རྒྱང་མིག
་་་་་་་་་་མཐོར་རློམ་ཟོབ་བླ་འགའ་ཞིག་གི་བྱ་སྤྱོད་མཐོང་བས་བྲིས།
བོད་ཀྱི་རྒྱལ་ལོ་ཞེས་གྲགས་བརྩི་ལུགས་དེར།།
བགྲང་བྱ་ཉིས་སྟོང་ཆིག་བརྒྱ་ཞེ་གཅིག་འཆར།།
ཕྱིས་དར་རབ་བྱུང་ལུགས་ཀྱི་བརྩི་སྲོལ་ལའང་།།
རབ་རྒྱན་ཤིང་ཕོ་རྟ་ལོ་ཉེ་ཆར་ཚེས།།
བོད་ཀྱི་རྒྱལ་ལོའི་བྱུང་རབས་ཆེས་སྔ་ཡང་།།
བོད་ཀྱི་ཆོས་པས་ཐུབ་པའི་ལོ་ཚིགས་སྤྱད།།
བོད་ཀྱི་རབ་བྱུང་བརྩི་ལུགས་འདི་ག་ཡང་།།
བོད་ཀྱི་སྐད་ལ་དུས་འཁོར་བསྒྱུར་ནས་དར།།
བོད་བརྒྱུད་ཆོས་ཀྱིས་བོད་ཀྱི་སྲིད་དོན་བརླགས།།
རབ་བྱུང་སྡེ་ཡིས་བོད་མིའི་གྲངས་འབོར་འགྲིབ།།
རྨོངས་དད་ལས་ཀྱིས་བོད་ཁྱོན་རྗེས་ལུས་ཐེབས།།
ཆོས་སྲིད་བསྲེས་པས་བོད་ཁམས་མོག་པོར་བཏང་།།
བོད་ཀྱི་ཡོད་ཚད་ཆོས་པས་ཁ་ལོ་བསྒྱུར།།
བོད་ཀྱི་སྲིད་དོན་ཆོས་ཕྱིར་བེད་སྤྱོད་བྱས།།
བོད་ཀྱི་ལ་ལུང་ཚང་མར་དགོན་སྡེ་བརྒྱབ།།
བོད་ཀྱི་མི་ཀུན་ཆོས་པའི་དབང་འོག་དྲངས།།
ཆོས་གཟུགས་ཅན་ཚོའི་རང་འདོད་ཁྲིམས་སྲོལ་མང་།།
ཆོས་དང་མི་མཐུན་ཕྱོགས་རྣམས་ཐབས་ཀྱིས་བཅོམ།།
ཆོས་དོན་རྒྱས་ཕྱིར་ལུང་བསྟན་སྣ་ཚོགས་འཆད།།
ཆོས་འབྱོར་ཆེད་དུ་ཟང་ཟིང་ཤུགས་ཀྱིས་བསྒྲུབས།།
ཆོས་ཁྲིམས་སྣ་ཚོགས་བོད་ཡུལ་ཀུན་པོར་བསྡམས།།
ཆོས་དང་འགལ་རིགས་བདུད་ཀྱི་འཕྲུལ་དུ་བསྒྲགས།།
ཆོས་སྲོལ་མེད་སར་ཀླ་ཀློའི་མིང་ངན་བཏགས།།
ཆོས་དད་མེད་པའི་འགྲོ་རྣམས་ཚར་གཅོད་བྱས།།
ཆོས་ཀྱི་ཕན་ཡོན་སྒྲོག་བཞིན་རང་སྲོལ་བཙུགས།།
ངན་སོང་སྡུག་བསྔལ་འཆད་ཞོར་ཆོས་སྒོར་བཙུད།།
བྱམས་སེམས་སྙིང་རྗེ་ཟེར་གྱིན་རང་ཕྱོགས་དྲངས།།
འཇིག་རྟེན་མི་རྟག་བརྗོད་ཀྱིན་ཆོས་ཡོན་བསྡུས།།
དཔྱད་གཞིར་བཞག་པའི་ཆོས་གཞུང་དོན་མ་རྟོགས།།
སྒྲོ་སྐུར་མཐར་ལྷུང་རང་བཟོའི་ཆོས་ལུགས་མང་།།
མདོར་ན་བླ་སྤྲུལ་རེ་ལ་ཆོས་ལུགས་རེ།།
