བྲེ་ནག
གཟའ་འཁོར་འདིའི་ནང་ང་ལ་རྨི་ལམ་གཅིག་ཡང་ནས་བསྐྱར་དུ་ཐེངས་མང་པོ་ཞིག་རྨིས་བྱུང་། སྤྱིར་བཏང་རྨི་ལམ་ནི་རྨི་ལམ་ཙམ་ཡིན་པས་ཡ་མཚན་དང་མཚར་སྣང་སྐྱེས་རྒྱུ་ཞིག་གང་ཡང་མེད་ཀྱང་། ད་ཐེངས་ཀྱི་རྨི་ལམ་འདི་ནི་ཕལ་ཆེར་ལོ་ངོ་ཉི་ཤུའི་ཡར་སྔོན་དང་འབྲེལ་བའི་ལྐོག་གྱུར་གྱི་རྨི་ལམ་ཡ་མཚན་ཅན་ཞིག་རེད།
དེ་ཡང་ང་རང་ལོ་ན་བཅུ་གྲངས་ལ་ལོན་པའི་བསམ་མེད་ཀྱི་བྱིས་པ་ཆུང་ཆུང་ཞིག་ཡིན་སྐབས། ང་ཚོའི་སྡེ་བའི་ནང་དུ་ཨ་མྱེས་གུང་ཀུག་ཟེར་བ་ཞིག་ཡོད། ཨ་མྱེས་གུང་ཀུག་ཟེར་བ་ཡང་ང་ཚོས་ཁོང་ལ་གུས་མིང་དུ་འབོད་པ་ལས་ཁོང་གི་དངོས་མིང་ཕལ་ཆེར་མིན་པ་འདྲ། གང་ལྟར་ཀྱང་། དེ་དུས་ང་ད་དུང་བྱིས་པ་ཞིག་ཡིན་པ་དང་། ཁོང་ཡང་རྒྱུན་ཏུ་ང་ཚོའི་སྡེ་བ་རུ་མ་བསྡོད་པར། ང་ཚོའི་སྡེ་བ་ནས་སྤྱི་ལེ་ལྔ་ཙམ་ཆད་པའི་རི་ངོས་ཤིག་ན་ཆོས་སྒར་བསྟི་ཟེར་བའི་བཙུན་དགོན་གྱི་དབེན་གནས་ཤིག་ཡོད་པ་དེ་རུ་སོང་ནས། མ་ཎི་སོགས་བསགས་བསྒྲུབས་བྱས་ཏེ་དགེ་སྦྱོར་གྱི་ལས་ལ་འབད་ཐབས་བྱས་ནས་སྡོད་ཡོད་པས། ངེད་གཉིས་ཀྱི་དབར་ལ་འབྲེལ་འདྲིས་དེ་ཙམ་བྱུང་མེད་ལ་བག་ཆགས་ཀྱང་གསལ་བོ་གང་ཡང་མེད་མོད། འོན་ཀྱང་། སྐབས་རེར་ཁོང་ནང་དུ་ལྟ་སྐོར་དུ་སླེབས་པ་དང་ཡང་ན་བྲོ་ཁ་ལེན་པར་ཡོང་སྐབས། ཁོས་རས་ཚལ་སེར་པའི་ཞྭ་མོ་ཞིག་གོན་ཡོད་པ་དང་ལུས་གཟུགས་ཅུང་ཙམ་རིང་པོ་ཞིག་ཡིན་པ་ད་ལྟ་ངའི་དྲན་འཛིན་གྱི་ངོགས་སུ་རབ་རིབ་མག་མོག་ཙམ་ཞིག་འཆར་གྱི་འདུག དེ་ལས་ཕུད་པའི་ཁོང་གང་ནས་ཡིན་པ་དང་ཇི་ལྟར་ང་ཚོའི་སྡེ་བ་རུ་གཞིས་ཆགས་པ། མ་ཟད་ཁོང་ང་ཚོའི་སྡེ་བའི་མི་རབས་ཅི་ཙམ་གྱི་མི་ཡིན་པ་དང་། ཁོས་དེ་སྔར་ལས་དགེ་སྡིག་གང་ཞིག་བྱས་མྱོང་བ་སོགས་ཁོང་གི་མི་ཚེའི་ལོ་རྒྱུས་ངས་གཏན་ནས་མི་ཤེས་ལ། ད་ལྟ་ངས་མཐའ་ན་ཁོང་གི་ངོ་གདོང་ཡང་གསལ་པོ་ཞིག་དྲན་གི་མི་འདུག དེ་བས་ཁོང་ནི་ང་ལ་མཚོན་ན་ཆ་རྒྱུས་གཏན་ནས་མེད་པའི་མི་ཞིག་ཡིན་ཟེར་ནའང་མི་ཆོག་པ་མེད་སྙམ།
