རིགས་གྲོལ།
ད་ལྟའི་དུས་སུ་རང་རེའི་སྤྱི་ཚོགས་ཁྲོད་ན་མཁས་པ་ལས་རྩོམ་པ་པོ་མང་ཞིང་། རྩོམ་པ་པོ་ལས་སྒྱུར་པ་པོ་མང་། ཕལ་ཆེར་ལག་ཡོད་ཚད་རྩོམ་པ་པོ་དང་། ཁ་ཡོད་ཚད་སྒྱུར་པ་པོའི་ཚོད་དུ་བསླེབས་སོང་། དེ་ལ་བསམས་ན་བོད་ཡིག་བཀོལ་པོ་མང་བས་བོད་སྐད་བོད་ཡིག་འདི་འཇིག་རྟེན་འདི་བཞག་ནས་ད་ལྟ་རང་འགྲོ་དགོས་རྒྱུ་མ་རེད་ཨང་སྙམ་ནས་དགའ་འོས་པ་ཞིག་ཏུ་གྱུར་སོང་ཡང་།
དུས་རྒྱུན་དུ་དངངས་སྐྲག་དང་བཀའ་མོལ་མང་ཤོས་ཡོང་ས་དེ་ཡང་བོད་ཡིག་བོད་སྐད་རང་སྲུང་དགོས་པ་དེ་རེད་སོང་། དེ་ལ་སེམས་ཁྲལ་ཆེ་ཤོས་བྱེད་པོ་ནི་ཤེས་ཡོན་པའི་སྡེ་རེད། ཁོ་ཚོས་རྒྱུན་དུ་བོད་ཡིག་བཀོལ་སྤྱོད་དགོས་པ་དང་བོད་ཡིག་སྲུང་སྐྱོབ་དགོས་པའི་སྐོར་གཏམ་བཤད་དང་། རྩོམ་ཡིག་སྤེལ་བ། ཚོགས་འདུ་སྐོང་བ་སོགས་ལས་འགུལ་མང་པོ་སྤེལ་སོང་།
འོན་ཀྱང་བདག་གིས་བསམས་ན་ད་ལྟའི་ཆར་བོད་སྐད་བོད་ཡིག་ཉམས་ཆག་གཏོང་མཁན་གཙོ་བོ་དེ་ཡང་ཤེས་ཡོན་པའི་སྐོར་རེད་འདོད། གང་ཡིན་ཞེ་ན་ད་ལྟ་གོ་ལ་འདིའི་ཐོག་ན་ཚན་རྩལ་གྱི་གྲུབ་རྟགས་ལས་ཆོས་དངོས་གསར་པ་མང་པོ་ཞིག་ཐོན་འོང་ཞིང་། དེ་དག་ལ་མིང་བརྡ་དང་ཐ་སྙད་གསར་པ་མང་པོ་ཞིག་རྒྱལ་ཁབ་དང་ཡུལ་ལུང་གཞན་གྱི་སྐད་ཐོག་ནས་ཡོང་བཞིན་པ་ལྟར། རང་རེའི་ཤེས་ཡོན་པའི་སྐོར་གྱིས་ཤེས་ཤེས་དང་འཇོན་འཇོན་ཟེར་ནས་རང་རང་གི་ས་ནས་རྩོམ་སྒྱུར་དང་། ཚིག་སྒྱུར། དོན་སྒྱུར། ཐ་སྙད་བརྗེ་ལེན་ཟེར་བ་སོགས་མང་པོ་བྱས་ཏེ་རང་རང་གི་བློ་ལ་གང་བབ་ཀྱི་ཐ་སྙད་དང་བརྡ་དག་ཁོ་ན་བཀོལ་བྱེད་པ་ལས་གཅིག་འགྱུར་གྱི་བསམ་བློ་མེད་པ་དང་། གལ་ཏེ་གཅིག་འགྱུར་དགོས་པའི་སྐད་ཆ་འདྲ་བྱུང་ན་ཡང་རང་རང་གི་སྡེར་གཏོགས་ལས་གཞན་ལ་ཁས་མི་ལེན་པ་སོགས་དོན་མེད་ཕྱོགས་ཞེན་ཁོ་ན་བྱས་རྐྱེན་ལ་བརྟེན། ད་ལྟའི་ཆར་ཆོས་དངོས་གསར་པ་གཅིག་ལ་ཐ་སྙད་མི་འདྲ་བ་བཅུ་སྐོར་བྱུང་སོང་།
དེས་རང་རེའི་སྤྱི་ཚོགས་ཁྲོད་ན་བོད་ཡིག་བོད་སྐད་ཐོག་ནས་སྐད་ཆ་བཤད་ན་ཕན་ཚུན་གོ་བརྡ་མི་འཕྲོད་པ་དང་། ཐེ་ཚོམ་ཟ་བ། བཅོས་མའི་རྣམ་པར་གྱུར་བ་སོགས་མ་ཚང་བའི་ཆ་མང་པོ་ཞིག་ཏུ་འགྱུར་གྱི་ཡོད་པས། རང་རིགས་རྒན་གཞོན་དར་གསུམ་ལ་བོད་ཡིག་བོད་སྐད་ལ་ཡིད་ཆེས་བརླག་ཅིང་། རེ་བ་ཟད་དུ་བཅུག་སྟེ། སྐད་ཡིག་གཞན་ཁོ་ནའམ། བོད་སྐད་དང་སྐད་ཡིག་གཞན་བསྲེས་ནས་བེད་སྤྱོད་པ་ལ་ཡིད་ཆེས་ཆེ་བ་ཡོང་གི་ཡོད་པ་རེད། དེ་ནི་རང་རིགས་ཀྱི་སྐད་ཡིག་འདི་འཇིག་རྟེན་འདི་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་ཕྱིར་འབུད་བྱེད་པ་རང་ལས་མ་འདས།