གྲོང་གསེབ་རེ་ལ་ཆོས་སྲོལ་གནས་པར་བྱས།།
གྲུབ་མཐའི་རྨོངས་ཞེན་ཆེད་དུ་ནང་འཁྲུག་བསླངས།།
གྲུབ་མཐའི་ཁེ་ཕན་དོན་དུ་མངའ་འབངས་བརྩད།།
གྲུབ་མཐའི་རྒྱལ་ཕམ་སླད་དུ་སྲིད་དོན་སྤྱད།།
གྲུབ་མཐའི་རྒྱབ་རྟེན་ཕྱིར་དུ་མགོ་བཏགས་མང་།།
ཆོས་ཕུང་བརྒྱད་ཁྲིའི་སྙིང་དོན་བེད་ལོག་སྤྱད།།
ཐུབ་པས་བཅས་པའི་འདུལ་ཁྲིམས་རྒྱང་དུ་དོར།།
རང་རྒྱུད་ཉོན་མོངས་སྣ་གཅིག་མི་འདུལ་བར།།
ཝ་སྐྱེས་སེང་གེར་བརྫུས་པའི་གཡོ་གཪ་འཁྲབ།།
རྣམ་དག་ཆོས་ཀྱི་ཉམས་ལེན་ཟོབ་བླར་མེད།།
སྐྱེས་སྦྱངས་ཤེས་རིག་མཁྱེན་རྩལ་ཁོ་ཚོར་མེད།།
མི་རིགས་ལར་ཞེན་མཐོར་འདེགས་དེ་ཚོར་མེད།།
བོད་སྤྱིའི་རྩ་དོན་སྒྲུབ་འདུན་འདི་ཚོར་མེད།།
མཐོར་རློམ་གྲགས་སྐམ་ཟོབ་བླ་མང་བྱུང་མཐུས།།
དགྱ་འདྲེ་གཤེད་མར་གོ་སྐབས་ཡོངས་ཐོབ་སྟེ།།
བོད་ཀྱི་སྲིད་དོན་འཇའ་ལྟར་དབྱིངས་སུ་ཡལ།།
བོད་མི་གནས་ཡུལ་ཕལ་ཆེར་དགྱ་འདྲེ་བསུས།།
༢༠༡༤ ། ༠༣ ། ༢༡
མིག་རྒྱང་རིང་སེའེ་བྱུང་ང་། དེ་དེ་བཞིན་ནོ།
གྲུབ་མཐའི་བར་གྱི་འགལ་ཟླ་ཆེ་དང་གཅིག
ཆོས་རྒྱུད་བར་གྱི་ཤ་འཁོན་མང་དང་གཉིས།
ཤ་འཁོན་འགལ་ཟླ་རྩོད་པའི་སོ་ཁ་ནས།
བོད་མིའི་ཆིག་སྒྲིལ་རྩམ་སྐྱ་གཏོར་གཏོར་རེད།།
ལྷ་འདྲེའི་བར་དུ་རྩོད་རྙོག་ཆེ་དང་གཅིག
ཆོལ་ཁའི་བར་དུ་ཕྱོགས་ཞེན་མང་དང་གཉིས།
རྩོད་རྙོག་ཕྱོགས་ཞེན་གཉིས་ཀྱི་་སོ་ཁ་ནས།
མི་རིགས་ལ་རྒྱ་ཁྱིའི་སྐྱག་གཡུགས་གཡུགས་རེད།
དམྱལ་བ་བཤད་ནས་འཇིགས་སྐུལ་བྱེད་དང་གཅིག
ལྷ་ཡུལ་བཤད་ནས་སླུ་ཁྲིད་བྱེད་དང་གཉིས།
འཇིགས་སྐུལ་སླུ་ཁྲིད་གཉིས་ཀྱི་སོ་ཁ་ནས།
དྲང་བདེན་མགོ་བོ་ཐོ་བའི་རྡུང་རྡུང་རེད།།
དད་པ་བཤད་ནས་དབང་སྒྱུར་བྱེད་དང་གཅིག
དམ་ཚིག་བཤད་ནས་བྲན་དུ་བཀོད་དང་གཉིས།
དད་པ་དམ་ཚིག་གཉིས་ཀྱི་སོ་ཁ་ནས།
