ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟོང་པ་འཐོན་ན་ཁུག་རྟ་བརྗེད་མི་ཉན་ཨང་་དྲ་གྲོགས་ཚོ། ད་ཚངས་དབྱངས་དང་བཀྲིས་དོན་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ལས་འབྲས་འཁོར་སོང་།
དགོས་པའི་དབུ་མའི་མཛའ་གླུ།
རྣ་བས་གོ་རྒྱུ་མིན་འདུག
མི་དགོས་ཁུག་རྟའི་འཚེར་སྐད།
ཁ་བརྡའི་གྲོང་ན་མང་བྱུང་།
ཁུག་རྟ་སྟོན་བྱའི་སྐད་དེ།
རྫ་མོ་རོང་དང་འདྲ་ལ།
ཤང་ཤང་ཁ་ནས་ཐོན་ཀྱང་།
སྣང་བ་གཏོང་མཁན་མིན་འདུག
ན་ནིང་གསུངས་པའི་སྙིང་གཏམ།
ད་ལོ་བཏབ་པའི་རྩོམ་ཡིག
གཏམ་དང་ཡི་གེའི་དབར་ལ།
རྟ་ཕོ་ཐར་པ་འདུག་གོ།
མདའ་མོ་འབེན་ལ་ཟུག་སོང་།
ཉི་མ་ནུབ་ལ་ཕེབས་སོང་།
ཁུག་རྟ་ཇོ་ཇོའི་ཐུགས་ལ།
ཇི་ཡོད་ད་དུང་མ་ཤེས།
ཁུག་ྲརྟའི་དགྲ་དང་པོ། སྲིད་སྐྱོང་བློ་བཟང་སེང་གེ་དང་། དགྲ་གཉིས་པ་དེ། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཡིན་པ་འདྲ། ཧཧཧ།
ཕྱི་ཤིག་གི་སྟ་རེ་རྒྱ་གུང་ཁྲན། ནང་ཤིག་གི་སྟེའུ་དོལ་རྒྱལ་དང་ཤར་ཁུག
དེང་སང་འཛམ་གླིང་འདིར་དྲ་འབུ་ཚོར་སྣང་བ་བཏང་མཁན་སྲིད་གཞུང་དང་སྒེར་པ་སུ་ཡང་མེད་དུས། ངས་ཅིག་བཤད་ན་ལན་པོ་ཁྱོན་ནས་མི་འདུག་ཀྱང།
སྤྱིར་ང་མྱི་འདིར་ལས་འབྲས་དུས་སུ་སྨིན་པས་ཡིན་ནམ། ཕ་ཡུལ་གངས་ལྗོངས་ནས་ཚེགས་མེད་བདེ་བར་ཡུལ་རྒྱ་གར་དུ་བརྟོལ། རྒྱ་གར་འཕགས་ཡུལ་ནས་༸རྒྱལ་བའི་ཞབས་ཟིན། དགའ་བ་བརྒྱ་ལྡན་གཞུང་གི་སྲི་ཞུར་ཞུགས་སྐལ་ཐོབ། ཞུགས་པ་དེ་ཡང་མིང་ལས་དོན་ལ་ཞུགས། ཡང་སྒོས་མགོ་ཐོགས་ཚད་ཀྱིས་མི་མཐོང་བ་དང་མཐོང་རེ་བྲལ་བའི་བཙན་བྱོལ་བོད་གཞུང་ངམ་དེང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དུས་རབས་ཕྱེད་ཀའི་བྱུང་བ་ལ་ཞུགས། དེ་རིང་གི་བརྗོད་དོན་དང་སྦྲེལ་ན་བཀའ་ཤག་རིམ་བྱོན་གྱི་ཞབས་རྗེས་ཞིབ་ཚགས་ཀྱིས་ཉུལ་རྒྱུར་ཞུགས། བཙན་བྱོལ་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་གནས་སྟངས་གནས་ལུགས་ལ་ལས་སླ་བོར་མི་ཐོབ་པའི་མིག་ཅིག་རྙེད། མིག་དེས་ཁ་སང་དེ་རིང་འཚོགས་བཞིན་པའི་གྲོས་ཚོགས་ལ་བལྟས། གློ་བུར་ཐོག་རྒྱག་ཏུ་ངྷ་སར་རྒྱ་བོད་ཆབ་སྲིད་ཀྱི་ལས་ཀར་ཚོད་ལྟ་བྱེད་དུ་ཕེབས་པའི་དབུ་ཁྲིད་ཚོའི་ཁྱད་ཡོན་ལ་བལྟས། ཉིན་ནས་ཟླ། ཟླ་ནས་ལོ། ལོ་གསུམ་ལ་ཉེ་རིང་ཞིབ་ཚགས་ཀྱིས་བལྟས། སོང་ཙང། རང་ཉིད་དབང་ལྡན་འགན་འཛིན་དུ་ཁས་འཆེ་བའི་རང་གི་སྐྱོང་ཡུལ་དུ་བཟུང་བའི་ལས་ཁུངས་ཆེ་ཕྲའི་གནས་སྟངས་མི་ཤེས་པ་འདི་འདྲ་དངོས་གནས་ཁྱད་མཚར་རེད། རྒྱལ་སྤྱི་དང་རྒྱ་ནག་ལ་ལྟོས་དགོས་རིགས་ཡིན་ན་ང་ཚོར་ཨུ་ཚུགས་རྒྱགས་ས་མེད་པ་རེད། འོན་ཀྱང་རང་གིས་ཤ་ལས་གཏིང་ལས་མ་བྱས་པའི་ནོར་འཁྲུལ་འདི་རིགས་འདི་མུར་ཟོམ་འཇོག་བྱས་ན། བོད་རྒྱ་ཆེའི་མི་མང་ལ་ལ་དག་རྒྱུ་མིན་པ་དང། ལྷག་པར་ལག་ཏུ་བཟུང་བའི་སྨྱུ་གུ་ཐབས་ཆག་འདི་དོན་གྱི་མདོ་རྩར་འཛུགས་དགོས་པ་རང་གི་རྩ་དོན་ཡང་ཡིན་སྟབས། སྐུ་ངོ་ལྕམ་སྐུ་བདེ་སྐྱིད་ཆོས་དབྱངས་ད་ཐེངས་ངའི་ལག་ཏུ་ཚུད་སོང་བ་རེད། སྤྱིར་ཡིན་ན། ད་གང་དྲག་བསམས་ནས་འབྲི་མི་དགོས་པ་གཙོ་འདོན་བྱས་པ་ཡིན། ཡིན་ནའང། བོད་དོན་གནས་བབ་འདི་དང་འདིར་ཕྱག་ལས་གནང་སྟངས་ལ་དོ་སྣང་ཞིབ་ཚགས་བྱེད་མཁན་ཞིག་ཡིན་ན་ང་བཞིན་ཚོར་བ་འདི་བྱུང་བ་ཡོད་པ་ཐེ་ཚོམ་མེད་སྟབས་ངས་ཀུན་གྱི་ཚབ་བྱས་ཡོད་ཀྱང་སྲིད། གཉིས་ནས་༸རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་སྐྱོན་བརྗོད་དྲང་པོས་ཐེར་འདོན་བྱེད་དགོས་པ་དང་རྒྱ་མི་དུང་ཕྱུར་བཅུ་གསུམ་ལ་འཛམ་གླིང་གི་གནས་ཚུལ་ཤེས་པའི་ཐོབ་ཐང་ཡོད་པ་རེད་ཅེས་ཡང་ཡང་བཀའ་ཕེབས་པ་བཞིན། བོད་ཕྱི་ནང་གི་ཤེས་ལྡན་པ་དང་མི་མང་ལའང་གནས་ཚུལ་འདི་རྣམས་མཁྱེན་རྒྱུའི་ཐོབ་ཐང་དང་འོས་བབ་བླ་ལྷག་ཏུ་ཡོད་སྟབས། ཁོ་བོས་འཁེལ་ཕྱོགས་ཤིག་གིས་བྲིས་བཞག་པ་དེ་རེད། འདིའི་བརྗོད་དོན་ལ་ལན་ཡོད་ན་ངར་བགྲོ་གླེང་བྱེད་འདོད་ཡོད།
རེད་སྙིང་དོན་དོན་ཚན་དུ་བགར་ན་གནད་འགག་གསུམ་ལ་འདུ།
༡ བཀའ་བློན་གྱིས་ད་དུང་རང་གི་ལས་ཁུངས་ཀྱི་གནས་སྟངས་ཆ་ཚང་མཁྱེན་མེད་དོན་ཅི་རེད།
༢ གནས་སྟངས་དེ་མ་མཁྱེན་པའི་བཀའ་ཤག་གིས་གྲོས་ཚོགས་ལ་འགན་ཁུར་ཟེར་པའི་ཁྲིམས་སྒྲིག་གི་དབང་བསྐུར་ཡོད་པ་ཏག་ཏག་འགྲུབ་མི་འདུག
༣ ད་ཐེངས་གྲོས་ཚོགས་ནང་ཨའོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་དོན་གསུངས་པའི་རྒྱུ་མཚན་ལ་སྙིང་བོ་ཏིལ་འབྲུ་ཙམ་མེད་ཁར། དེ་ལས་ལྡོག་སྟེ་རྒྱ་ནག་གི་བེད་སྤྱོད་དུ་འགྲོ་ཉེན་གྱི་ཚིག་བེད་སྤྱོད་བྱས་ཟིན་པ་ངས་ཚིག་ཐག་བཅད་པ་དེ་ཙམ་ཡིན།
འདི་རྣམས་མི་བདེན་ན་བདེན་པའི་གནས་ཚུལ་འདིར་འབྲི་རོགས།
འདི་ན་གོ་ནོར་ཆེན་པོ་ཞིག་ཡོད་པ་འདྲ། ནུབ་ཕྱོགས་སུ་ལས་ཀ་ག་འདྲ་ཞིག་བྱེད་ནའང་། མི་བརྒྱུད་ནས་སམ། དངོས་སུ་ཞུ་བསྐུལ་ལ་བརྟེན་དགོས་ཀྱི་རེད་མ་གཏོགས་དང་བླངས་ཀྱིས་རོགས་བའམ། རྒྱབ་བསྐྱོར་བྱེད་མཁན་ཡོད་པ་མ་རེད། བཀའ་བློན་མཆོག་གི་སྐད་ཆ་དྲང་པོ་རེད་ལ། བོད་ལའང་གཤིས་ཀ་འདི་འཇགས་འོས་པ་ཞིག་རེད།
