གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།
ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༩ ཉིན་༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་ལགས་གློ་བུར་དུ་ཞིང་གཤེགས་ཀྱི་གནས་ཚུལ།
དགེ་བཤེས་བསྟན་འཛིན་ལྷུན་གྲུབ་ལགས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅུ་བདུན་པའི་དགེ་བཤེས་བཅུ་གཉིས་ཡོད་པའི་ཨང་རིམ་གསུམ་པ་དེ་རེད། ཕྱི་ལོ་༢༠༡༤ཟླ་༣ ཚེས་༨ ཉིན་ཁོང་གི་དགེ་བཤེས་གཏོང་སྒོ་ཆེན་མོ་དང་སྔོན་འགྲོའི་གཞུང་བཤད་སོགས་གནང་ཡོད་པ་དང་། ༢༠༡༤ཟླ་ ༣ ཚེས་ ༡༣ ཉིན་གྱི་སྔ་དྲོར་ངག་རྒྱུགས་དམ་བཅའ་དང་ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོར་བཞུགས་གནང་མཛད།
༢༠༡༤ཟླ་ ༣ ཚེས་ ༡༧ ཉིན་སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ལ་༧དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་བཀྲ་ཤིས་དམ་བཅར་བཞུགས་ཡོད་པ་དང་། ཉིན་རྒྱབ་ཕྱག་ཚོད་དང་པོ་ཙམ་ལ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མདུན་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཡིག་ཆ་རྣམས་དང་རིག་པའི་གནས་བཅས་ལ་གསན་སྦྱངས་ཚུལ་མཐུན་མཛད་དེ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བདེ་བར་གཤེགས་ནས་མི་ལོ་ ༩༨༣༡ བོད་ཤིང་རྟ་ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དམ་འཇོག་གནང་བས་སྦྱོང་རྒྱུགས་ཚད་མཐོར་ཐོན་པའི་འབྲས་རྟགས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་ཕྱག་འཁྱེར་བཞེས་གནང་སྟེ་སྐལ་བཟང་ཁྲི་སྟོན་གྱི་མཛད་སྒོ་སྤེལ་ནས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ཀྱིས་མཇལ་བཅར་ཞུས་ཏེ་“བསྐལ་པ་བཟང་”ཞེས་རྟེན་འབྲེལ་དང་མནྚལ་རྟེན་དོད་སོགས་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་དང་། ཕྱི་ཉིན་ཕྱི་ཚེས་༡༨ ཉིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་བོན་གཞིས་སློབ་ཕྲུག་སེར་སྐྱ་མང་ཚོགས་ཡོངས་ལ་གསོལ་ཚིགས་རྒྱས་འབུལ་ཞུས་ནས་སྐབས་བཅུ་བདུན་པའི་སྨན་རིའི་དགེ་བཤེས་མཛད་སྒོ་ཡོངས་སུ་ལེགས་གྲུབ་ཞུས།