རང་དབང་དམངས་གཙོ་ཕག་པ་བཤའ་བཤའ་རེད།།
མ་ཐུབ་དགྲ་ལ་ཞི་བདེ་བཤད་དང་གཅིག
ཉམ་ཆུང་གཉེན་ལ་འཇིགས་སྐུལ་ཆེ་དང་གཉིས།
ཞི་བདེ་འཇིགས་སྐུལ་གཉིས་ཀྱི་སོ་ཁ་ནས།
བོད་མིའི་ཆབ་སྲིད་འཇའ་མཚོན་ཡལ་ཡལ་རེད།
རང་དབང་རང་བཙན་རྒྱབ་ལ་སྐྱུར་དང་གཅིག
རང་སྲིད་རང་སྐྱོང་མདུན་དུ་ལེན་དང་གཉིས།
མདུན་དང་རྒྱབ་གཉིས་ནོར་བའི་སོ་ཁ་ནས།
བཙན་པོའི་རྒྱལ་རབས་འཆའ་མོ་འཛག་འཛག་རེད།
རྒྱང་མྱིག་རྒྱང་ལ་མ་འཁོར་ནང་ལ་འཁོར།།
ནང་གི་རང་སྐྱག་དྲི་མ་ཕྱི་ལ་བཏོན།
ཐུབ་བའི་བསྟན་པ་ས་ཁྱབ་གནམ་ཁྱབ་ལ།།
མ་དགར་སྡུག་ཡུས་བཏོན་རུང་སྡུག་གྱོང་རེད།
ཅོ་རི་ཉི་མའི་སོ་ཁ་ནང་ལ་འཁོར།
བཀྲ་མ་ཤིས་བ་བཤད་ནས་ཉིན་མཚད་འདའ།།
བཙན་བྱོལ་འདྲ་འདྲའི་ནང་གི་མ་འདྲ་ལ།།
མ་དགར་གཏོར་ཇུས་འཐེན་རུང་ནུས་མེད་རེད།
བསྟན་པ་མ་དར་སྔ་དར་ཕྱི་དར་དུས།།
ག་རེ་བཤད་ན་མ་བཤད་བོད་ཞེས་གྲགས།
མེས་བོ་རྒན་པ་འདི་ཚོའི་བཀའ་དྲིན་གྱིས།།
བོད་རིགས་ཡིན་པར་སྤོབས་པའི་ཁ་ཞེ་བཞག།
སྔན་མ་སྔོན་མས་མ་བྱུང་མ་འགྲིག་ཞེས།།
སོ་སོའི་མགོ་ལ་ཤར་བའི་དུས་འདི་ལ།།
སོ་སོས་ཁབ་སྐུད་ཙམ་ཡང་མ་འཇོན་པར།།
ཡིན་མདོག་ཁ་ཕོ་འདི་ཚོ་སྙིང་མ་རྗེ།།
དམངས་གཙོའི་རང་དབང་ཡོད་པའི་ཡུལ་ལུང་ནས།
དམར་ཕྱོགས་རྩ་ཁྲིམས་མགོ་ལ་ཁུར་མཁན་དང་།
རང་དབང་དམངས་གཙོའི་འཐབ་རྩོད་བྱེད་མཁན་གཉིས།
བཙན་བྱོལ་འདྲ་འདྲ་ཡིན་ཡང་དོན་མ་འདྲ།
འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་འཐབ་རའི་ནང་།
རང་བཙན་འཐབ་རྩོད་བྱེད་མཁན་ཡུར་གེར་དང་།
རང་བཙན་རྒྱབ་ཏུ་སྐྱུར་མཁན་བོད་པ་གཉིས།
བཙན་བྱོལ་འདྲ་འདྲ་ཡིན་ཡང་དོན་མ་འདྲ།
ཨ་ཙི་གནམ་འབོད་པའི་མིང་འོག་ཏུ་ནས།
ཅོ་རི་ང་ལ་སྙིང་རྗེ་བྱེད་མཁན་ཞིག
ས་ཕྱོགས་ག་ནས་བསླེབས་པའི་མི་ཡིན་ནམ།
འཇོན་པའི་འཇོན་ལུགས་བཤད་ཀྱི་གང་ཡོད་དམ།