སྤྱིར་སྐད་ཡིག་ཅིག་རྒྱུན་གནས་ཐུབ་པ་ལ་སྐད་ཡིག་དེས་དུས་རབས་ལ་རྗེས་བསྙེགས་ཐུབ་པ་དགོས་ཤིང་། དེ་ཡང་དུས་རབས་དེའི་མིང་བརྡ་དང་ཐ་སྙད་སོགས་སྐད་ཡིག་དེའི་ཐོག་གཅིག་འགྱུར་གྱིས་གཞི་རྐང་ཚུགས་ཐུབ་པ་དགོས། དེ་ལྟར་མ་བྱུང་ཚེ་སྐད་ཡིག་ཇི་འདྲ་ཞིག་ཡིན་རུང་དུས་ཚོད་ཀྱིས་བེད་མེད་དམ། དགེ་མཚན་མེད་པར་འགྱུར་འགྲོ་བ་ཡིན། གལ་ཏེ་སྐད་ཡིག་ཅིག་དུས་སྐབས་ཤིག་ནས་བེད་སྤྱོད་མེད་པར་གྱུར་ཚེ་སྐད་ཡིག་དེར་འཇིག་རྟེན་འདིའི་ཐོག་མུ་མཐུད་གནས་རྒྱུའི་རང་དབང་བྲལ་འགྲོ་བ་རེད། རང་རེ་བོད་ཀྱི་ཕ་སྐད་ལ་མཚོན་ན་ད་ལྟའི་ཆར་འཇིག་ཉེན་ཆེ་བའི་དུས་སྐབས་ཤིག་ལ་བསླེབས་ཡོད་པས། རང་རའི་ཤེས་ཡོན་པའི་སྐོར་ཚོགས་ཀྱིས་ཐུགས་བསམ་ལེགས་མོ་ཞིག་བཞེད་དགོས་པའི་དུས་ཚོད་ཅིག་ལ་བསླེབས་ཡོད།
དེ་ཡང་རང་རེ་བོད་ཀྱི་ཕ་སྐད་དེ་དུས་རབས་དང་རྗེས་བསྙེགས་ཐུབ་པའི་སྒོ་ནས་རྒྱུན་གནས་དགོས་ན་དུས་རབས་ཀྱིས་བསྐྲུན་པའི་ཆོས་དངོས་ཀྱི་མིང་བརྡ་དང་ཐ་སྙད་སོགས་གཅིག་འགྱུར་ངང་རང་རེའི་ཕ་སྐད་ཐོག་གཞི་རྐང་ཚུགས་ཐུབ་པ་ཞིག་མ་བྱུང་ན་ཡོང་ཐབས་མེད་རྐྱེན། ཤེས་ཡོན་པ་དང་ཤེས་ཡོན་པའི་མཚན་གནས་ཡོད་མཁན། ཤེས་ཡོན་པ་མིན་ཡང་ཤེས་ཡོན་གྱི་ཐོག་ནས་དཔོན་ས་འཛིན་མཁན་ཚོས་ཁེངས་སྐྱུང་དང་ང་རྒྱལ་རིང་དུ་བསྐྱུར་ནས་བགྲོ་གླེང་དང་། དཔྱད་བསྡུར། བསམ་གཞིག་སོགས་ཀྱིས་བརྡར་ཤ་བཅད་ནས་གཏན་འབེབས་བྱ་དགོས་ཤིང་། གཏན་འབེབས་ཟིན་རྗེས་བརྒྱ་ཁྱབ་ཀྱིས་སྤྱོད་རྒྱུའི་ཁྲིམས་བསྒྲགས་ཐུབ་དགོས་སྙམ།
དེ་ཡང་རང་རེ་ལ་མཚོན་ན་ལས་དོན་གསར་པ་གང་ཡང་མིན་ཏེ། རང་རེའི་རིག་གནས་ཀྱི་ལོ་རྒྱུས་ཐོག་བཀས་བཅད་རིམ་པ་གསུམ་དུ་བྱུང་མྱོང་བར་གྲགས་ཤིང་། དེ་དག་ནི་དུས་སྐབས་དེ་དང་དེ་ལ་རིག་གནས་གསར་པ་གང་བྱུང་བའི་མིང་བརྡ་དང་ཐ་སྙད་དག་བོད་ཡིག་ཐོག་ཏུ་གཅིག་འགྱུར་གཏན་འབེབས་ཀྱིས་གཞི་རྐང་ཚུགས་ཐབས་གནང་བ་ཞིག་རེད་འདོད། བཀས་བཅད་ཁྲིམས་བསྒྲགས་དེ་དག་གི་བཀའ་དྲིན་ལ་བརྟེན་ནས་ནང་བསྟན་དེ་བོད་སྐད་ཀྱི་ནང་ཆ་ཚང་བར་བསླེབས་ཐུབ་ཅིང་། ད་ལྟའི་དུས་སུ་བོད་སྐད་དེ་ནང་བསྟན་གྱི་མ་སྐད་ལྟ་བུར་གྱུར་ཡོད། འོན་ཀྱང་དུས་རབས་དང་མཐུན་པའི་ཆོས་དངོས་དེ་དག་གི་མིང་བརྡ་སོགས་རང་རེའི་སྐད་ཡིག་ནང་གཞི་རྐང་ཚུགས་ཐུབ་པ་ཞིག་བྱུང་མེད་རྐྱེན། རང་རེའི་བོད་སྐད་འདི་མུ་མཐུད་ནས་གནས་རྒྱུར་ཉེན་ཁ་ཆགས་ཡོད། དེར་བརྟེན་ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ནས་དེ་དག་ལས་མིག་དཔེ་ལེན་པའམ་ཡང་ན་སྒྲ་སྦྱོར་བམ་གཉིས་ལ་སྲོག་གསར་པ་ཞིག་འཇུག་དགོས་པ་འདུག་སྙམ།