ཕྱི་ལོ་༢༠༡༤ཟླ་ ༣ ཚེས་ ༡༩ ཉིན་སྔ་དྲོའི་ཕྱག་ཚོད་དགུ་པ་ཙམ་ལ་གློ་བུར་དུ་སྙུང་གཞི་ཞིག་འཕར་ཏེ་ཕྱག་ཚོད་བཅུ་གཅིག་ཙམ་ལ་ས་གནས་སོ་ལན་SOLANསྨན་ཁང་དུ་སྐུ་གཤེགས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་།
ཞིང་གཤེགས་དམ་པ་༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་ལགས་ནི་ ༡༩༧༤ ཟླ་ ༢ ཚེས་ ༣ ཉིན་མདོ་སྨད་མཚོ་སྔོན་བཱ་ཡན་(དཔའ་ལུང་)རྫོང་ཁོངས་སུ་སྐུ་འཁྲུངས་ཤིང་ས་གནས་སློབ་ཆུང་ནས་སློབ་འབྲིང་མཐར་ཕྱིན་པར་མཛད། ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ཤེས་རབ་དགའ་ཚལ་སློབ་གླིང་སོགས་སུ་དབྱིན་ཡིག་སོགས་ལ་སློབ་སྦྱོང་གནང་ཡོད་པ་དང་། ཕྱི་ལོ་༡༩༩༧ཟླ་ ༡༢་ཚེས་ ༡༢ ཉིན་༧གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་འབྱོར་ནས་རབ་བྱུང་གི་སྒྲིག་ཞུགས་ཞུས་ཤིང་། ཕྱི་ལོ་༢༠༠༣ ཟླ་ ༣ ཚེས་ ༡༨ ཉིན་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམས་ཀྱི་དྲུང་དུ་དག་པ་དྲང་སྲོང་ངམ་དགེ་སློང་གི་སྡོམ་ཁྲིམས་བཞེས་ཡོད་པ་དང་།
ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༣ ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་ཁོངས་སུ་ཞུགས་ཏེ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ཆེན་བཀའ་པོད་དྲུག་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་ཚུལ་བཞིན་མཛད་དེ་ཕྱི་ལོ་༢༠༡༢ལོར་སྨན་རིའི་སློབ་གཉེར་བ་ཡོངས་ཀྱི་ཁོངས་ནས་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་སྐབས་ཨང་དང་པོ་བླངས་ཡོད་པ་དང་ཕྱི་ལོ་༢༠༡༣ལོར་ཡང་སྨན་རིའི་སློབ་གཉེར་བ་ཡོངས་ཀྱི་ཁོངས་ནས་ཡིག་རྒྱུགས་ཨང་དང་པོར་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༤་ཟླ་ ༣ ཚེས་ ༡༧ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་གཉིས་ཀྱི་དྲུང་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གང་གི་གྲོགས་ཀྱི་ཐུ་བོ་ཁྲི་གཡུང་དྲུང་དུ་འབོད་པས་ཕྱི་ལོ་༢༠༡༤ཟླ་ ༣་ཚེས་༢༤ཉིན་བྲེལ་བྲིས་སུ་བགྱིས་པ་དགེ།
བཀུར་འོས་རྩོམ་སྒྲིག་པ་ལགས་ལ་ཞེ་ཐག་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ཨོམ་མ་ཏྲི་མ་ཡ་ས་ལེ་འདུ།