ཁབ་དང་སྐུད་པ་བཟོ་བའི་འཇོན་སྟངས་དང་།
ལྕགས་ཀྱི་གནམ་གྲུ་བཟོ་བའི་འཇོན་སྟངས་སོགས།
དངོས་ཡོད་ཚན་རིག་གཞུང་ལུགས་ཤིག་ཡོད་ན།
གངས་ཅན་བོད་ཡུལ་མགྱོགས་པོ་སྐྱོབ་རོགས་བྱོས།
ང་ཡིས་ཁབ་སྐུད་ཙམ་ཡང་བཟོ་མ་ཤེས།
ཁྱོད་ཀྱིས་རྩྭ་བཀྲག་ཙམ་བཟོ་མ་ཤེས།
ལག་རྩལ་ངོམ་ན་ཁྱད་པར་མི་འདུག་པས།
སྙིང་རྗེ་ང་ལ་ཟེར་དང་ཁྱོད་ལ་ཟེར།
ང་ལ་ཁབ་སྐུད་ཙམ་གྱི་འཇོན་སྟངས་མེད།
ཁྱོད་ལ་སྐྱེས་དམན་ཙམ་གྱི་འཇོན་སྟངས་མེད།
འཇོན་སྟངས་འགྲན་ན་ཁྱད་པར་མི་འདུག་པས།
སྙིང་རྗེ་ང་ལ་ཟེར་དང་ཁྱོད་ལ་ཟེར།
ང་ནི་རང་ཡུལ་ཤོར་བའི་འབངས་མི་ཞིག
ཁྱོད་ནི་རང་ཡུལ་བཙོང་མཁན་དཔོན་ངན་ཞིག
སྐྱབས་བཅོལ་ཡིན་ལ་ཁྱད་པ་མི་འདུག་པས།
སྙིང་རྗེ་ང་ལ་ཟེར་དང་ཁྱོད་ལ་ཟེར།
ཨོ་རེད་་་་རྩོམ་པ་པོ་རྒྱང་མོག་ལགས་ཁྱོད་རང་་་རང་ངོ་རང་གིས་ཤེས་མཁན་གྱི་སྐྱེ་བོ་ཞིག་རེད་འདུག་པས་དགའ་པོ་བྱུང་། ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་འདི་འདྲ་ཞིག་ལ་ཐུག་བཅུག་མཁན་ཁྱོད་ཀྱིས་གསུངས་པ་ལྟར་རེད་བསམས་ཀྱི་ཡོད། བོད་མི་རེ་རེ་ཡིན་ནའང་རྨོངས་གཉིད་ལས་སད་པའི་རེ་བ་བྱེད་བཞིན་ཡོད། ཇི་སྲིད་བོད་མི་རྣམས་ཆོས་ལུགས་པའི་ལྷ་སྒྲུང་གི་ཞིང་ཁམས་སུ་རྨོངས་གཉིད་ཁུག་ནས་བསྡད་པ་དེ་སྲིད་དུ་བོད་མི་རིགས་ལ་དངོས་ཡོད་འཚོ་བའི་བདེ་སྐྱིད་ཤིག་ཡོང་མི་སྲིད་པ་རེད་འདོད། དེར་བརྟེན་་་ང་ཚོ་ལ་རྟོག་སད་པ་མཁོ། ང་ཚོ་ལ་གསར་གཏོད་པ་དགོས། རྟོག་སད་པ་དང་གསར་གཏོད་པ་རྣམས་ནི་མི་རིགས་ཀྱི་ནོར་བུ་ཡིན་ལ་་་་ཡིད་བཞིན་གྱི་ནོར་བུ་ངོ་མ་དེ་ཡིན། དགོས་འདོད་ཀུན་འབྱུང་ངོ་མ་དེ་ཚོ་ཡིན།
ཕ་བརྡུང་མ་བརྡུང་གི་བླ་མེད་རྒྱང་མིག་ལོང་བ་དང་ཅོ་ཉི་ལ་འབུལ།