བོད་པའི་འགྲོ་སྟངས་ལོག་ག་རེད། ཁྱད་པར་དུ་རིན་པོ་ཆེ་ལྷན་རྒྱས་ནས་མ་གྱུར་འགྲོ་བའི་སྐྱིད་སྡུག་མཁྱེན་གྱི་ཡོད་པ་རེད་ལ། དེ་བཞིན་དུ་དང་བླངས་ཀྱིས་རོགས་པའང་རྒྱག་གི་ཡོད་པ་རེད། ཡིན་ནའི། བསྔོ་རྟེན་ཕུལ་ན་མ་གཏོགས་བསྔོ་བ་སྨོན་ལམ་གསུང་གི་མ་རེད། ད་རེས་ཨོ་པ་མའང་བོད་ཀྱི་བསྔོ་ཡིག་ཅིག་ཕུལ། དེ་ནས་ཁོས་སྐུ་མདུན་ལ་སྨོན་ལམ་ཞིག་གསུངས་པ་ལྟ་བུ་མ་རེད་པས། ད་གོ་སོང་ངམ།
# 11 ཤར་ཕྱོགས་ཁུག་རྟས།
་་་་་ སྐུ་ངོ་ལྕམ་སྐུ་བདེ་སྐྱིད་ཆོས་དབྱངས་ད་ཐེངས་ངའི་ལག་ཏུ་ཚུད་སོང་བ་རེད། ་་་་་་
སྤྱིར་ཁུག་རྟས་སྲིད་སྐྱོང་སོགས་དཔོན་རིགས་འགར་སྐྱོན་བརྗོད་བྱེད་ཀྱིན་འདུག་ཅིང་། དེ་ལ་རང་རིགས་ཀྱི་ཞེན་ཁོག་གཙང་མར་འཛིན་ཞིང་། དཔོན་པོ་ལ་ནམ་ཡང་སྐྱོན་མེད་དུ་འཛིན་པ་དག་གིས་ཁུག་རྟས་བཤད་པ་དག་ལ་བདེན་མིན་གྱི་ཞིབ་འཇུག་སྤུ་ཙམ་མི་བྱས་པར་ཁ་གདངས་ཚད་དང་ལག་འགུལ་ཚད་ཀྱིས་ཁོ་ལ་སྐྱོན་འཚང་འབྲུ་བ་འདི་ནི་ཤིན་ཏུ་མི་རིགས་ཏེ། སྔོན་གྱི་དུས་སུའང་བླ་ཆེན་དཔོན་ཆེན་དག་གི་སྐྱོན་བརྗོད་ཚེ་དེ་ལ་གནོན་ཤུགས་སྤྲད་པ་དང་བཙོན་འཇུག་སོགས་བྱས་མཐར་བོད་རྒྱལ་ཁབ་ཆེན་པོ་དེ་བདེ་བླག་གིས་རྒྱ་གུང་ཁྲན་ལ་སྤྲད་པ་མ་ཡིན་ནམ། གནའ་མིའི་ཁ་དཔེར་ལ། མི་སྐྱོན་བཤད་དགོས། ཤིང་སྐྱོན་གཞོག་དགོས་ཟེར་བ་ལ་རྒྱུ་མཚན་ཆེན་པོ་ཡོད་པ་རེད། ང་ཚོས་ཆོས་ཕྱོགས་ནས་བསྟན་པའི་མི་རྟོན་པ་བཞི་དེ་གཞིར་བཞག་ནས་ཁ་མར་ལོགས་ནས་སྡོད་མཁན་གྱི་དཔོན་རིགས་དག་ལ་ཞིབ་འཇུག་ནན་མོ་ཞིག་བྱས་པ་ཡིན་ན་མིས་བཤད་ཚད་ལ་ཉན་མི་དགོས་པར་རང་ངོས་ནས་ངེས་ཤེས་རྙེད་པ་ཞིག་ཏན་ཏན་ཡོང་གི་རེད། ཁོ་རེ།
བདག་མེེད་ཀྱིས་གསུངས་པར་དངས་ལེན་ཡོད། ཁུག་རྟས་ད་རེས་མང་པོ་ཞིག་དྲིས་འདུག་ཀྱང་གནད་དོན་གཅིག་ལ་ང་རང་ཡང་ཁ་སེང་གྲོས་ཚོགས་ཀྱི་རྒྱང་སྲིང་ལྟ་སྐབས་ཚོར་བ་ཆུང་མི་བདེ་བ་ཞིག་བྱུང་སོང་། ལྷག་པར་དེ་ལ་གྲོས་ཚོགས་མཐུན་མི་སུས་ཀྱང་དོགས་འདྲི་བྱས་མ་སོང་།
དེ་ནི་ཕྱི་དྲིལ་བཀའ་བློ་མཆོག་གིས་ཨ་རི་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་གང་སྒྲུབ་མིན་སྐོར་ཚོགས་དུས་སྔོན་མར་དྲིས་སྐབས་གང་ཡང་གསལ་པོ་ཞིག་གསུངས་རྒྱུ་མིན་འདུག དེ་ནས་ཧོབ་ཏེ་ཁ་སེང་གི་གྲོས་ཚོགས་ནང་སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་བྱེད་ཆོག་སྐོར་ལན་འདེབས་ཡོད་སྐོར་གསུངས་པ་རེད། སྐབས་དེ་དུས་ཨ་རི་སྲིད་འཛིན་གྱིས་གནང་བའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་དེ་ཨ་རི་སྐུ་ངོ་དོན་གཅོད་ཀྱིས་ཞུས་གནས་རབས་གསུངས་སོང་། སྐབས་དེར་རང་བཞིན་གྱི་ཚོར་བ་མི་བདེ་བ་ཞིག་བྱུང་སོང་། ད་དུང་ཨོ་བྷ་མ་མཇལ་བཅར་ཐུབ་པ་ཡང་ཨ་རིའི་སྐུ་ངོ་རང་གི་འཇོན་པ་འདྲ་པོ་བཤད་སོང་། གཅིག་བྱས་ན་ཤོད་སྟངས་མ་བཤད་པ་ཡིན་རྒྱུ་རེད། གཅིག་བྱས་ན་བཀའ་མོལ་གྱི་གྲོས་བལྟས་ན། གསོལ་ཇའི་བར་གསེང་སྐབས་སྲིད་སྐྱོང་གིས་བློ་བུར་དུ་ལམ་སྟོན་གནང་བ་དེ་འདྲ་ལབ་ཤོག་ཞེས་མངགས་བྱས་རང་གིས་བསམ་ཤེས་བྱ་རྒྱུའི་དུས་ཁོམས་མ་བྱུང་པ་ཡིན་སྲིད།