དེ་ཡང་བཙན་པོ་ཁྲི་སྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་གི་དུས་སུ་ལོ་པཎ་རྣམས་ཀྱིས་སྒྲིག་གནང་མཛད་པའི་སྒྲ་སྦྱོར་བམ་པོ་གཉིས་པ་ལས།
“སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གོོཏམྱ་ལྟ་བུ་གོོའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀོོཤིཀ་ལྟ་བུའི་རྩྭ་ཀུཤ་ཐོགས་པ་དང་། མཁས་པ་དང་། པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོན་ཞོག་ཅིག །གང་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩེ་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ་མགོ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོན་ཞོག་ཅིག
གྲངས་ལ་རྒྱ་གར་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་གཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་བར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག །པ་རི་དང་། སམ་དང་ཨུཔ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི་ཡོངས་སུ་ཞེའམ། ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཟིན་དུ་སྒྱུར་ཅིག །དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག །རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ། འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེ་ས་དང་། སྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱས་ཏེ། སྔོན་ལྷ་ཡབ་སྲས་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག །
སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་འདོགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭར་མིང་ཅད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པར་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཅེན་འཚལ་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ།།”
ཞེས་སྐབས་དེའི་དུས་ཀྱི་རིག་གནས་གསར་པ་ནང་བསྟན་གྱི་མིང་བརྡ་དང་ཐ་སྙད་དག་བོད་ཡིག་ཐོག་གཅིག་འགྱུར་གྱིས་གཏན་འབེབས་ཁྲིམས་བསྒྲགས་གསལ་པོར་བྱས་འདུག པ་ལྟར། ད་ལྟ་ཡང་རང་རེའི་སྐད་ཡིག་ཐོག་ཆོས་དངོས་གསར་པ་ཁག་གི་མིང་བརྡ་དང་ཐ་སྙད་སོགས་ལ་གཅིག་མཐུན་གྱིས་གཏན་འབེབས་ཁྲིམས་བསྒྲགས་དེ་ལྟ་བུ་ཞིག་ལག་བསྟར་ཐུབ་ན་ང་ཚོས་ང་ཚོའི་སྐད་ཡིག་ལ་བརྟན་བཞུགས་ཤིག་ཕུལ་ཐུབ་པ་མ་ཡིན་ནམ།།