ཕྱི་སྟག་སེང་མ་ཐུབ་མཇུག་མ་བརླ་འོག་སྦས། ནང་སྤྱང་རྒོད་མ་ཐུབ་སྒལ་པ་ས་ལ་འདྲེད། སྐབས་ཤ་ཤུར་རེ་རེར་རང་མགོན་མ་ལ་རྨུག སྡུག་ཁྱི་སྤྱང་ཟེར་བའི་གཤིས་ཀ་འདི་རུ་གདའ། སྡུག་ཁྱི་སྤྱང་གསོས་པས་སྒོ་ཁྱིའི་ཕན་མི་ཐོགས། ཁྱོད་ཐུབ་ན་དགྲ་ལ་མཚོངས་ཤིག་ཕྱིར་མ་ཤོལ། མ་ཐུབ་དྲིན་ཅན་ཕ་མའི་སྙིང་ལ་རྨ་མ་ཕྱིན།
དགྲ་རྒྱ་དམར་མཐོང་ན་སྐྲག་ནས་ཤི་མཆོངས་བརྒྱབ། གཉེན་བོད་པ་མཐོང་ན་རྐུ་འཇག་རེས་འཇོག་བྱེད། སྐྱིད་ཐ་ཐོར་ཐོབ་ན་མགོན་སྐྱབས་ཕ་མར་རྡེག སྡུག་ཁྱི་ལས་ལོད་པའི་བོད་ཕྲུག་འདི་ན་གདའ། སྡུག་ཁྱི་སྤྱང་གསོས་པས་སྒོ་ཁྱིའི་ཕན་མི་ཐོགས། ཁྱོད་ཐུབ་ན་དགྲ་ལ་མཚོངས་ཤིག་ཕྱིར་མ་ཤོལ། མ་ཐུབ་དྲིན་ཅན་ཕ་མའི་སྙིང་ལ་རྨ་མ་ཕྱིན།
བྱམས་སྙིང་རྗེས་གསོས་པའི་བོད་ཕྲུག་རྣབ་ལུད་ཅན། མི་རིགས་གསོན་རྩ་ཟེར་བཞིན་བསྐྱངས་པའི་མིག་གི་བུ། ཀ་ཁ་མེས་པོའི་རིག་གཞུང་བསླབས་པའི་འབྲས། གྲི་ཕ་མར་རྡེག་པའི་རྫབ་ཆེན་ཀླ་ཀློའི་དཔུང་། ད་དགྲ་བོའི་གོ་མཚོན་ཨ་མའི་རྙིང་ལ་རྡེག བསམ་བཞིན་བསམས་ན་བདག་གཞན་སྐྱོ་བའི་གནས་ལགས། ཁྱོད་ཐུབ་ན་དགྲ་ལ་མཚོངས་ཤིག་ཕྱིར་མ་ཤོལ། མ་ཐུབ་དྲིན་ཅན་ཕ་མའི་སྙིང་ལ་རྨ་མ་བྱིན།
དེ་ཤེས་ན་མི་ལུས་བླངས་པའི་དོན་ཞིག་ཡོད། མ་ཤེས་དེ་ཚོའི་མཇུག་ལ་སྙེག་པའི་མི་ཚོགས། ཕྲལ་ཕུགས་རྒྱང་ཕྱི་ནང་བདེ་རྩའི་དོན། ནང་བོད་མི་མཐུན་སྒྲིལ་གཟབ་པར་འཚལ་ལོ། དགྲ་གཉེན་མ་ནོར་ད་ལྟའི་ཛ་དྲག་དུས་འདིར། ཐུབ་ན་དགྲ་ལ་ཁ་གཏད་ཅིག་ངེས་པར་དགོས་ཀྱི། མ་ཐུབ་ཉམས་ཆུང་བོད་མིའི་མགོ་ལ་མ་རྡེག་ཅིག
དྲ་གྲོགས་འགའ་ཕེབས་པར་དགའ་བསུ་ཞུ། ངས་བཤད་འདོད་པ་ནི་ཟོབ་བླ་སྟེ་ཟོག་རྫུན་རིགས་ཀྱི་བྱེད་སྟངས་ལ་སེམས་གཏིང་ནས་མ་དགའ་བ་དེ་ཡིན། ཇི་སྐད་དུ། “ཟོག་རྫུན་མཁས་པར་འཁྲུལ་བ་དེ།། ར་གན་གསེར་དུ་འཁྲུལ་བ་ཡིན།།” ཞེས་དང་། ཡང་། “ཆོས་ཟབ་མོ་མི་བྲིན་ཟང་ཟིང་བྲིན།” ཞེས་པ་དང་། “དམ་པ་མི་བྲིན་ཟོག་པོ་བྲིན་པའི་དུས།།” ཞེས་སོགས་ལྟར། ཟོབ་བླ་ཚོས་རང་རྒྱུད་ཀྱི་ཉོན་མོངས་སྣ་གཅིག་ཀྱང་མ་ཐུལ་བར། གཞན་ལ་བྱམས་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས། འདོད་ཆུང་ཆོག་ཤེས་སོགས་བཤད་ཁུལ་གྱིས་རང་དོན་སྒྲུབ་ཀྱིན་པ་དེས་དང་། དེ་ཡང་རྒྱུ་ནོར་ལོངས་སྤྱོད་དང་སྦྱིན་བདག་གི་ངོ་ལ་གཙོར་བལྟས་ཀྱིས་མིག་མདུན་དུ་ལྷགས་པའི་བོད་ཀྱི་སྲིད་དོན་གྱི་གནས་བབ་དང་། བོད་རང་གི་སྐད་ཡིག་གཙོར་གྱུར་གྱི་རིག་གཞུང་དར་སྤེལ་སོགས་ཐད་བསམ་བརྗོད་ཅི་ཡང་མི་བྱེད་པ་དེས་ཡིན།
ཡང་། ཟོབ་བླ་རིགས་གཅིག་ནི་རང་ཉིད་ཆོས་དྲེད་དུ་སོང་བཞིན་དུ་ཡང་། ཆོས་ལ་དབང་ཟ་ཁམ་པོ་ཆེའི་དབང་གིས་ཆོས་སྨྱོ་ཐེབས་པ་ལྟར་གྱི་ལས་གཅིག་བུ་ལ་ཨུ་ཚུགས་ཀྱིས་འཇུག་པ་དེས་ཀྱང་ཡིན།
གཞན་བོད་བརྒྱུད་ནང་ཆོས་ལ་རླབས་ཆེན་གྱི་བྱས་རྗེས་དང་ལེགས་ཆ་མི་འདུག་ཟེར་བ་ཡང་གཏན་ནས་མིན་ཏེ། ཆོས་རང་ངོས་ཀྱི་ལེགས་ཆ་དང་བྱས་རྗེས་ནི་བརྗོད་ཀྱིས་མི་ལང་། ཡིན་ན་ཡང་། བོད་ཀྱི་ཆོས་བྱེད་མི་སྣ་ཚོས་ཆོས་ཀྱི་གོ་གནས་ཀྱི་ཆེད་དུ་ཆོས་དོན་དེ་ཆོས་སར་མ་བཞག་པར། རང་དང་འགལ་བ་ལྟག་སྤྲོད་དུ་ཡོད་པའི་སྲིད་དོན་གྱི་ནང་དུ་བཙན་ཐབས་ཀྱིས་འདྲེས་བསྲེས་བྱས་ནས་ཆོས་ཀྱི་ཤུགས་རྐྱེན་དང་གོ་གནས་དེ་བོད་ཀྱི་ཨང་དང་པོར་སླེབས་བཅུག་པས་བརྗོད་ཀྱི་ཡོད།
ཐུབ་པ་འགོར་བཞུགས་རྒྱུ་འབྲས་དཔང་དུ་གཞུག
མུག་ཤི་མེ་མདའ་དགྱ་ཁྱིས་རྟག་ཏུ་གཙེས།
དད་དུངས་སེམས་ནི་གང་གིས་མི་བསླུ་བའི།
སྡུག་ཐེག་དགའ་ལྡན་གནའ་མི་ཕྱག་གི་ཡུལ།
དྲིན་ཅན་དགྱ་ཡིས་དགོན་སྡེ་གཤིག་རྗེས་སུ།
ནུས་མེད་འདྲེ་རྣམས་ཅོ་རིར་བརྫུས་ན་ཡང་།
ཁྱི་རྔ་གུག་གུག་མའོ་ལ་བྱེད་ལུགས་འདིས།