ཡིན་ནའང་། དེ་དུས་ང་ཚོའི་ཁྱིམ་བརྒྱུད་དབར་ལ་འཆམ་མཐུན་གྱི་འབྲེལ་འདྲིས་བཟང་པོ་ཞིག་འདུག འབྲེལ་འདྲིས་དེ་ཇི་ཙམ་གྱི་སྔོན་ནས་འགོ་བརྩམས་པ་དང་ཇི་ལྟར་འགོ་བརྩམས་མིན་ངས་མི་ཤེས་ཀྱང་། ང་ལོ་ན་བདུན་བརྒྱད་ཙམ་སོན་ནས་ཅུང་ཙམ་ཆེ་རུ་ཆགས་དུས། ངའི་ཨ་མ་མཚམས་རེར་ཁོང་ཚང་དུ་ཁ་ཏ་བྱེད་པའམ་ཇ་འཐུང་བར་འགྲོ་གིན་འདུག་ལ། ཁོང་གི་བུ་མོ་ཟླ་བ་ལྷ་མོ་ཟེར་བ་ཞེས་ཡོད་པ་དེ་ཡང་སྐབས་རེར་ང་ཚོའི་ཁྱིམ་དུ་ཁ་ཏ་བྱེད་པའམ་ཇ་འཐུང་བར་ཡོང་གི་འདུག མ་ཟད་ཁོང་ལ་ང་དང་ལོ་མཉམ་ཡིན་པའི་ཚ་བོ་བསྟན་འཛིན་ཤེས་རབ་ཟེར་བ་ཞིག་ཡོད་པ་ངེད་གཉིས་ལྷད་མེད་དྭངས་གཙང་གི་བྱིས་དུས་ཀྱི་རྩེད་གྲོགས་སུ་གྱུར་བས། ང་ཡང་ཁོང་ཚང་དུ་འགྲོ་བ་ནི་བགྲངས་ལས་འདས་ཤིང་། ཁོང་ཚང་གི་ཕུགས་ཀྱི་མཛོད་ཁང་ནས་ཁང་འོག་གི་རྟ་ར་བར་དུ་ནི། ང་དང་ཁོང་གི་ཚ་བོ་བསྟན་འཛིན་ཤེས་རབ་ཀྱི་འཕག་མཆོངས་ལྡིང་གསུམ་དང་གབ་བཙལ་བྲོས་གསུམ་གྱིས་བྱིས་དུས་ཀྱི་སྐར་ཆ་རེ་རེ་དང་ཉིན་མོ་རེ་རེ་བཞིན་དགའ་སྤྲོའི་ངང་ནས་སྐྱེལ་བསུ་བྱེད་སའི་རྩེད་ར་ཡིན་པས། ནམ་ཞིག་ནས་ངས་ཀྱང་ཁོང་ཚང་གི་མཛོད་ཁང་ནས་རྟ་རའི་བར་གྱི་སྒོ་དང་སྒེའུ་ཁུང་ཚང་མ་བརྟོལ་བ་མ་ཟད། མཐའ་ན་གྲུ་ཁུག་རེ་རེའི་གསང་བ་ཡོངས་རྫོགས་ཀྱང་རྟོགས། ཡིན་ནའང་། ཨ་མྱེས་གུང་ཀུག་ནི་ད་དུང་ཡང་གསང་བ་ཞིག་ཡིན་སྟེ། སྡེ་མི་རྒན་རབས་པ་ཚོའི་ཞལ་ནས་ཁོང་གི་མིང་དེ་རྣ་བར་ཐོས་པ་ཙམ་ལས་ཁོང་ནི་མིག་གིས་མཐོང་ས་གཏན་ནས་མེད།