གྲུབ་མཐའི་རྒྱལ་པོ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་ཚད་ལྡན་དང་ཚུལ་མཐུན་ཞིག་དགུང་ལོ་ཆུང་ཆུང་འདི་འདྲ་ལ་དགོངས་པ་བོན་དབྱིངས་སུ་འཐིམ་པར་གདུངས་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུ། མཁར་དང་ཁང་པ་སྟོང་ཕྲག་མང་པོ་ལས་བསྟན་འཛིན་ཀྱི་སྐྱེས་བུ་གཅིག་གལ་འགང་ཆེ་བ་ཡིན། ཅིས་ན་ལོ་ངོ་དུ་མར་དཀའ་བ་ཁྱད་དུ་བསད་ནས་དཔེ་ཆ་ཨུ་ཚུགས་བརྒྱབ་ནས་བལྟས་པའི་ཕྱིར། འདི་ཤིན་ཏུ་དཀོན་པོ་རེད་འདུག གཞུང་ལུགས་རྒྱ་མཚོ་ལྟ་བུའི་དགོངས་དོན་རྟོགས་རྒྱུ་དེ་ལས་སླ་མོ་ཞིག་ག་ན་ཡིན། ད་ནས་བཟུང་ཁྱེད་ཚོ་ཚང་མས་སོ་སོའི་སྐུ་ལུས་བདེ་ཐང་ལ་ཐུགས་ལྕག་གནང་རྒྱུ་དེ་ཤིན་ཏུ་གལ་ཆེ། གཟུགས་པོ་འདི་ནི་ཐར་པའི་ལམ་ལ་བགྲོད་བྱེད་ཀྱི་གྲུ་གཟིངས་ལྟ་བུ་ཡིན་པར་གསུངས་འདུག་པས་དེའི་དོན་ཤེས་པའི་སྒོ་ནས་འཕྲོད་བསྟེན་ལ་ཟབ་འཚལ་ལོ། དུས་ནས་དུས་སུ་སྨན་པའི་སར་གཟུགས་གཞི་བདེ་ཐང་ཡིན་མིན་བརྟག་དཔྱད་གནང་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེན་པོ་རེད། །
དགེ་བཤེས་སྐུ་གཤེགས་པར་སེམས་ཕམ་བྱུང་། གཏམ་དཔེ་ཞིག་ལ། མི་ཚེ་བཟང་པོ་དེ་ཐུང་ཡང་ཆོག མི་ཚེ་ངན་པ་དེ་རིང་ཡང་མི་ཕན། ཟེར་བ་ཞིག་ཡོད་པ་བཞིན་ཁྲིམས་ལྡན་སྡེ་སྣོད་འཛིན་པ་ཞིག་སྐུ་གཤེགས་པར་མྱ་ངན་དང་ཆབ་ཅིག་ཏུ་ཁོང་གིས་སྐུ་ཚེ་འདིར་བསྒྲུབས་པའི་དཀའ་སྤྱད་འབད་བརྩོན་ལ་རྗེས་སུ་ཡི་རངས་ཡང་ཞུའོ།།
གངས་ཅན་བོད་ཀྱི་མཁས་དབང་ཞིག་ཞི་དབྱིངས་སུ་འཐིམས་ཚུལ་བསྟན་པར་ཡིད་སྐྱོ་བྱུང་། སླར་ཡང་བོད་ནས་འཁྲུངས་ཏེ་ཤེས་རིག་སྤྱི་དང་བྱེ་བྲག་རིས་མེད་ཆོས་ལུགས་སྤེལ་བའི་བྱེད་པོར་འགྱུར་བར་སྨོན།
དགེ་སློང་དགེ་བའི་བཤེས་གཉེན་དེ་སྐུ་གཤེགས་པ་དེ་བློ་ཕམ་དང་། འོན་ཀྱང་དགེ་སླིང་བསླབ་ལྡན་བོན་གྱི་དགེ་མཆོག་ཁོ་རང་གི་ལ་ནི་སངས་ཆུང་རྒྱ་བ་ཞིག་ངོསའཛིན་་ཡོད། མ་ཟད་སླར་ཡང་མི་ལུས་དོན་ལྡན་དུ་སྐུ་སྐྱེ་གནང་རང་རེ་སྐྱེ་འགྲོ་རྣམ་ལ་ལམ་སྟོན་གནང་བའི་སྨོན་ཚིག་དང་། ལྷན་ཅིག་ཏུ་ཁོང་གི་ས་ལམ་ལའང་མཐུན་རྐྱེན་ཡང་དང་ལྡན་པའི་ཚང་ཐུགས་སྨོན་ཞུ།
དགེ་བའི་བཤེས་གཉེན་ཁོང་སྐུ་གཤེགས་པར་སྐྱོ་བ་ཚད་མེད་བྱུང་། མི་འགྱང་བར་ད་ལྟའི་མཛད་འཕྲིན་གྱི་འཕྲོ་སྐྱོང་བའི་སྐྱེ་ཆེན་དམ་པ་ཞིག་གི་ཚུལ་བཟུང་ནས་སླར་ཡང་གདན་ས་འདིར་འབྱོན་པའི་རེ་བ་དང་སྨོན་ལམ་ཡོད།
མྱ་ངན་ཞུ། མི་ཚེ་གོང་བོར་བོན་ལ་སྦྱོང་སྦྱོང་བས་ཆོས་མེད་དེ་སྙིང་རྗེ། ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ སྐྱེ་བ་ཕྱི་མ་ཆོས་པ་ཡག་དག་ཅིག་ཏུ་སྨོན་ནོ།།