སྲོག་ལས་ཆོས་གཅེས་བོད་མི་སྙིང་ནས་དྲན།
མི་ཟོབ་མིག་ཐུང་རྒྱང་མིག་སྐད་བྱས་ཚེ།
བླ་གཟོབ་འདྲེ་མཆོད་དགྱ་ཁྱི་ང་བླ་མས།
གངས་ཅན་བླ་མའི་འདྲ་གཟོབ་བགྱིས་པའི་ཚུལ།
དད་ལྡན་བོད་མའི་ཡིད་ལ་ཅིའི་མི་འཁོར།
བློ་སྟོབས་མཐའ་མེད་བོད་ཀྱི་བདེན་པ་ནི།
སྒོར་མོ་མེད་ན་བོད་སེམས་འདོར་ངེས་པའི།
ལུས་ནང་ཁྱི་སེམས་གནས་པས་དཔོགས་དཀའ་ན།
རང་སེམས་མེད་པས་རང་བཙན་ག་ལ་འོངས།
རིག་གནས་རང་སོར་གནས་པ་རང་བཙན་མཆོག
རིག་གནས་བརྗེ་བ་ཐམས་ཅད་བྲན་གཡོག་ཉིད།
བོད་རྣམས་དགའ་བའི་དངོས་པོ་ཤོར་བ་ན།
འགྱིག་གི་བུད་མེད་སྤྲད་ཀྱང་མེ་དཔུང་མཐོང་།
རང་དཔེ་གཞན་ལ་བཞག་པའི་སྡུག་སྐད་དང་།།
འཇོན་པ་སྣ་གཅིག་མེད་པའི་ཁ་ཕོ་ནི།
བོད་འདིའི་འདི་ཕྱི་གང་ལ་མི་ཕན་པས།།
སྙིང་རྗེ་ཅོ་རི་སྐུ་རླུང་མ་བཞེང་ཨ།།
ཁྱེད་དང་ང་གཉིར་འདྲ་སའི་ཆ་མ་ཡོད།
ཁྱོད་ནི་ཡིན་མིན་སྔོག་པའི་གྱོད་འདྲེ་ཞིག།
ང་ནི་ཅི་ཡང་མི་འཇོན་དྲ་འབུ་ཞིག།
ང་ལ་བལྟས་ན་ཁྱོད་ནི་རྒྱལ་ཚོད་རེད།
ཁྱེད་དང་ང་ལ་བསྡུར་སའི་ཆ་མ་ཡོད།
གྲོས་བསྡུར་དགོས་བ་འབྱེད་པའི་བློ་མེད་པར།།
ཕ་རོ་མ་རོ་ཟེར་ནིའི་མཆོང་མཁན་ཞིག།
ང་ལས་ཁྱོད་ནི་དག་ཙམ་དཔའ་ཚོད་རེད།
ཁྱེད་དང་ང་གཉིར་མི་མཐུན་ཁ་ཕྱོགས་མང་།
རང་གི་ཕྱོགས་ལ་མི་རོགས་སྡང་དགྲ་ཆེ།།
དགྱ་མི་དགྲ་ལ་མི་སྐྲག་ངན་མི་སྨྲོ།
ང་ལ་བལྟས་ན་ཁྱེད་ནི་སྤྱང་ཚོད་རེད།
ང་ཡིས་ཤེས་བའི་ཅོ་རི་ཅོར་མགོ་ཁྱོད།
བདེན་འདོད་བརྩད་ནས་དཔོན་པོ་ཕམ་ནི་ཞིག།
རྙོག་སྒྲ་གླེང་ནས་གོང་འོག་དཀྲུག་ནི་ཞིག།
སྐྱག་ལག་གསེར་ལ་ཤན་འདོད་མེད་ནི་ཞིག།
ཧ་ཧ་ཧ།
ཕྱོགས་ཞེན་རྫོབ་དྲིས་རང་རྒྱུད་ཡོངས་སུ་གོས།།
རྨོངས་དད་ཚོན་གྱིས་མིག་དབང་ལྷད་བྱས་པའི།།
སྐྱེ་བོའི་རིགས་ལ་གནས་ལུགས་ཅུང་བརྗོད་ཀྱང་།།
འབྲེལ་མེད་དཔེ་འགབ་གཞན་གྱིས་ཞེ་འཁོན་བྱེད།།