འོན་ཀྱང་། ཉི་མ་ནུབ་ནས་མུན་རིབ་པའི་དགོང་མོ་ཞིག་ལ། ཨ་མྱེས་གུང་ཀུག་གྲོངས་ཚར་འདུག་ཟེར་བའི་རྣ་བར་གཟེར་ཞིང་སྙིང་ལ་ཟུག་པའི་གཏམ་ངན་ཞིག་གོ་བ་དང་། ཨ་མྱེས་ཚང་གི་བུ་མོ་དང་ཚ་མོ་སོགས་ནང་མི་ཚང་མས་ཆོ་ངེ་འདོན་ཏེ་སེམས་སྡུག་ཆེན་པོས་ངུས་པས། དུ་ཚང་སུམ་ཅུ་ལྷག་ཡོད་པའི་ང་ཚོའི་གྲོང་སྡེའི་དགོང་མོའི་ལྷིང་འཇགས་ཡོངས་རྫོགས་གཏིང་ནས་དཀྲོགས་ཤིང་། ང་དང་བྱིས་པ་ཚོ་བྲེལ་བྲེལ་འཚུབ་འཚུབ་དང་འཚང་ཁ་ཤིག་ཤིག་གིས་ཁོང་ཚང་གི་སྒོ་ཁ་རུ་འཛོམས་ཏེ། སྐྲག་སྣང་དང་མཚར་སྣང་བཅས་ཀྱིས་ཨ་མྱེས་གུང་ཀུག་དང་ཁོང་ཚང་ལ་དོན་དུ་ཅི་ཞིག་བྱུང་པ་ཡིན་ནམ་སྙན་ཏེ་ཡ་མཚན་སྐྱེས་ནས་སྡོད་སྐབས། གྲོང་པའི་སྐྱེས་པ་བཅུ་གྲངས་ཤིག་གིས་ཨ་མྱེས་གུང་ཀུག་གི་ཕུང་པོ་རེད་ཟེར་ནས། རས་ལ་ནག་པོ་ལྟ་བུ་ཞིག་གིས་བཀབ་པའི་ཕུང་པོ་ཞིག་ལྕམ་ཤིང་གཉིས་གི་སྟེང་དུ་བཞག་ཏེ་ཕྲག་ཐོག་ཏུ་ཁུར་ནས་སླེབས་བྱུང་། ང་དང་བྱིས་པ་ཚོ་མདུན་དུ་བཅར་མ་ནུས་པར་ལམ་འགྲམ་ནས་བལྟས་ཏེ་སྡོད། སྐྱོ་སྡུག་གིས་ཆོ་ངེ་འདོན་པའི་ངུ་འབོད་དང་མིག་ཆུའི་ཁྲོད་དུ་ཨ་མྱེས་གུང་ཀུག་གི་ཕུང་པོ་དེ་ནག་རིལ་རིལ་དུ་ཁོང་ཚང་གི་ཁང་སྦུག་དུ་འཁྱེར་ནས་ཆས་སོང་། དེ་ནི་ངས་ཨ་མྱེས་གུང་ཀུག་མཐོང་བའི་ཆེས་མཐའ་མའི་གོ་སྐབས་དེ་ཡིན་འདུག་ཀྱང་། རས་ལ་ནག་པོ་དེའི་རྐྱེན་གྱིས་ངས་ཨ་མྱེས་གུང་ཀུག་གི་ངོ་གདོང་དང་ལུས་གཟུགས་སོགས་གང་ཡང་མཐོང་མ་བྱུང་། ཡིན་ན་ཡང་། དེ་ནི་ཨ་མྱེས་གུང་ཀུག་གིས་ང་ལ་བཞག་པའི་ཆེས་ཟབ་ཤོས་ཀྱི་བག་ཆགས་ཡིན་ཟེར་ནའང་མི་ཆོག་པ་མེད་དེ། ཕྱིས་སུ་སུ་ཡིས་ཨ་མྱེས་གུང་ཀུག་ཞེས་ཟེར་བ་དང་ངའི་སྣང་ངོར་འཆར་བ་ནི་རས་ལ་ནག་པོ་ཞིག་གིས་བཀབ་ནས་ལྕམ་ཤིང་གཉིས་ཀྱི་སྟེང་དུ་བཞག་ཡོད་པའི་ཕུང་པོ་དེ་ཡིན་ལ། དེ་ནས་བཟུང་ཨ་མྱེས་གུང་ཀུག་ནི་ངས་ནམ་ཡང་བརྟོལ་མི་ཐུབ་པའི་གསང་བ་ཞིག་ཏུ་གྱུར།