འདི་ནི་བདག་གི་བསམ་ཚུལ་ཙམ་ཡིན། རང་སྐད་ལ་དུང་བ་ཟབ་པའི་་གྲོགས་པོ་ཚོས་དེའི་ཐོག་ནས་བགྲོ་གླེང་རེ་བྱ་རྒྱུ་ངའི་རེ་བ་ཡིན།
དེང་སང་བོད་པས་བེད་སྤྱོད་བྱས་དང་བྱེད་བཞིན་པའི་འཛམ་གླིང་ནང་གི་རྒྱལ་ཁབ་བརྒྱ་དང་དགུ་ཅུ་གི་གཉིས་ཀྱི་མིང་ཡང་གཅིག་གྱུར་ཞིག་འབྲི་གི་མ་རེད། དྲ་ཐོག་དང་ཚག་པ་སོགས་ཀྱི་ཐོག་ཏུ་རང་སོ་སོས་གང་འདོད་འདོད་འབྲི་གི་འདུག
སྤྱིའི་ཆ་ནས་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཅེས་ཁ་ནས་བཤད་པ་ཙམ་མ་གཏོགས་་་་རྒྱལ་ཁབ་༡༩༢་གྱི་མིང་ཚིག་གཅིག་གྱུར་ཙམ་ཡང་གཏན་འབེབས་བྱས་མེད། སེང་གེའི་ཤེས་རིག་ལས་ཁུངས་ཀྱིས་བཟོ་པའི་ཐ་སྙད་གསར་པའི་ཚིག་མཛོད་དེའི་མདོག་རྒྱབ་ལ་གཅིག་ལྟོས་དང་། དེ་འདྲ་ཐབས་སྡུག་ཞིག་བཟོས་འདུག བེད་སྤྱོད་གཏོང་དཀའ་བ། དེང་རབས་ཀྱི་ལག་རྩལ་བེད་སྤྱོད་གཏོང་མ་ཤེས་པ། ཚིག་ཞིག་འཚོལ་དགོས་ནའང་དུས་ཚོད་རིང་པོ་དགོས་པ།
སྨོན་ལམ་ཚིག་མཛོད་འདྲ་ཞིག་ཡང་བཟོས་ཐུབ་མི་འདུག དྲ་ཐོག་ནས་ཕབ་ལེན་བྱེད་ཐུབ་པའི་ཨེན་ཡིག་ཚིག་མཛོད་དེ་དག་བེད་སྤྱོད་གཏོང་བདེ་བ། ཚིག་འཚོལ་བདེ་བ། ཚིག་གི་སྒྲ་གདངས་ཉན་གྱི་ཡོད་པ་སོགས་ཁྱད་ཆོས་ཡོད་རེད།
ང་ཚོའི་ཤེས་རིག་ལས་ཁུངས་ཀྱིས་བཟོ་པའི་ཚིག་མཛོད་དེ་ལ་གཅིག་ལྟོས་དང་། ངོ་མ་སེམས་ཕམ་ཡ་རེད།
འདི་དག་གི་སྐོར་ལ་སྔོན་མ་ནས་མང་པོ་བཤད་མྱངས་ཡོད། ད་ནི་རེ་བ་འདྲ་ཞིག་རྫོགས་སོང་།
མི་རེ་རེས་ཕྱི་ལུགས་ཀྱི་ཐ་གསར་རྣམས་བོད་ཡིག་ཏུ་ཐ་སྙད་གསར་བ་རང་རང་འདོད་མོད་ལྟར་མང་ཙམ་དྲ་ཐོག་དང་ཚག་དཔར་སོགས་སྟེང་དུ་བཀོད་ཐུབ་ན་ངས་བལྟས་ན་དགེ་མཚན་ཆེ་སྙམ་སྟེ། སྒྲིག་ཚུགས་དང་བཙན་པ་ལྟ་བུས་དབང་ཡོད་ཀྱི་བཀའ་གཏོང་མི་དགོས་པར་རང་བཞིན་གྱིས་སྤྱི་ཚོགས་ཀྱི་འཚོ་བའི་འཁྲོད་དུ་གང་རྒྱུག་ཆེ་བ་དང་བདེ་བའི་ཐ་སྙད་གསར་བ་རང་བཞིན་གྱིས་བོད་སྐད་རང་དུ་གྱུར་གྱིས། དཔེར་ན། གློག་ཀླད། དྲ་རྒྱ། ལག་ཐོག་ཁ་པར། དྲ་ཚིག་སོགས་ཀྱིས་མཚོན་ཐ་སྙད་དེ་རྣམས་ནི་སུས་ཀྱང་བཀས་བཅད་མེད་ལ། སུས་ཀྱང་སྒྲིག་གཞི་བཟོས་མེད། དེ་རྣམས་སྤྱི་ཚོགས་རང་ནས་གཏན་དུ་ཕབ་པ་ཡིན་པས་རྩོམ་པ་པོ་དང་མཁས་དབང་། ལོ་རྩ་བ་སོགས་ནས་རང་རང་གྱིས་རྣམ་དཔྱོད་ཀྱི་རྩལ་ལས་ཐ་སྙད་གསར་བ་ཇི་ཙམ་བཟོས་པ་དེ་སྲིད་དུ་སྤྱི་ཚོགས་ནང་དུ་གདམ་ཁ་མང་སྙམ་མོ།