གང་ལྟར་དོན་གཅོད་ཀྱི་ཕྱག་ལས་གནང་ཡོད་ཀྱང་མི་མང་ལ་བཤད་སྐབས་སྐད་ཆ་ཤོད་སྟངས་གཅིག་ཡོད་རེད། ལྷག་པར་རྒྱལ་ཁབ་ཕན་ཚུན་འབྲེལ་ཐབས་བྱེད་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་འགོ་གཙོ་ཡིན་དུས། མ་འོངས་པར་ངེས་པར་ཐུགས་ཞིབ་ཟབ་མོ་གནང་ནས་བདེ་སྲུང་བཀའ་བློན་ལྟ་བུར་ཁ་མིག་ཡ་ལྟ་བྱས་ནས་གནང་དགོས།
དུས་ལ་མི་སྒྲོགས་པའི་ཁུ་བྱུག་སྐད་འདི་ད་སྙན་རྒྱུ་རང་མི་འདུག
ཡང་ཡང་གཏམ་ལ་སྙན་རྒྱུ་མེད།
སྤྱིར་སྟངས་བྱས་ན་མི་དཔོན་གང་འདྲ་ཞིག་ཡིན་ནའང་དེ་ཡི་སྐྱོན་ལ་སྐྱོན་འདོན་བྱེད་ལོས་འོས།
འོན་ཀྱང་ལེགས་བཤད་ལས་གསུངས་པ་ལྟར།
སེང་གེ་གངས་ལ་འགྱིང་ན་གཟི་བརྗིད་ཆེ།
གྲོང་གི་གསེབ་དུ་རྒྱུགས་ན་ཁྱི་ཡིས་བརྙེས།
ཟེར་བ་ལྟ་འདུག་ས་དེ་ལ་འདུག་ན་གཟི་བརྗིད་དང་དུས་དང་དུས་མིན་སྐད་སྒྲོགས་ན་དེ་ལ་སུ་ཡི་ཉན།
ཤའི་མིག་གི་མཐོང་སྣང་དང་ཤ་ཡི་རྣ་བར་སྙན་མིན་གྱི་ངོ་སོ་ཐོབ་རེ་ནི་ཁོ་བོར་ཐོག་མཐའ་བར་གསུམ་དུ་གལ་ཆེ་གང་ཡང་མིན་ལ། དེ་ལྟའི་ངོ་སོ་ཞིག་གིས་ཚེ་འདི་ཕྱི་གང་གི་ལས་དོན་མི་འཁྱོངས་པ་བྱིས་བློ་ཅན་ཚོས་ཤེས་ན་ཡག་གི་རེད། ཧཧཧཧ
ངས་ད་དུང་མང་པོ་བཤད་མེད། མ་བཤད་པ་དེ་རྒྱ་ནག་གཞུང་ལ་ངོ་ཚ་གི་འདུག་མ་གཏོགས། འབྲེལ་ཡོད་བཀའ་བློན་གྱི་གསུང་བབ་ལ་བལྟས་ན་འདི་ལས་ད་དུང་ནན་པོས་ཐེར་འདོན་བྱེད་དགོས་པ་འདྲ། ༸རྒྱལ་བ་རིན་པོ་ཆེ་ཨའོ་བྷ་མར་ཐེངས་གསུམ་པ་མཇལ་བ་འདི་ས་གནས་དོན་གཅོད་ཀྱིས་གོ་སྒྲིག་ཞུས་ཡོད་མེད་དེ་སྔ་ནས་ཚང་མས་ཤེས་གསལ་རེད། ༸རྒྱལ་བ་རིན་པོ་ཆེའི་རང་གི་མཛད་འཕྲིན་གཟི་བརྗིད་ཀྱི་མཐུ་དང། གཉིས་ནས་༸གོང་ས་ཆེན་པོའི་སློབ་མ་དང་གྲོགས་པོ་གཞུང་འབྲེལ་མི་སྣ་དེ་ཚོས་ཤུགས་བསྐྱོན་སྟེ་བྱུང་བ་ཚང་མས་ཤེས་གསལ་རེད་མོད། མི་འདི་དག་གིས་རང་གི་བྱས་རྗེས་ཡིན་རབས་ཀྱིས་ངོམས་སོ་བྱེད་པ་འདི་ག་རེ་ཡིན་ན་ཡིན་མོད། ཉུང་མཐར་གང་བེད་སྤྱོད་གཏོང་གི་ཡོད་པ་དེ་༸གོང་ས་ཆེན་པོའི་མཛད་འཕྲིན་ཡིན་སྟབས། ཅུང་སྟབས་གཟབ་པོ་མི་གནང་བ་འདི་ཡ་མཚན་མ་རེད་དམ། དེ་ཞུས་ན་ནང་དོན་མང་པོ་ཕྱིར་བརྡོལ་འགྲོ་སྟབས་དེ་ཙམ་གྱིས་ཆོག་པར་བྱ།།
གྲོགས་ཤར་ཁུག་ལགས་ཀྱིས་མེ་སྒྱོགས་གང་སར་རྒྱག་གི་འདུག