དེ་ནས་ང་ཁོང་ཚང་དུ་འགྲོ་བ་ཉུང་ནས་ཉུང་དུ་སོང་ཞིང་། ང་ཁོང་ཚང་དུ་འགྲོ་སྐབས་སུའང་རྩེད་དགར་ལ་རོལ་བའི་སྔར་གྱི་བདེ་སྣང་དང་སྐྱིད་སྣང་དེ་མེད་པར། དེ་ལས་ལྡོག་ཏེ་ཁོང་ཚང་གི་སྒོ་དང་སྒེའུ་ཁུང་ངམ་ཡང་ན་གྲུ་ཁུག་གང་ཞིག་ནས་ཨ་མྱེས་གུང་ཀུག་གིས་ང་ལ་བལྟས་ནས་སྡོད་ཡོད་པའི་དོགས་ཟོན་གྱི་ཚོར་སྣང་ཞིག་གིས་སེམས་པ་གཏན་ནས་བདེ་རུ་མི་བཅུག དེ་ལྟར་ང་དང་ཁོང་ཚང་གི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་ཞིང་། ང་ཁོང་ཚང་ལས་རྒྱང་རིང་ནས་རྒྱང་རིང་དུ་གྱེས། བར་སྐབས་ཤིག་ནས་ངས་ཁོང་ཚང་གི་ཁང་ཁྱིམ་དེའི་ཁ་མདོག་ཀྱང་ཡལ་བཞིན་པ་ཚོར་ཏེ། མཚམས་རེར་ང་སྟེས་དབང་གིས་ཁོང་ཚང་གི་སྒོ་ཁར་ལྷུང་དུས་སྐྱི་གཡའ་བའི་ཚོར་སྣང་སྐྱུར་མོ་ཞིག་ལུས་ཀྱི་སྟོད་སྨད་བར་གསུམ་དུ་རྒྱུ་འོང་།
དེའི་རྗེས་ང་ཡང་རིམ་གྱིས་ཆེ་རུ་སྐྱེས་ཤིང་སློབ་གཉེར་གྱི་དོན་དུ་སྡེ་བའི་ཕྱི་ཕྱོགས་སུ་བསྐྱོད་ནས། གཟའ་མཇུག་དང་གུང་གསེང་གི་སྐབས་སུ་མ་གཏོགས་ནང་དུ་མི་བསྡོད་པས། ལོ་ཟླའི་འཁོར་བསྐྱོད་ཀྱི་ཁྲོད་ནས་བྱིས་དུས་ཀྱི་འཚོ་བ་རོལ་སའི་གྲོང་སྡེ་དང་། གྲོང་སྡེ་དང་འབྲེལ་བའི་གཏམ་རྒྱུད་དག་ཆར་རྗེས་ཀྱི་འཇའ་ཚོན་བཞིན་རིམ་གྱིས་བརྗེད་པ་དང། ཨ་མྱེས་གུང་ཀུག་གྲོངས་རྗེས་ཨ་མྱེས་གུང་ཀུག་ཚང་ལའང་སྐྱིད་སྡུག་དང་དར་རྒུད་སྣ་ཚོགས་ཀྱི་འཕོ་འགྱུར་ཐེབས་ཏེ། དང་པོ་མག་པ་དང་བུ་མོ་གཉིས་ང་ཚོའི་སྡེ་བ་ལས་བྲལ་ཏེ་སྡེ་བ་གཞན་ཞིག་ཏུ་སྤོས་པ་དང་། དེ་ནས་བུ་ཡིས་མནའ་མ་ཞིག