བོད་པའི་སྐད་ཡིག་ནི་ངེས་པར་སྲུང་དགོས་ཏེ། དོན་གཉིས་ཀྱི་སྒོ་ནས་སོ།།རང་དོན་ལ་བསམ་ན། བོད་མི་རིགས་འདི་གནས་དགོས་པས་སོ།།ཇི་སྲིད་སྐད་ཡིག་དེ་གནས་པ་དེ་སྲིད་མི་རིགས་དེ་ཡང་གནས་པའི་འགན་ཐེག་ཆེན་པོ་བྱ་ཐུབ་བོ།།སྤྱི་དོན་ལ་བསམ་ན། སེམས་ཅན་སྤྱིའི་བདེ་དོན་འབྲེལ་བའི་གནད་དོན་གལ་ཆེན་ཞིག་བོད་ཀྱི་སྐད་ཡིག་གིས་གཞི་འཛིན་ཡོད་པས་སོ་ཞེས་ཆེ་ལོང་ཙམ་ཞིག་ཡིན་ལ། ཞིབ་ཚགས་གཅིག་གཅིག་གཉིས་གཉིས་སུ་བགྲང་དུ་ཡང་ཡོད་པས་སོ།།
དེ་ལ་ག་ལྔའམ། ག་དྲུག་གི་ལམ་ནས་རྒྱུན་སྐྱོང་དགོས་པ་ཞིག་མཐོང་ངོ་། དེ་ཡང་ཇི་ལྟར་ན། ག་རེ། ག་པར། ག་དུས། གང་གིས། ག་འདྲ་སེ། ག་རེ་བྱས་ནས་ཞེས་ག་དྲུག་གིས་རྒྱུན་བསྲིངས་དགོས། དེ་ལ་ག་རེ་ཞེ་ན། བོད་ཀྱི་སྐད་ཡིག ག་པར་ཞེ་ན། བཙན་འབྱོལ་དུ་མིན་པར་གཙོ་བོ་གཞིས་ལུས་བོད་ནང་། ག་དུས་ཞེ་ན། ད་ལྟ་རང་ནས་འགོ་བརྩམས་དགོས་པ། གང་གིས་ཞེ་ན། བོད་རིགས་ཡོད་དོ་ཅོག་དང་བོད་སྐད་ཡིག་ལ་དགའ་མོས་ཅན། ག་འདྲ་སེ་ཞེ་ན། ཐབས་ལམ་འདྲ་མིན་སྣ་ཚོགས་ནས། ག་རེ་བྱས་ནས ཞེ་ན། མཐའ་མ་འདི་དོ་གལ་ཆེ་ཤོས་ཡིན་པས། དགོས་པ་རྒྱུ་མཚན་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སོ།།
ད་བར་གྱི་དངོས་མྱོང་ལ་གཞིར་བྱས་ན། མིང་ཚིག་རྣམས་དང་པོའི་སྐད་དང་བྱ་ཚིག་རྣམས་བོད་སྐད་། མིང་ཚིག་ཕྱི་སྐད་བོད་ཡིག་འབྲི་སྐབས་ལོག་ཡིག་མ་ཡིན་པར་དཔེར་ན། ཕ་རན་སི། རྡ་རམ་ས་ལ། ལྡི་ལི་ཞེས་བྲིས་ན་བོད་ཡིག་འབྲི་ཀློག་ཤེས་པ་ཚང་མས་འབྲི་ཀློག་ཤེས་པས་དེ་ནི་བོད་ཡིག་ལ་ངོ་མའི་སྲོག་སྦྱིན་པ་ཞིག་རེད་སྙམ།
བོད་ཞེན་པས་སྐད་ཆ་བདེན་པ་རེད། ཡི་གེ་འབྲི་དུས་དག་ཆ་གཏན་ཁེལ་ཡོད་པ། རྡ་རམ་ས་ལ་ཞེས་པ་ལྟ་བུའི་རིགས་ཚང་མས་གཅིག་པ་འབྲི་དགོས་ངེས་རེད། མ་ཟད་ཚིག་མཛོད་ནང་དུ་གཏན་ཁེལ་བྱེད་ནས་འབྲི་དགོས་པ་གལ་ཆེ་རེད་བསམས་ཀྱི་འདུག ང་ཚོ་ལ་ཚིག་མཛོད་ཆ་འཇོག་ས་ཤིག་དང་རྩ་བ་བརྟེན་ས་ཤིག་དགོས་ཀྱི་འདུག
གལ་སྲིད་ལོག་ཡིག་འབྲི་གྱི་མང་སོང་ན་མཐའ་མ་བོད་ཡིག་ཀློག་མི་ཤེས་པ་ཞིག་འོང་ངེས་རེད། ཡི་གེའི་དག་ཆ་གཏན་ཁེལ་མེད་ན་དེ་ལས་ཀྱང་ཉེན་ཁ་ཆེ་པོ་རེད།
དེང་སང་དཀའ་ངལ་གསར་པ་གཅིག་ནི་བོད་ཕྱི་ནང་གི་གྲངས་འདྲེན་སྟངས་འདི་རེད། བོད་ལ་ཞུགས་པ་ཚོས་རྒྱའི་ལུགས་ལྟར་གྲངས་གནས་ཁྲི་ལ་སྐོར་བ་མང་པོ་རྒྱག་པར་བྱེད། དཔེར་ན། ཁྲི་བརྒྱ། ཁྲི་བཅུ། ཁྲི་སྟོང་ལྟ་བུ། རྒྱ་གར་ལ་འབུམ་ལ་སྐོར་བ་མང་པོ་རྒྱག་པ་ནི། ཁ་སྔོན་ལམ་རིམ་གསུང་ཆོས་སྐབས་ལ་འབུམ་གསུམ་བརྒྱ། འབུམ་བཅུ། འབུམ་སྟོང་གཅིག་ལྟ་བུ། གང་ལྟར་གྲངས་འདྲེན་ཚུལ་ལ་ཡང་གཅིག་འགྱུར་ཞིག་མིན་འདུག དེ་བཞིན་ཕྱི་རྒྱལ་ལ་ཞུགས་པའི་བོད་པ་མང་ཆེ་བས་སྟོང་ལ་སྐོར་བ་རྒྱག་པར་བྱེད་པ་ནི། སྟོང་གཅིག། སྟོང་བཅུ། སྟོང་ལྔ་བཅུ་ལྟ་བུ་ནི་རྒྱུན་གཏན་རེད། གཞུང་ལུགས་ལྟར་ན་བོད་པའི་གྲངས་འདྲེན་ཚུལ་ནི།