ཤར་ཁུག་འདི་དེང་སང་ཁྱི་སྨྱོན་བཞིན་དུ་གང་སར་ཟུག་ཡོང་གི་འདུག གནས་ལུགས་རྒྱུ་མཚན་ཡང་བཤད་ཤེས་ཀྱི་མི་འདུག ཕྱི་འདྲིལ་བཀའ་བློན་གྱིས་གསུང་པ་དེ་བདེན་པ་མིན་ན་མིན་པའི་རྒྱུ་མཚན་ཞིག་དགོས་པ་རེད།
ཟླ་སྔོན་མའི་ནང་༧གོང་ས་མཆོག་ཨ་རིའི་སྲིད་འཛིན་མཆོག་ལ་ཐུག་འཕྲད་གནང་ཐུབ་པ་ནི་ཨ་རིར་ཡོད་པའི་སྐུ་ངོ་རྣམ་པའི་འཇོན་ཐང་ཡིན་ཚུལ་དང་ངྷ་སའི་གྲོས་ཚོགས་ནང་ངྷ་སའི་སྐུ་ངོ་རྣམ་པས་ཀྱང་དེ་ལྟར་བཤད་པ་ནི་ཆབ་སྲིད་པས་མང་ཚོགས་ལ་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་རེད།
དྲ་འབུ་ཚོས་ཅི་བཤད་ཀྱང་གནས་ལུགས་དང་རྒྱུ་མཚན་ཞིག་རྙེད་མི་འདུག་་་་ཞིབ་འཇུག་མ་བྱས་པར་ཐད་ཀར་ཁུག་རྟར་ཁ་གཏོང་རྐྱང་བྱས་འདུག་་་་་་དྲང་མོ་བཤད་ན་ཁུག་རྟའི་སྐད་ཆར་ཉན་ན་རྒྱུ་མཚན་འདུག་་་་
ནམ་རྒྱུན་ལེགས་པའི་ཕྱོགས་རྐྱང་རྐྱང་ལ་བལྟ་བའི་སྲོལ་འདིས་འུ་ཚང་ཚད་འདི་འདྲ་ཞིག་ལ་བསྐྱལ་བ་རེད་་་་་ཡག་པོ་ནི་ཡག་སར་བཞག་ན་ཡག་པོ་རེད་་་་སྐྱོན་ཕྱོགས་ན་མཛུབ་མོ་བཙུགས་ནས་བཤད་ཐུབ་ན་དེ་ནི་ཡར་རྒྱས་ལ་འགྲོ་བའི་རྨང་གཞི་ལྟ་བུ་རེད་་་འོན་ཀྱང་ང་ཚོའི་སྤྱི་ཚོགས་ལ་དེའི་ཕྱོགས་ལ་མཛུབ་མོ་བཙུགས་ན་ཚང་མས་ཁ་བརྡུང་གཏོང་རྐྱང་ཡིན་པས་ང་ཚོར་ཡར་རྒྱས་ཤིག་ཡོང་རྒྱུ་ད་དུང་དུས་ཡུན་རིང་པོ་རེད་འདུག་
ཤར་ཁུག་རེ་ཞིག་ཞོག་ཅིག “ཨ་རིའི་ཕོ་བྲང་དཀར་པོ་དང་སྲིད་འཛིན་ཨའོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བ་ནི་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཡར་ཞུས་པ་ལ་བརྟེན་ནས་བྱུང་བ་རེད་” འདི་བདེན་པ་ཡིན་ནམ།
རྣམ་རྟོག་ལ་མཐའ་མེད་ཅིའི་ཕྱིར་དུ་སྐུ་ཚབ་དོན་གཅོད་ཀྱི་སྙན་ཞུ་སོགས་འབུལ་བ་ལ་ལྟོས་ནས་ཨོ་བྷ་མས་དབུ་མ་ལ་རྒྱབ་སྐྱོར་བྱས་མི་ཆོག་པ་རེད་རྒྱུ་མཚན་མེད་པ་རང་རེད་བརྗོད་ཚིག་ཆུང་ཆུང་འདི་འདྲ་ཞིག་ལ་འཇུས་ནས་ཚང་མ་ལ་ཁ་ལོག་རྒྱབ་ན་ཅི་ཕན་སྐད་ཆ་ངོ་མ་ཡིན་ངས་ལྟོས་ན་དེ་ཧ་ཅང་འོས་འཚམ་ཞིག་རེད་བསམ་ཡོད་ས་གནས་དེ་ག་རང་ལ་གནས་བསྡོད་བྱས་ནས་ཡོད་པའི་བོད་མི་དག་ལ་ཧ་ཅང་འབྲེལ་བ་འདུག་དངོས་སུ་གདོང་དང་གདོང་ཐུག་ནས་དངོས་ཡོད་ཀྱི་གནས་ཚུལ་འབྲེལ་བཤད་གནང་ན་དམིགས་བསལ་གྱི་ཚོར་བ་ཞིག་ཡོད་པ་སྨོས་མ་དགོས་བ་ཞིག་རེད་སྤྱིར་བཏང་གི་མི་དཀྱུས་མ་ཞིག་ལ་ཡང་འབྲེལ་བཤད་ལྷུག་པོར་གནང་ན་ཚོར་བ་ཤུགས་ཆེ་རུ་འགྲོ་བ་དང་དོན་སྣང་ཡང་ཆེ་རུ་འགྲོ་བ་ཆོས་ཉིད་རེད་གྲོགས་པོ་ངས་ལྟོས་ན་བདེ་སྐྱིད་ལགས་ལ་ནོར་འཁྲུལ་ཆེན་པོ་ཞིག་མཐོང་མ་སོང་གྲོགས་པོ་ཆུང་ཆུང་ཆེན་པོ་ཆེན་པོ་ཞིག་ཏུ་བཏང་མ་གནང་ལོ།