ཕ་ཝང་མཁའ་ལྡིང་དབང་པོར་དྲིལ་སྒྲོག་ལྟར།།
དུག་གསུམ་ཆང་གིས་ཡོངས་མྱོས་སྐྱེས་བུ་ལ།།
རྒྱལ་དང་རྒྱལ་སྲས་སྤྲུལ་སྐུའི་མིང་འདོགས་ཚེ།།
རྒྱུ་དང་འབྲས་བུའི་རྣམ་གཞག་ངེས་པར་རྫུན།།
ཀྱེ་མ་མའོ་ཡི་སྨྱུ་གུ་ཁྱི་མོར་སྤྲུལ་བ་ན།
ཁྱི་ཕྲུག་ལུ་གུ་རྒྱུད་བཞིན་རྟག་ཏུ་འཕེལ།
ཕུག་ཕུག་མུག་མུག་སྐད་ཀྱིས་བོད་ཁམས་དགང་།
རྐུན་རྒྱལ་རྒྱང་ནས་མཐོང་བ་ངལ་བའི་རྒྱུ།
བཟང་ངན་གང་ལ་སྲེད་པ་སྲིད་པའི་འགྲོར།
སྐྱོན་ཡོན་སྤུ་རིས་འབྱེད་བྱེད་རིག་པའི་གྲི།
བརྡར་མེད་ཤུགས་མེད་ཤུགས་ཀྱིས་གཡུགས་པ་ཡིས།
མ་ཕ་གསོད་ཕ་གསོད་མིག་རྒྱང་ཅི་ལྟར་རིང་།
མི་གསོབ་རྒྱང་མིག་ཅན་གྱི་གླེང་བ་ཡི།
བླ་ཟོབ་དེ་ནི་ད་ལྟར་གར་གནས་སམ།
གསལ་ཁ་མེད་པར་རྒྱང་མཇལ་ཞུས་སམ་ཅི།
ཁྱི་ཕྲུག་ངུ་འབོད་འདྲེ་ཡིས་མགྲམ་ལྕགས་སོ།
སྐབས་དོན་བརྒལ་བརྟག་མེད་པར་ཚིག་རྩུབ་དང་།།
ངག་འཆལ་སྣ་ཚོགས་སྨྲ་བའི་གཟུ་ལམ་ཅན།།
གུ་དོག་ཟོག་པོའི་རང་གནོང་ཕྱིར་བསྟན་ལས།།
གཞན་དུ་མེད་ཕྱིར་དྲན་དཀར་གང་དགྱེས་འཚལ།།
སྐབས་དོན་བརྒལ་བརྟག་གཅིག་ཤེས་ཀུན་གྲོལ་འདི་རུ་ཡོད་དེ།
ཁྱོད་ཀྱི་སྐྱོན་དེ་བྱེ་བྲག་ལ་འཇུག་གི་ཀུན་ལ་མི་འཇུག བྱེ་བྲག་སྐྱོན་ཅན་ནི་ཐམས་བཅད་ལ་ཁྱབ། ཁྱོད་ཀྱི་སྐྱོན་དེ་དག་ཁྱོད་ལ་ཡང་བཞུགས་ཡོད་དོ། ཆོས་པར་སྐྱོན་ཡོད་དེ་དགེ་མཚན་ཡང་ཡོད་དོ། ཁྱོད་ཀྱི་རིག་པ་ལྟར་ན། ཐམས་ཅད་བརྒྱ་ཁ་གཅིག་གཅོད་ལམ་དུ་བགྲོད་རྒྱུ་རེད། དེ་ལྟར་ཡིན་ན། ཆོས་པ་ཐམས་ཅད་ཡང་དག་ཡིན་པའི་ཕྱིར། ཆོས་ཡང་དག་ཡིན་ཟེར་ན། ཁྱོད་ལ་དེ་ཁྱབ་པ་ཐལ། ཁྱོད་ཀྱིས་ཀྱང་སྐྱོན་ཡིན་ན་ཐམས་ཅད་སྐྱོན་ཡིན་པར་འདོད་དོ། རྟག་མ་གྲུབ་ན། མཛུབ་མོ་དཀྱིལ་དེ་སྒྲེང་ཡོད། དེ་མ་ཤེས་ན། middle finger བསྟན་ཟེར་རོ།
མཛོ་མོས་དཀྱིལ་མཛུབ་བསྟན་ས་མ་ནོར་རོ།