་་་་་་ གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ཆེན་བཀའ་པོད་དྲུག་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་ཚུལ་བཞིན་མཛད་་་་་་་་་
་་་་་་ སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བདེ་བར་གཤེགས་ནས་མི་ལོ་ ༩༨༣༡ བོད་ཤིང་རྟ་ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དམ་འཇོག་གནང་་་་་་་
་་་་་གཤེགས་ནས་མི་ལོ་ ༩༨༣༡ བོད་ཤིང་རྟ་ལོར་་་་་་་
གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་ཀྱིས་སྐྱོབས། །མཁས་དབང་དམ་པས་ཐུགས་བཞེད་མཐར་ཕྱིན་ཤོག །
ཏི་སི་དང་། རྨུ་ཐག་གི་རྒྱུད་ལ་བཀའ་འདྲི་ཞུ་རྒྱུ། ཉེ་ཆར་སྐུ་གཤེགས་སྒོ་ཤུལ་བློ་བཟང་ཞུ་བ་ཁྱིམ་རྒྱུད་བོན་པོ་དང་། སྒོ་ལྷ་རིགས་དཀར་པོ་ཟེར་བ་བོན་ལུགས་ཀྱི་བླ་ཆེན་ཞིག་གིས་གདུང་རྒྱུད་རེད་ཟེར་སྲོལ་འདུག །དེའི་སྐོར་ལ་ལོ་རྒྱུས་མཁོ་སྤྲོད་གནང་རྒྱུ་བཞུགས་སམ། །
དྲི་མེད་ལྷག་བསམ་ལགས། དེའི་སྐོར་ལ་གང་ཡང་ཤེས་མ་བྱུང་ལགས། གལ་སྲིད་གནས་ཚུལ་འདྲ་ལན་སོན་བྱུང་ན་འབུལ་ངེས་ཡིན།
རྨུ་ཐག་བརྒྱུད་པར་ཐུགས་རྗེ་ཆེ། ཕྱིས་སུ་སྒོ་ལྷ་རིགས་དཀར་པོའི་ལོ་རྒྱུས་དང་། ཞུ་གཤེན་གདུང་དང་སྒོ་རིགས་གཉིས་གཅིག་ཡིན་མིན། དེ་ལས་བྱུང་བའི་བོན་གྱི་བླ་ཆེན་ཤེས་མཁན་ཡོད་ན་གནས་ཚུལ་མཁོ་འདོན་གནང་བར་ཞུ། །
་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་མཆོག་གིས་མདོ་སྔག་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་མཛད་ནས་རང་དོན་ཕུན་སུམ་ཚོགས་པར་མཛད། གཞན་དོན་ཕུན་སུམ་ཚོགས་པ་སྐུ་ཚེ་འདིར་རྒྱ་ཆེར་མ་བསྐྱངས་པར་མཛད་པ་གཞན་ཞིག་ཡོད་ངེས། གཞུང་ཆེན་བཀའ་པོད་དྲུག་ཅེས་པ་དེ་ཅི་ཅི་ཡིན་ནམ། དེ་ཡང་བཀའ་པོད་ཡིན་ནམ་དཀའ་པོད་ཡིན་པ་ལ་དཔྱད་པ་ཞིག་བྱེད་དགོས་པར་མཐོང་ངོ་།
རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། ཉིད་ཀྱིས་མཁྱེན་གསལ་ལྟར་གཙང་བཀྲ་ཤིས་ལྷུན་པོར་དཀའ་ཆེན་དང་། དེ་བཞིན་གཞན་དུ་དཀའ་བཅུ་པ་སོགས་ཡོད་པས་དེ་ལ་དོགས་སློང་གནང་དགོས་པ་ཞིག་རེད།
གཞུང་ཆེན་དཀའ་༼བཀའ་༽པོད་དྲུག་ཅེས་པ་དག གང་དང་ཡིན་ནམ། ལགས།
གཤེན་ལོ་༩༨༣༡ ཡིན་ན། སངས་རྒྱས་གསུམ་པ། སངས་རྒྱས་འོད་སྲུངས་ཀྱི་འཁྲུངས་འདས་ག་དུས་ཙམ་རེད། དེ་བཞིན་དུ། གཉིས་པ་སེར་ཐུབ། དང་པོ་འཁོར་བ་འཇིག་གི་འབྱུང་རབས་ལོ་རྒྱུས་གསལ་ཤོས་གང་དུ་ཡོད་དམ། ལགས།
འབྱུང་རབས།
ལས།
བྱུང་རབས་དག་པ་འདྲ།
སངས་རྒྱས་འོད་སྲུངས་སྐབས་ཀྱི། རྒྱལ་པོ་ཀྲི་ཀྲིའི་དང་། རྒྱལ་ཟས་གཙང་གཉིས་ཀྱི་བར་ལ དགའ་ལྡན་པའི་ལྷའི་ཚེ་ཚད་གཅིག་གི་ཡུན་ཚད་དགོས་ངེས་པས་་་་་ དེ་གཉིས་བར་གྱི་རྒྱལ་རབས་མི་བརྒྱུད་མང་ཉུང་ག་ཚོད་ཙམ་ཡོད་མེད་དེབ་སྔོན་ནང་ལ། རོབ་རྩིས་ཙམ་བྱས་ཟིནད་ཡོད་པ་འདྲ།
སེམས་གཏིང་ནས་འདྲི་གི་ཡོད་ན་མཚན་ཉིད་པོད་ཆེན་དྲུག་ཟེར་བ་དེ་རེད། ཅོ་འདྲི་ཡིན་ན་དེ་ག་རང་ཡིན་ཞི་དགོས་མ་མཆིས།
༡ ༽ རིགས་ལམ་གྱི་སྒོ་མཐའ་དག་བསྡུས་ཏེ་སྟོན་པའི་བསྡུས་གྲའི་གཞུང་དང་
༢ ༽ ཡུལ་དང་ཡུལ་ཅན་ལས་སོགས་བློ་རིག་གི་རྣམ་གཞག་སྟོན་པ་ཚད་མའི་གཞུང་དང།
༣༽ སྣོད་བཅུད་ལས་སོགས་མཛོད་གནས་བཅུ་བདུན་གྱི་རྣམ་གཞག་སྟོན་པའི་མཛོད་ཀྱི་གཞུང་དང།
༤༽ ཚུལ་དང་ཁྲིམས་ལས་སོགས་སོ་ཐར་རིགས་བཞིའི་བླང་དོར་རྣམས་ལེགས་པར་སྟོན་པའི་འདུལ་བའི་གཞུང་དང།
༥༽ ཐེག་པ་ཆེན་པོའི་ལུགས་ཀྱི་ས་བཅུ་དང་ལམ་ལྔ་ལས་སོགས་གསལ་བར་སྟོན་པའི་ས་ལམ་མམ་ཤེར་ཕྱིན་གྱི་གཞུང་དང།
༦༽ བདེན་པ་གཉིས་ལས་སོགས་མཐའ་བྲལ་དབུ་མའི་ལྟ་བ་གཏན་ལ་འབེབས་པའི་དབུ་མའི་གཞུང་བཅས་དྲུག་ལ་བཤད་དོ།
དཀའ་བཅུ་པ་ཟེར་བ་ནི།
དཀའ་བའི་གནད་གཞུང་པོད་ཆེན་ལྔ་དང་དགོངས་འགྲེལ་དང་བཅས་པར་སློབ་གཉེར་རགས་རིམ་ཙམ་གནང་མཁན་གྱི་བཀའ་རམས་པ་ལ་བཤད།
དཀའ་བཅུ་པ་དང་དཀའ་ཆེན་གཉིས་ནང་དོན་མཚུངས་པར་ཀུན་མཁྱེན་ཉི་མས་གསུངས་འདུག
བན་དེ་བ་མཆོག་ལ་བཀའ་འདྲི་ཞུ་རྒྱུ། གོང་དུ་དྲིས་པའི་ཞུ་གཤེན་གདུང་བྱ་བ་དང་། སྒོ་ལྷ་རིགས་དཀར་པོ་བྱ་བའི་ལོ་རྒྱུས་དགོས་ན་ལམ་སྟོན་གནང་བར་ཞུ། །
དྲི་མེད་ལགས།
ཞུ་གཤེན་ཟེར་བ་ནི་བོན་གྱི་བརྒྱུད་འཛིན་གྱི་ནང་ནས་གཙོ་བོར་གྱུར་བའི་བརྒྱུད་པ་དྲུག་གི་ནང་ཚན་ཞིག་རེད། དེ་ཡང་ཞུ་ཟེར་བ་ནི་ཞུ་ཚང་དང་དེའི་བརྒྱུད་པ་ད་ལྟའང་མང་དུ་ཡོད་་་བན་དེའི་ཕྱོགས་སུ་ད་ལྟ་ཨ་རིར་ཡོད་པའི་ལྕགས་མདུད་སྤྲུལ་སྐུའི་སྲས་པོའང་ཞུ་ཚང་གི་གདུང་རེད།
གཤེན་ཟེར་བ་ནི་གཤེན་ཚང་རེད་ད་ལྟ་བོད་རང་སྐྱོ་ལྗོངས་ཟེར་བའི་ཁོངས་གཏོགས་གཤེན་དར་ལྡིང་ཞེས་དགོན་པ་ཡོད་ཅིང་དེ་ཡི་གདུང་རྒྱུད་འཛིན་པའི་གཤེན་སྲས་ནོར་བུ་དབང་རྒྱལ་ཞུ་བ་སྟོན་པ་གཤེན་རབ་ཀྱི་གདུང་རྒྱུད་ཡིན་པ་ད་ལྟ་སྐུ་འཚོ་བཞུགས་སུ་ཡོད།