ཨ་ཅག་བདེ་སྐྱིད་ལགས་ཀྱི་བྱེད་བབས་འདིས་ནི། ཨ་རིས་ཁ་གསལ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བ་དེ་ནི་ཕྱི་དྲིལ་ཁོངས་གཏོགས་ཀྱི་ཨ་རི་དོན་གཅོད་བརྒྱུད་གསལ་འདེབས་བྱས་པ་ཡིན་དུས། དེ་ནི་རྒྱལ་བ་རིན་པོ་ཆེས་འཇོན་པ་མིན་ལ། ཨ་རིས་མ་སྐུལ་དང་བླངས་ངང་བོད་པར་རྒྱབ་སྐྱོར་བྱས་པ་མ་རེད་ཅེས་བསྟན་པ་རེད། ད་འགྲིག་གི་མི་འདུག
ཧོ་ཧོ་ཡ།ད་རེས་ད་དངོས་གནས་ཁུག་རྟས་གནད་འགག་ཅིག་བཏོན་འདུག་པ་རེད།བློ་སེང་དགའ་རོགས་བདེ་ཆོས་ཀྱིས་ད་ཆ་སྲིད་འཛིན་ཨོ་འབར་མས་དབུ་ལམ་རྒྱབ་སྐྱོར་བྱས་པ་དེ།༧གོང་ས་མཆོག་དང་བོད་མི་མང་མིན་པར།བློ་སེང་གི་གྲོགས་པོ་སྐུ་ངོ་དེས་འཇོན་པ་རེད་མདོག་མདོག་རེད།དེ་འདྲ་ད་ཨ་ཡིན་ན།
ཤར་ཁུག་ལགས།
འགན་ཡོད་པའི་སྐྱོན་བརྗོད་ཡིན་ན་ཡག་གི། དེ་མིན་གང་བྱུང་བཤད་པ་ལས་མ་བཤད་ན་དགའ་གི། ད་དུང་མཚང་མང་པོ་འབྲུ་རྒྱུ་ཡོད་མདོག་དང་། རྒྱ་དར་དམར་པོར་རྩིས་ནས་བཀའ་བློན་རྣམ་པར་ཡོ་བསྲང་ལ་བཀག་འགོག་བྱུང་བ་ནི་ཡ་མཚན་ཞིག་མ་རེད་དམ། མང་གཙོ་རང་དབང་རེད། ག་རེ་བཤད་ན་ཡང་འགྲིག་པ་རེད། བཀའ་བློན་རྣམ་པ་ག་ཚོད་ཐབས་སྐྱོ་རུང་། མི་མང་གིས་བཀྲབས་པ་དང་བོད་མིའི་སྒྲིག་འཛུགས་འོག་ནས་གནས་ཡོད། སྐྱོན་ནི་ངེས་པར་དུ་ཡོད་ལ་སྐྱོན་བརྗོད་པར་གུང་བྲན་ལ་ཞེད་དགོས་དོན་མེད། ང་ཚོ་ནི་གུང་བྲན་བཞིན་སྦས་སྦས་བཀུམ་བཀུམ་དང་། མཐའ་མར་དྲག་ཤུགས་གཡོ་སྒྱུ་བཙན་གཤེད་སྒང་ནས་འགྲོ་མཁན་དེ་མ་རེད་དོ།།
ཧཧཧཧ་ཁུག་རྟ་མང་གཙོ་རང་དབང་ཟེར་ནོ་ཁྱོད་ལྟ་བའི་རྩྭ་ཐོ་མེད་པའི་སྤྱང་ལྟོགས་འདྲ་ཞིག་ག་ལ་ཡིན་དེ་ལ་ཡང་ཚད་གཞི་ཞིག་དང་སྒྲོམ་ཞིག་ལོས་ཡོད་མདོར་ན་མང་གཙོ་ཡང་ཁྲིམས་ཀྱི་འོག་ནས་འཚོ་ཡོད་པ་ཤེས་མ་སོང་ངམ་ཤེས་མདོག་མདོག་མ་བྱ་ལོ་ཆལ་ཆོལ་ཞིག་འབྲི་ཤེས་མ་གཏོགས་གཞན་ཁྱོད་ལ་ཁག་པོ་རེད་གཟུ་གནས་ཀྱི་སྐད་ཆ་རང་ཡིན་ཐུགས་ལ་མ་བདེ་ན་དགོངས་དག
ཨ་ཤུ་རེ་ཁོ། རྫོགས་མཐའ་མེད་པའི་ཤར་གྱི་འདྲེ་བྱ་དེའི་ཐན་སྐད་འདི་ངོ་མ་མི་གོ་ཐལ། ནག་རིལ་ཨོ་བྷ་མས་རང་ཁེ་གཙོར་འདོན་གྱིས་ལམ་དབུ་མའི་ཚོང་རྫས་འདི་བེད་སྤྱད་པར་དབུ་མ་མགོ་སྟོང་དེ་ཚོས་ཁོ་རང་ཚོས་འཇོན་མདོག་བྱེད་ཀྱིན་ཡོད་པ་འདྲ། ཨེ་རེད། ངོ་མ་ངོ་ཚ་རྒྱུ།
རང་དབང་དང་མང་གཙོ་གཉིས་ལ་ཚད་དང་འགན་ཡོད་རེད
དྲ་འབུ་ཚོ་ཇི་ལྟར་འགུལ་ཡང་ཤར་ཁུགས་ཀྱི་གཤོག་པ་དེ་འདྲ་ནམ་ཡང་སྐྱེས་མི་སྲིད་ལ། སྐྱེས་པའི་དབང་དུ་བྱས་ཀྱང་ཁུག་རྟའི་འཕུར་རྩལ་ལ་ནམ་ཡང་དོ་ཡ་ཡོང་མི་སྲིད། བགྲོ་གླེང་གི་བར་གསེང་དེ་ནས་ཨ་ཅག་དེས་གཟའ་མཇུག་ཅེས་པའི་གོ་དོན་ཡང་མ་རྟོག་པར་རེ་ཞིག་ཧད་པར་གྱུར། འདིས་ཀྱང་མོས་བོད་རང་གི་སྐད་ཡིག་ལ་སྦྱངས་པ་ཅི་ཙམ་སོང་ཡོད་པའང་ལས་སླ་བོ་ཤེས་ཐུབ།