་བསུས་ཞིང་། ཁོང་གཉིས་ཀྱང་རྒྱུ་མཚན་ཞིག་གི་དབང་གིས་གྲོང་སྡེ་གཞན་ཞིག་ཏུ་སྤོས་ནས་སོང་བས། མཐར་མཇུག་ཁོང་ཚང་གི་གཞིས་ཁྱིམ་ནི་ཁང་ཧྲུལ་ཞིག་ཏུ་གྱུར་ཞིང་། ཁང་ཧྲུལ་དེ་ཡང་གྲོང་མི་ཞིག་གིས་ཉོས་ཏེ་རྨང་ནས་བཤིགས་ཏེ་ཁོ་རང་གི་ཞིང་ཁ་ཞིག་ཏུ་བསྒྱུར། དེ་ནས་བཟུང་ང་ཚོའི་སྡེ་བའི་ནང་ཨ་མྱེས་གུང་ཀུག་དང་ཁོང་ཚང་གི་སྐོར་གླེང་མཁན་དང་བསམ་གཞིག་བྱེད་མཁན་མེད་ལ། དེ་ནས་བཟུང་ང་ཚོའི་སྡེ་བ་རུ་ཨ་མྱེས་གུང་ཀུག་དང་ཁོང་ཚང་གི་རྗེས་ཤུལ་ཕྲ་མོ་ཙམ་ཡང་མཐོང་ཐོས་སུ་མེད་པར་གྱུར་པས། ཨ་མྱེས་གུང་ཀུག་གིས་ང་ལ་བཞག་པའི་བརྗེད་པར་དཀའ་བའི་ལྐོག་གྱུར་གྱི་གསང་བ་དེ་ཡང་རིམ་བཞིན་ངའི་བློ་ངོགས་ནས་ཡལ་ཏེ་ཕལ་ཆེར་གཏིང་བརྗེད་དུ་སོང་ནས། ལོ་ངོ་འདི་དག་གི་རིང་ལ་ངས་ཀྱང་ཨ་མྱེས་གུང་ཀུག་དང་ཁོང་ཚང་གི་སྐོར་ལ་གཏན་ནས་བསམ་གཞིག་བྱས་མ་མྱོང་ལ། ཨ་མྱེས་གུང་ཀུག་དང་ཁོང་ཚང་གི་སྐོར་ལ་གཏན་ནས་གླེང་ཡང་མ་མྱོང་།
ཡིན་ན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ། ཨ་མྱེས་གུག་ཀུག་གྲོངས་ནས་མི་ལོ་ཉི་ཤུ་ལྷག་ཙམ་འདས་ཟིན་རྗེས། གློ་བུར་དུ། རབ་རིབ་དང་མག་མོག་གི་ཡོལ་རས་ཤིག་གིས་བསྒྲིབས་ཤིང་སྔ་ཕྱི་མགོ་འཇུག་ལྡོག་པར། ཆ་མ་ཚང་བའི་ཡ་མཚན་ལྐོག་གྱུར་ཅན་གྱི་རྨི་ལམ་ཞིག་གིས་ཡང་ནས་བསྐྱར་དུ་ང་ལ་སླར་ཡང་འདི་ལྟར་དྲན་གསོ་བཏང་བྱུང་། ང་ཡང་བསྐྱར་ལོ་ངོ་ཉི་ཤུའི་ཡར་སྔོན་དུ་ལོག་པ་དང་། ང་ཚོའི་གྲོང་སྡེའི་བཀོད་པ་དང་འཚོ་བ་ཡང་ལོ་ངོ་ཉི་ཤུའི་ཡར་སྔོན་དུ་གང་ཡིན་པ་དེ་རེད་འདུག་པ་མ་ཟད། ད་དུང་ཨ་མྱེས་གུང་ཀུག་ཚང་གི་ཁང་ཁྱིམ་ཡང་སྔར་བཞིན་པད་མ་དང་བབས་ཤིང་། སྒོ་དང་སྒེའུ་ཁུང་དག་གི་ཚོན་མདོག་ཅུང་ཙམ་ཡལ་ཞིང་། ཆར་རླུང་གིས་ཟད་པའི་གྱང་ངོས་དང་རྩིག་པ་རྣམས་སྐྱ་ལྷམ་ལྷམ་དུ་གྲོང་ཟུར་ན་གནས་འདུག དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞི་བོ་གང་ལའང་མ་གཏོགས་ཤིང་། ཉིན་དང་མཚན་གང་ཡང་མ་ཡིན་པའི་ངེས་མེད་ཀྱི་དུས་ཤིག་ལ། ཅི་ཞིག་གི་འཁོན་ལན་ལོག་པའི་ཆེད་དུ་ང་དང་ངའི་གྲོགས་པོ་བློ་བཟང་ངེད་གཉིས་ཁོང་ཚང་གི་སྒོ་ཁར་སླེབས་དུས། ཨ་མྱེས་གུང་ཀུག་གིས་རས་ཚལ་སེར་པོའི་ཞྭ་མོ་དེ་གོན་ཏེ་ཁོང་ཚང་གི་ཁྱམས་རྭ་ནས་མར་ངེད་གཉིས་ལ་བལྟས་ཏེ་སྡོད་འདུག ངེད་གཉིས་ཀྱིས་དཔུང་པ་བརྫེས་བརྫེས་བྱས་ཏེ་ཁོང་ལ་མར་ཐོན་ཤོག་ཟེར་ནས་ཇི་ཙམ་ངར་སྐད་བརྒྱབ་ཀྱང་། ཁོང་ནི་ད་དུང་ཡང་འགུལ་ཙམ་མ་བྱས་པར་ཁྱམས་རྭ་ནས་ངེད་གཉིས་ཀྱིས་ཅི་བྱེད་ལ་བལྟས་ནས་བསྡོད་དེ་གང་ཡང་མི་སྨྲ། དེ་ནས་ངེད་གཉིས་ཀྱིས་ཁོང་ཚང་གི་ཤིང་སྒོར་དེ་རྡོ་དང་རྐང་པས་བརྒྱབ་ནས་གཏོར་ཏེ་ནང་དུ་འཛུལ་ནས། ངས་ཁོང་གཉའ་ཁུག་ནས་བཟུང་ཏེ་ཁོང་ཚང་གི་ཉེ་འགྲམ་དུ་ཞིང་ཡན་ཞིག་ཡོད་པ་དེའི་ཕྱོགས་སུ་བཙན་ཁྲིད་བྱེད་སྐབས། ཁོས་ད་དུང་གང་ཡང་མི་སྨྲ་ཡང་ཤུགས་ཡོད་ཚད་བཏོན་ནས་ཕྱིར་ནུད་བྱས། ཡིན་ནའང་། ངས་ཁོང་ཞིང་ཡན་དེའི་གད་ཁ་ཞིག་ཏུ་བཙན་ཁྲིད་བྱས་ནས། སྤུས་མོ་གཉིས་ས་རུ་བཙུགས་བཅུག་ཞིང་ལག་པ་གཉིས་རྒྱབ་ཏུ་བཅིངས་ཏེ་བཞག་དུས། བསམ་ཡུལ་ལས་འདས་པ་ཞིག་ལ། གློ་བུར་དུ་ངའི་གྲོགས་པོ་བློ་བཟང་གིས་བློ་གྲི་ཞིག་གིས་ཁོང་གི་སྙིང་ཁར་ཐེངས་གཉིས་གསུམ་ཙམ་བསྣུན་པས། ཁོང་དེར་འགྱེལ་སོང་། ཁོང་དེར་སླར་ཡང་གྲོངས་སོང་། ཁོང་དེ་ནས་སླར་ཡང་མཐོང་ཐོས་མེད་པར་གྱུར་སོང་། ཡིན་ནའང་། ང་ནི་དངངས་སྐྲག་གིས་ཁེངས་ནས་འདུག ངས་ཁོང་གི་ངོ་གདོང་དེ་ད་དུང་ཡང་མཐོང་མ་བྱུང་། དེ་བས་ཁོང་ནི་ད་དུང་ཡང་ང་ལ་ལྐོག་གྱུར་གྱི་གསང་བ་ཞིག་ཡིན་པ་མ་ཟད། མི་ལོ་ཉི་ཤུའི་ལྷག་ཡར་སྔོན་གྱི་ཁོང་དང་འབྲེལ་བའི་དེ་རིང་གི་ཆ་མ་ཚང་བའི་རྨི་ལམ་འདི་ནི། ཁོང་གིས་ང་ལ་ཤུལ་དུ་བཞག་པའི་ཆེས་ལྐོག་གྱུར་གྱི་གསང་བ་ཞིག་ཡིན།
ང་ལ་ཡང་བྱིས་པ་ཆུང་གི་སྐབས་སུ་རྨི་ལམ་གསལ་པོ་ལན་མང་དུ་མཐོང་། ལན་ཅིག་བདག་གི་དྲཻན་ཅན་ཨ་མ་གྲོངས་པའི་ཆོ་ག་སོགས་བྱེད་པར་རྨིས། ཕལ་ཆེར་བདག་རང་ལོ་བཅུ་གཉིས་བཅུ་གསུམ་ཙམ་ཡིན་ངེས། དགོན་པ་ནས་ཉིན་ཞག་བདུན་གཅིག་དགུང་གསེང་ལ་ཕྱིན་སྐབས་སུ། ཁྱིམ་ནས་རྒྱང་གྲག་གཉིས་ཙམ་ཐག་རིང་ན། སྤུན་མཆེད་རྒན་པ་དང་ཕྲད་པ་ན། ཁོང་ལ་སེམས་ཁྲལ་གང་ཡང་མེད་པས། བདག་གི་དྲིན་ཅན་མ་འདས་གྲོངས་མེད་པས་ཡིད་ལ་དགའ་བ་བྱུང་བ་ད་ལྟ་ཡང་དྲན་པ་ཡོད། ལོ་ངོ་ཉི་ཤུ་སྔོན་དུ་བདག་གི་རྨི་ལམ་མཐོང་བ་རྣམས་ཨ་རི་སེམས་ཀྱི་སྨན་པ་འཕེལ་ལེགས་ཀྱིས་དོ་སྣང་ཆེན་པོས་ཡི་གེར་བཀོད་པ་ལ་དཔགས་ན། རྨི་ལམ་ལ་མཐོང་བ་ལ་དགོས་པ་ཆེར་ཡོད་ངེས།
ད་ཐེངས་ཀྱི་རྨི་ལམ་འདི་་་་་
ལས།
ད་ལན་གྱི་རྨི་ལམ་འདི་་་་་
བདེན།
སྒྲུང་འདིའི་བསྟན་བྱ་ཅི་རེད།
འདི་བརྩམས་སྒྲུང་ཡིན་ནམ་ཁྱིམ་ཚང་ཞིག་གི་ལོ་རྒྱུས་དང་ཡང་ན་མི་ཞིག་གི་ཉིན་ཐོ་ཡིན། བརྩམས་སྒྲུང་ཡིན་ན་རྒྱུ་མཚན་ཅིའི་ཕྱིར་རེད།
ལོ་ལོན་གི་ཡོད་པའི་རྟགས་རེད། དེ་ལ་སྐྲག་དགོས་དོན་ཞིག་དང་ཡ་མཚར་མདོག་ཞིག་ཡོང་དགོས་དོན་མེད། འཇིག་རྟེན་འགྲོ་ལུགས་རེད།
སྒྲུང་འདི་ལ་བསྟན་བྱ་འདི་རེད་ཟེར་བའི་ངེས་གཏན་གྱི་བསྟན་བྱ་ཞིག་གཏན་ནས་མེད། དཔེར་ན། ས་བསྔོགས་པ་ལྟ་བུ་ཡིན། ཇི་ཙམ་གཏིང་དུ་བསྔོགས་ན་དེ་ཙམ་རིན་ཆེན་འདྲ་མིན་ཐོན་རྒྱུ་ཡོད། ཧཧཧཧཧཧཧཧཧ