གཅིག (One)
བཅུ། (ten)
བརྒྱ། (hundred)
སྟོང་། (thousand)
ཁྲི། (10 thousand)
འབུམ། (100 thousand)
ས་ཡ། (million)
བྱེ་བ། (10 million)
དུང་འཕྱུར།་ (100 million)
ཐེར་འབུམ། (billion)
ཁྲག་ཁྲིག ( 10 billion)
རབ་བཀྲམ། ( 100 billion)
གཏམས། (trillion)
དཀྲིགས། (10 trillion)
མི་འཁྲུགས་ (100 trillion)
ཁྱད་འབྱིན། (1 quadrillion)
སྤང་རྟེན། (10 quadrillion)
དེད་འདྲེན། (100 quadrillion)
ད་དུང་ཡོད། བོད་ཡིག་གི་ཐ་སྙད་བེད་སྤྱོད་དེ་ཙམ་མེད་པ་ཞིག་རིག་གཞུང་གཅེས་འཛིན་ཡིན་ཞེས་བེད་སྤྱོད་ཡོད་པའི་སྡིང་ཆ་ཞིག་ཏུ་འདྲུད་ཡོང་ཚེ་བེད་སྤྱོད་ཡོད་པ་དེའང་མེད་པ་ཞིག་ཏུ་འགྱུར་ཉེན་འདུག དཔེར་ན་རྡ་ས་སྨན་རྩིས་ཁང་གི་གྱང་འགེལ་ལོ་ཐོ་དེ་བོད་ཟླའི་ཚབ་ཏུ་སྣྲོན་ཟླ་དང་སྣུབས་ཟླ་མགོ་ཟླ་ཞེས་བྲིས་འདུག་པས་ངས་ཤེས་དགོས་པ་ནི་དེ་རིང་གི་བོད་ཟླ་དང་བོད་ཚེས་ཡིན་པ་ལས་གཟའ་སྐར་གྱི་མིང་མ་ཡིན་ལ། མཆུ་ཟླ་བ་ལྟ་བ་བོད་ཟླ་ག་རེ་ཡིན་ཤེས་ཀྱི་ཡང་མེད། སྨན་རྩིས་ཁང་གི་རྩིས་པ་ཚོ་དོན་དངོས་། བེད་སྤྱོད་ཟེར་བ་དེ་ཚོའི་གོ་བ་ཡག་པོ་ཞིག་མེད་པ་འདྲ། ད་དུང་ཞོར་འཕྲོས་ལ་ཨ་རིར་གདོང་ཐོག་སྤྲུལ་སྐུ་ཟེར་བ་མཁས་དབང་གི་མིང་ཡོད་པ་ཞིག་ནས་བོད་ཟླ་ཟེར་བ་དེ་ཧོར་ཟླ་ལ་བཅོས་དགོས། རིག་གཞུང་དང་ལོ་རྒྱུས་ཡིན་ཟེ་ཚགས་པར་ཐོག་བཀོད་འདུག ཐ་སྙད་ཡོངས་གྲགས་ཞིག་ཡོངས་གྲགས་ལ་བཞག་ན་དེའང་རིག་གཞུང་ལ་སྲོག་སྤྲད་པ་ཞིག་རེད་སྙམ
བོན་ལུགས་རྩིས་གཞུང་ནང་་་བྱེ་བ་་སྔོན་དང་་་ས་ཡ་་་རྗེས་སུ་བཞག་པ་འདུག དཔེར་ན།
གཅིག (One)
བཅུ། (ten)
བརྒྱ། (hundred)
སྟོང་། (thousand)
ཁྲི། (10 thousand)
འབུམ། (100 thousand)
བྱེ་བ། (10 million)
ས་ཡ། (million)
དུང་འཕྱུར།་ (100 million)
ངས་ཡང་ཅིག་ཞུས་ན་འདོད་སོང་། བསམ་འཆར་ཙམ་ལས། ལྐུག་པའི་བློ་ལ་མ་འདྲེན་རོགས།
བོད་ས་མིན་པའི་ཡུལ་མིང་དང་གནས་མིང་གཞན་ལ། ས་ཆ་ཡིན་པར་སྟོན་པ་ལ་བརྡ་རྟགས་ཤིག་བརྒྱབས་ན་ཡག་པོ་མེད་འགྲོར་བསམ། དཔེར་ན། (པ་ལམ་པོར་)Palampur ཟེར་བ་ཡིན་ན། (པྭ་ལམ་པོར)་ལྟ་བུ། ས་ཆ་ཞིག་བཤད་ཀི་ཡོད་པར་མཚོན་པ་དང་། མྱི་མྱིང་ལ་ཡང་བོད་མྱིང་མིན་པའི་མྱིང་ལ་བརྡ་རྟགས་ཤིག་བཀོད་ན་ཡང་ཡག་པོ་མེད་འགྲོར་བསམ། དཔེར་ན། (ར་རྗེ་བུ)Rajvi་ཟེར་ན། (རཱ་རྗེ་བུ་)ལྟ་བུར་བྲིས་ན། ད་དུང་ང་ཚོ་ལ་དཀའ་ངལ་ཆེན་པོ་མེད་ཀྱང་། རྗེས་ཕྱོགས་སུ། འཇིག་རྟེན་སྟེང་གི་ཤེས་བྱའི་མིང་བརྡ་ཡོད་ཚད་བོད་ཡིག་དུ་གནས་དུས། མགོ་རྙོག་མགོ་འཁོར། གོ་ལོག་དོན་ལོག་ལ་མི་འགྲོ་བར་གསལ་ལེ་བྱེད་པའི་རིགས་གཞུང་ཆུང་ཆུང་ཞིག་དགོས་བ་འདྲ།