ཁུ་རྟས་བཤད་པའི་སྐྱོན་འདིའི་རིགས་བདེན་ན་ངོ་མ་བློ་ཕམ་སྐྱེས་པའི་གཞི་རེད། རྒྱབ་སྐྱོར་ཡོད། མཚང་འདྲུ་བ་ནི་ཡར་རྒྱས་ལ་འགྲོ་བའི་རྨང་གཞི་དང་སྨྲ་བརྗོད་རང་དབང་གཉིས་ཀ་ཡིན་པས་ཉན་འདོད་འདུག གུང་ཁྲན་ལ་ངོ་ཚ་མི་དགོས་
དྲ་གྲོགས་དང་མཆན་པ་ཚོ། ཁྱེད་ཚོས་ཤར་ཁུག་གི་སྐྱོན་རྐྱང་ལས་བཟང་ཆ་མི་མཐོང་བ་དེ་ཅི།
གལ་སྲིད་ཤར་ཁུག་གིས་བཤད་པ་དག་སྒྲོ་འདོགས་དང་སྐུར་འདེབས་ཡིན་ན་རེ་རེ་བཞིན་གནས་ལུགས་ལྡན་པའི་སྒོེ་ནས་ཐེར་འདོན་དང་གསལ་བཤད་བྱོས་དང་ཨ་མའི་བུ་རེད། སྐོར་ཞིག་གིས་ཁོའི་རྣམ་དཔྱོད་མི་བཟོད་དགོས་དོན་མི་འདུག་སྙམ།
ཕྱི་དྲིལ་བཀའ་བློན་ཐུག་ཁག་མེད་ནང་བཀྲ་མི་ཤིས་ན་ཕྱི་དོན་ག་ལ་འགྲུབ་་་་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དང་འཛིན་སྐྱོང་བཀའ་བློན་བར་འཆམ་པོ་མེད་པའི་སྐད་ཆ་འདུག་དེ་དངོས་ཡོད་རེད་འཛིན་སྐྱོང་དེ་སྤྱོད་པ་ངན་པ་ཡོད་རེད་བཤད་ཀྱི་འདུག་ཕྱི་དྲིལ་ལས་བྱེད་མང་པོ་ཞིག་ཕྱི་ལོག་ལ་སྐད་ཆ་འདི་ཁྱབ་པ་འདྲ་།།
ཤར་ཕྱོགས་ཁུག་རྟ་སོགས་ཀྱིས་བྲིས་བའི་གནས་ཚུལ་མང་པོ་ཞིག་ལ་ལྟ་མྱོང་ལ་དེའི་རིགས་ཀྱི་འབྱུང་གཞི་ལ་ཡང་བསམ་བློ་གང་ལ་གང་ཙམ་གཏོང་མྱུང་། གཙོ་བོ་རྩོམ་ཡིག་འདིའི་རིགས་འབྲི་མཁན་མང་ཆེ་བ་བོད་ནས་༡༩༨༠་ལོ་མཇུག་དང་༡༩༩༠་རྗེས་བོད་ནས་རྒྱ་གར་ལ་འབྱོར་བ་རྐྱང་རྐྱང་རེད། དེ་ཡང་ཁོང་ཚོའི་མྱི་ཐོག་སྔོན་མ་སོགས་ད་ལྟ་ཀུན་གྱིས་སྙན་ངག་མཁན་རྒན་པདྨ་འབུམ་ཞེས་ཨ་རིའི་ལ་རྩེ་དཔེ་མཛོད་ཁང་ན་ཕྱགས་ལས་བྱེད་བཞིན་པ་ཁོང་དང་ཨ་རིའི་ཀུན་ཕན་རོགས་ཚོགས་ནང་ལས་ཀ་ལས་བཞིན་པའི་ཀུན་བཟང་རྒྱལ་སོགས་མདོར་ན་བོད་ནས་མ་ཡོང་སྔོན་བོད་ཡིག། རྒྱ་ཡིག་གི་ཆུ་ཚད་ཡག་ཐག་ཆོད་ཡོད་མཁན། གལ་སྲིད་བོད་ནང་ལ་བསྡད་ཡོད་ན་ལས་གནས་ཡང་གང་ལ་གང་ཙམ་ཡོད་མཁན་གྱི་རིགས་རེད། དེ་ཡང་༡༩༧༠་ནང་ཐོག་མ་སྐུ་གཅེན་པོ་དང་རྗེས་སུ་ལྷ་ལྕམ་རྗེ་བཙུན་པདྨ། རིམ་གྱིས་རྒྱལ་ལོ་དོན་གྲུབ་དང་བོད་ཀྱི་བླ་སྤྲུལ་མང་པོ་ཞིག་༡༩༨༠་ནང་ཐོག་མར་བོད་ལ་ལྟ་སྐོར་ཕེབ་པ་ནས་བཟུང་བོད་ནང་གི་སྐབས་དེའི་གཞོན་སྐྱེས་མང་པོ་ཞིག་ལ་རྒྱ་གར་ལ་སོང་ན་བོད་གཞུང་ཞེས་ཆེས་མཐའ་མར་བོད་འདི་སྐྱོབས་མཁན་ཞིག་འདུག་དྲན་པའི་བསམ་པ་བསྐྱེད་པ་རེད། དེ་ནས་སེམས་ཤུགས་ཁུར། དཀའ་བ་མྱང་ནས་རྒྱ་གར་ལ་སླེབ་ཡོང་བ་རེད། རྒྱ་གར་ལ་སླེབ་ནས་ད་གཟོད་ངོས་ཡོད་གནས་ཚུལ་མང་པོ་ཞིག་མཐོང་ཡོང་དུས་སེམས་ཤུགས་ཆུང་རུ་འགྲོ་བ་སོགས་གང་མང་བྱུང་བཞིན་པ་རེད།
ཁུག་རྟའི་སྐད་ཆར་་རྒྱུ་མཚན་དང་གནས་ལུགས་འདུག བློ་སང་དང་བདེ་ཆོས་གཉིས་ལ་དྲི་བ་ག་འདྲ་གནང་ན་ཡང་དྲི་ ལན་མང་ཆེ་བ་གསལ་ཆ་མེད་པ་ཀྱ་ཀྱོག་རྐྱང་རྐྱང་བརྒྱབ་པ་ཚང་མས་ཤེས་གསལ་རེད། གྲོས་ཚོགས་གི་གཏམ་བཤད་མང་ཆེ་བ་ལ་ཉན་པ་ཡིན།
བརྙན་འཕྲིན་འདིའི་ནང་གི་ཆུ་ཚོད ༥ དང་སྐར་མ ༡༠ ནས་གཟིགས་རོགས།
http://tibetonline.tv/videos/1919/day7part3:-live-webcast-of-the-7th-session-of-the-15th-tpie-live-proceeding-from-11-22-march-2014
ངའི་མི་ཤེས་ཀྱི་དོན་གནས་མང་པོ་ཞིག།
གོང་ཚིག་མདའ་རྣོན་པོས་ཕན་ཚུན་ལ།
གྲོས་མོལ་གྱིས་བདག་བློའི་སྒོ་མོ་ཆུང་།
ཕྱེ་གྱུར་ན་དོན་དངོས་སུ་ཡིས་ཤེས།།
གོང་དུ་དྲ་གྲོགས་རྣམས་པས་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲ་གྲོགས་ཚོས་གོང་དུ་བགྲོ་གླེང་མང་པོ་གནང་བར་དགའ་བསུ་ཡོད། འགོ་འཛུགས་མཁན་ཤར་ཕྱོགས་ཁུག་རྟ་རེད། དེ་ཡིན་དང་མིན་ཞིམ་འཇུག་བྱེད་རྒྱུ་དེ་ང་རང་ཚོར་འགན་དབང་ཆ་ཚང་ཡོད་བཞིན་དུ་ཞིམ་འཇུག་མ་བྱས་པར་ཁུག་རྟར་ཁ་ངན་ཚིག་ངན་རྐྱང་རྐྱང་བཤད་བསྡ་ན་བྱབ་མེད་པ་རང་རེད། ཕན་ཚུན་གོ་བསྡུར་བྱོས་དང་ཡར་རྒྱས་ཀྱི་རྣམ་པ་རེད་བསམ་པ་དྲན་གྱི་ཡོད། རིགས་གཅིག་གཡག་ཞར་བས་རྩྭ་བཟའི་དཔེ་བཞིན་རང་དང་ཉེ་བའི་མི་ཞིག་ལ་སྐྱོན་བརྗོད་ཕྲན་བུ་རེད་བྱས་པ་དང་མ་བཟོད་པར་ཕར་ཕྱོགས་དེར་ཁ་གཏོང་ཀྱང་བྱེད་པ་འདི་རིགས་ཡག་པོ་མཐོང་མ་སོང་། ལས་བྲེལ་གྱི་རྐྱེན་པས་འདི་ཙམ་ལགས་སོ།
ཁུག་རྟ་ན་འདི་སྤྱིར་ཁོ་རང་དེ་ཉིད་སྲིད་སྐྱོང་དང་བཀའ་བློན་ལ་སྦྱར་ནས་བྲིས་འདུག་ད་ངའི་མང་པོ་མི་འབྲི་གོང་དུ་མང་པོ་ཞིག་གིས་ཁོང་གི་དེ་ཉིད་རྟོགས་བ་འདྲ་
ངའི་བཤད་རྒྱུར་ཁུག་རྟ་ཟེར་བ་འདིས་བོད་མི་ནང་ཁུལ་སྐྲུག་ཡ་མང་མེད་ན་ཉུང་མེད་པས་་ད་དླུན་པོ་ཁ་བཙུམ་ན་བསྟན་བ་ལ་ཕན་པའི་དཔེ་བཞིན་ད་འཚམས་འཇོག་རོགས་ཞུ།།
ཤར་ཁུག་ལགས་ཀྱིས་ཡག་པོ་བཤད་འདུག་ཐུགས་རྗེ་ཆེ། ཆོས་ལ་མི་སྟོན་གང་ཟག་ལ་སྟོན་མཁན་ཚོའི་ཁ་ལ་ཐལ་བས་རྒྱོབ།
རྒྱབ་སྐྱོར་མང་པོ་བྲི་རྒྱུ་ཡོད་ཀྱང་གནས་སྐབས་མི་ཁོམ་པས་སོ། །
སོ་སོའི་འགོ་ཁྲིད་དེར་དགེ་སྐྱོན་ཡོ་སྲང་བྱས་པར་མི་དགའ་དོན་རྩ་བ་ཡོད་མ་རེད་བསམ་གྱི་འདུག ཤར་ཁུག་གྱི་བཤད་ཚད་དང་ བྲིས་ཚད་ལ་རྒྱབ་སྐྱོར་ཡོད་ཟེར་གྱི་མེད་གནས་ལུགས་རྒྱུ་མཚན་འདུག་དེར་རྒྱབ་སྐྱོར་ཡོད་དང་ཡོད་ཞུ་རྒྱུ་ཡིན།
བདེན་པ་དེ་བདེན་པས་ཚུལ་དུ་སྐྱོང་མི་ཤེས་བ་མང་པོ་ཞིག་གིས་མང་པོ་ཞིག་བྲིས་ཡོད་རུང་ཤར་ཕྱོགས་ཀྱིས་བྲིས་བའི་དཔྱད་གཏམ་ལ་ལན་ཕོག་མཁམ་གཅིག་ཀྱང་མ་མཐོང་།