ཨོ། (ཝ་ཟུར)་དང་(འ་ཆུང)་གཉིས་བཀོལ་དགོས་བ་ནི་བོད་ཡིག་གི་འབྲི་འགྲོས་ལ་རྡབ་གསིག་མི་གཏོང་བའི་ཆེད་དུ་ཡིན། (ཝ་ཟུར་ས་ཆ་སྟོན་བྱེད)་དང་(འ་ཆུང་མྱི་མྱིང་སྟོན་བྱེད)གཉིས་བཀོལ་བས་སྔར་ཡོད་ཀྱི་མྱིང་དོན་མང་པོ་ལ་གོ་ཆག་ཆེན་པོ་མི་ཡོང་བ་འདྲ་ཞིག་འདུག།
གློག་ཀླད་ནང་ནས་རྩེག་ཅན་མང་པོ་ལ་འདི་འདྲ་འབྲི་མི་ཐུབ་ན་ཡང་། ད་ལྟ་ནས་འབྲི་ཐུབ་པར་བཟོ་དགོས་བ་འདྲ་ཞིག་འདུག་པའི་འབོད་སྐུལ་ངས་ནི་ཞུས་བ་ཡིན། དེ་འདྲའི་དཀའ་ངལ་ཆེན་པོ་ཡོད་པ་མ་རེད།
དེ་ནས་སྐད་གྲགས་དང་ཆབ་ཆེ་ཕྱི་མིའི་མིང་ཡུལ་གྱི་གོ་དོན་ས་གནས་སོགས་ཀྱི་བོད་ཡིག་གི་ཐོ་དེབ་དེ་འདྲ་དྲ་རྒྱའི་ནང་ལ་འཚོལ་རྒྱུ་ཡོད་པ་བྱེད་ཐུབ་ན་ཡང་ཡག་པོ་ཡོད་པར་འདོད།
ཡ། ད་ཉལ་འི་ཡིན། ཐང་ཆད་འདུག། རྣམ་པ་ཚོས་བསམ་བློ་རེ་གཏོང་རོགས།
༼རྩིས་ལོ་ ༢༠༡༤ དང་ ༢༠༡༥ ལོར་བོད་མིའི་སྒྲིག་འཛུཊ་ཀྱི་ཕྱོཊ་བསྡོམས་སྔོན་རྩིས་ཡོང་འཆར་བསྡོམས་སྒོར་ས་ཡ་ཆིག་སྟོང་བརྒྱད་བརྒྱ་རེ་གསུམ་བདུན་འབུམ་དྲུག་ཁྲི་སྔ་སྟོང་ལྔ་བརྒྱ་ང་དགུ་ ༡.༨༦༣.༧༦༥.༥༥༩ དང་། འགྲོ་འཆར་སྒོར་ས་ཡ་ཆིག་སྟོང་བརྒྱད་བརྒྱ་གོ་གཅིག་དང་དྲུག་འབུམ་སུམ་ཁྲི་བརྒྱད་སྟོང་སུམ་བརྒྱ་རེ་གཉིས་ ༡.༨༩༡.༦༣༨.༣༦༢ ཡིན་འདུག༽
རྩིས་བརྗོད་བཟོ་སྟངས་འདི་ལ་སྐྱོན་ཆ་འདྲ་འདུག་གམ། ཁྱེད་ཚོས་ལམ་སེང་ཧ་གོ་ཐུབ་ས་རེད་དམ། དངུལ་འབོར་འདི་ཙམ་ཨ་སྒོར་ལ་ཕབ་ན་ག་ཚོད་བབས་ཀྱི་ཡོད་དམ།
ས་ཡ་དང་བྱེ་བ་གཉིས་ལ་དངོས་གནས་རྙོག་དྲ་འདུག་ ང་སློབ་སྦྱོང་བྱ་ཡུལ་དང་ ཡུལ་ཚོའི་མི་རྣམས་ཀྱིས་བྱེ་བ་ས་ཡ་ཞེས་བྱེ་བ་བཅུ་ལ་ས་ཡ་གཅིག་དང་། ས་ཡ་བཅུ་ལ་དུང་ཕྱུར་གཅིག་རེད་་་ བོད་མི་ས་ཡ་དྲུག་དེ་དུང་ཕྱུར་གཅིག་གི་ཕྱེད་ལྷག་རེད། སྤྱི་ལོ་དྲུག་ཅུ་རེ་གྲངས་ནང་དགེ་རྒན་འོས་སྦྱོང་སྐབས་ཛེ་སྨད་རིན་པ་ཆེས་ཆོས་འབྱུང་སློབ་འཁྲིད་སྐབས་ས་ཡ་ནས་བྱེ་བ་ཞེས་ས་ཡ་བཅུ་ལ་བྱེ་བ་གཅིག་གི་གྲངས་གནས་བཀོད་འདུག གང་ལྟར་གྲངས་གནས་དེ་གནད་འགག་ཆགས་ནས་ནོར་འཁྲུལ་དེ་འདས་པའི་ལོ་རྒྱུས་ལ་འགྲོ་གི་འདུག་པས་ཚང་མས་འགྲོ་གླེང་དགོས་ཀྱི་འདུག
བོན་པོ།
བྱེ་བའི་རྗེས་ལ་ས་ཡ་འཇོག་པ་དེ་བོན་པོ་ཚོ་ནོར་བ་རེད།
བཤུ་དུས་བཤུ་སྟངས་མ་ཤེས་ནས་ས་ཡའི་སྔོན་ལ་བྱེ་བ་བཞག་པ་རེད།
ཧ་གོ་སོང་ངམ།
སྒོར་ས་ཡ་ཆིག་སྟོང་བརྒྱད་བརྒྱ་གོ་གཅིག་དང་དྲུག་འབུམ་སུམ་ཁྲི་བརྒྱད་སྟོང་སུམ་བརྒྱ་རེ་གཉིས།
དང་
༡.༨༩༡.༦༣༨.༣༦༢ སྒོར། གཉིས།
དོན་གཅིག
གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོན་ཞོག་ཅིག །
འདི།
གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག །
དགེ་སློང་རྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི། དགེ་སློང་སྟོང་གཉིས་བརྒྱ་ལྔ་བཅུ་ཞེས་པའོ། ཟེར།
་་་་་སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། ་་་་་་་
་་་་་་དེའི་དུས་ཀྱི་རིག་གནས་གསར་པ་ནང་བསྟན་གྱི་མིང་བརྡ་དང་ཐ་སྙད་དག་བོད་ཡིག་ཐོག་གཅིག་འགྱུར་གྱིས་གཏན་འབེབས་ཁྲིམས་བསྒྲགས་གསལ་པོར་བྱས་འདུག པ་ལྟར།
ད་ལྟ་ཡང་རང་རེའི་སྐད་ཡིག་ཐོག་ཆོས་དངོས་གསར་པ་ཁག་གི་མིང་བརྡ་དང་ཐ་སྙད་སོགས་ལ་གཅིག་མཐུན་གྱིས་གཏན་འབེབས་ཁྲིམས་བསྒྲགས་དེ་ལྟ་བུ་ཞིག་ལག་བསྟར་ཐུབ་ན་ང་ཚོས་ང་ཚོའི་སྐད་ཡིག་ལ་བརྟན་བཞུགས་ཤིག་ཕུལ་ཐུབ་པ་མ་ཡིན་ནམ།། ་་་་་་་་
རང་སྐད་ལ་དུང་བ་ཟབ་པའི་་གྲོགས་པོ་ཚོས་དེའི་ཐོག་ནས་བགྲོ་གླེང་རེ་བྱ་རྒྱུ་ངའི་རེ་བ་ཡིན།
འདི།
རང་སྐད་ལ་དུང་བ་ཟབ་པའི་་གྲོགས་པོ་ཚོས་དེའི་ཐོག་ནས་བགྲོ་གླེང་རེ་བྱ་འོང་སྙམ་པ་ནི། ངའི་རེ་བ་ཡིན།
ཡང་ན།
རང་སྐད་ལ་དུང་བ་ཟབ་པའི་་གྲོགས་པོ་ཚོས་དེའི་ཐོག་ནས་བགྲོ་གླེང་རེ་བྱ་རྒྱུར་ང་ལ་རེ་བ་ཡོད།
བོད་ཡིག་སྨྱུག་ཐོགས་པ་ཚོས། རེད་དང་ཡིན་གཉིས་ཀྱི་ཐོབ་ས་སོ་རོར་གསལ་པོ་བཟོ་དགོས་པ་གལ་ཆེའོ།།
རྣམ་དཔྱོད་ཅན་་ཀུན་གྱིས་འཛེམས་མེད་ཐོག་ནས། རང་གཞན་གྱི་ཡིག་ནོར་དག་ཁུངས་ཐུབ་་ཀྱི་གཞུང་ལ་ལྟ་རྟོག་བྱས་ཏེ། ཡོངས་གྲགས་བོད་ཀྱི་དག་ཆ་སོགས་སྲུང་ཐུབ་ན། དགེ་མཚན་ཆེ་བར་མཐོང་ངོ་།
གྲངས་གནས་དྲུག་ཅུ་རྩ་བཞི་ནི། གྲངས་འདྲེན་ཚུལ་ལ་འཛམ་གླིང་ནང་གྲངས་གནས་མང་ཤོས་དེ་བོད་ཀྱི་གྲངས་འདྲེན་ཡིན་པ་གོ་ཐོས་དང་། ཚན་རིག་པས་ཀྱང་དེ་དང་མཐུན་པ་ཞིག་བཟོས་པ་དྲ་རྒྱར་མཐོང་རྒྱུ་འདུག
གང་ལྟར་ཚང་མས་དཔུང་རྩལ་སྒྲིལ་ས་དེ་འདི་འདྲར་སྤུངས་ཐུབ་ན་དངོས་གནས་རྗེས་བྱས་ཆེན་པོ་ཡོང་ས་རེད། དེ་མིན་ཟིན་མེད་ཀྱི་སྦུན་པ་འཕྱར་ནས་དགོས་གལ་ཆེ་བ་ཨེ་ཡོད་སྙམ་པ་བདག་གི་བསམ་ཚུལ་ཡིན།།
གཅོད་པ་ལགས། །
བྱེ་བ་་་ལབ་དུས་བྱེ་མ་ལ་གོ་བ་འདྲ་པོ་དང་། ས་ཡ་་་ལབ་དུས་ས་རྡུལ་ལ་གོ་བ་འདྲ་པོ་འདུག། གལ་སྲིད་དེ་འདྲ་ཡིན་ན་བྱེ་མ་དང་ས་རྡུལ་གཉིས་གང་རྒྱ་ཆེའམ། ད་ེལ་བརྩིས་པའི་སྔོན་རྗེས་ཀྱི་འཇོག་སྟངས་ཤིག་དགོས་ངེས་པར་སེམས་སོ། །