སྒོ་རིགས་ཟེར་བ་ནི་བོན་གྱི་མཁས་པ་རྣ་འབྱོར་སྒོ་སྟོན་ཉི་མ་རྒྱལ་མཚན་ཞུ་བ་སོགས་བྱོན་འདུག་ཅིང་་་ཕལ་ཆེར་སྒོ་རིགས་དང་སྒ་རིགས་གཉིས་གཅིག་ཡིན་པའང་བཤད་འདུག
དྲི་མེད་ལགས་ད་དུང་གསལ་ཙམ་དགོས་ན། བོད་མི་བུ་གཉན་ཚ་སྤུན་དྲུག་ཅེས་བྱ་བ་ནི། ཞང་བོད་ཁམས་ཀྱི་མིའུ་རིགས་ཀྱི་གྲོལ་བའི་རིགས་དྲུག་སྟེ།
སྲིད་པ་དང་པོ་ནམ་མཁའི་ལྷས་བཟུངས་ཏེ་དེ་དུས་སྨྲ་དང་མི་གཉིས་གཅིག་ཏུ་གནས་པས། ༡ ཡུལ་མིང་ཡང་སྨྲའམ་ལྷ་ཡུལ་གུང་ཐང་ཞེས་སུ་བརྗོད། ༢ དེ་རྗེས་མ་སངས་གཉན་གྱིས་དབང་མཛད་པས། མི་དང་གཉན་གཉིས་མཛའ་བཤེས་ཀྱི་ཚུལ་དུ་གནས་ཏེ། ཡུལ་མིང་ལ་གཉན་ཡུལ་གསེར་སྟེང་ཞེས་བརྗོད། ༣དེ་རྗེས་འཕྱེ་བོ་ཀླུ་ཡིས་དབང་བདག་བྱས་པས། མི་དང་ཀླུ་འགྲོགས་ཏེ་ཡུལ་གྱི་མིང་ཡང་ཀླུ་ཡུལ་ན་ར་གསེང་སྔོན་ཞེས་སུ་བརྗོད། ༤དེ་རྗེས་གནོད་སྦྱིན་བཙན་གྱིས་དབང་བྱས་པས་འགྲོ་བ་མི་ལ་གནོད་དང་ཕན་པ་བྱེད། ཡུལ་མིང་ཡང་གདོང་དམར་བཙན་གྱི་ཡུལ་ཞེས་བརྗོད། ༥དེ་རྗེས་བདུད་དང་སྲིན་མོས་དབང་བྱས་ཏེ་འགྲོ་བ་མི་ལ་གནོད་ཅིང་དངོས་སུ་ཟ་བར་བྱེད། མི་རྣམས་སེམས་ཅན་གྱི་ཤ་ཟ་ཞིང་གདོང་པ་དམར་ཡུལ་མིང་ཡང་བདུད་ཡུལ་ནག་པོ་དགུ་སྲུལ་ལམ་བདུད་ཡུལ་ཁ་རག་སྒོ་དགུ་ཞེས་བརྗོད། ༦ དེ་རྗེཟ་མི་ལས་གདོན་གྱུར་བདུད་ཀྱིས་བཟུངས་ཏེ་མི་དང་བསྡོངས་ཏེ་གཤེན་ལ་བསྡོ་རུ་བྱེད། འདི་ཡན་ལྷ་མི་དང་མ་ཕྱེ་བའི་དུས་ཡིན་ཅིང། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ་ཡུལ་མིང་ཡང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། གཞན་ཡང་་་་བོན་རྗེ་འཛོམ་འབྲང་དང་གཉན་ལྕམ་དཀར་མོ་གཉིས་བཤོས་པ་ལས་་་་སྲས་སུ་བོད་མི་བུ་གཉན་ཚ་སྤུན་དྲུག་བྱུང་སྟེ། སེང་ཁྱུང་དབྲ་དང། དམུ་ཚ་སྒ་དང། ཨ་བ་ལྡོང་དང། ཨ་ལྕགས་འགྲུ་དང་། ལྷ་སྡེ་སྒོ་དང། དབའ་གདའ་གཉིས་སོ། དེ་ལ་དབྲ་རིགས་དཀར་ནག་ཁྲ་གསུམ། སྒ་རིགས་རྩེ་ཁྲམ་བདུན་པ། ལྡོང་རིགས་རུས་ཁམས་བཅོ་བརྒྱད། འགྲུ་རིགས་ཆེ་འབྲིང་ཆུང་གསུམ། སྒོ་རིགས་ལྷ་སྲས་བུ་དགུ། དབའ་གདའ་གཉིས་ཀྱི་རིགས་བོད་དང་བོད་ཆེན་གྱི་མི་རྒྱུད་ཐམས་ཅད་དེ་ལས་གྲོལ་བར་བོན་གྱི་ལོ་རྒྱུས་ལས་གསུངས་སོ། ཡིན་ནའང་མཆེད་ཁུངས་བོན་ལས་ཡིན་པར་བརྟེན་བོད་མི་ཚོས་དེ་ཙམ་གྱིས་གལ་ཆེར་མི་བརྩི་ནའང་ཐོང།
དེས་ན་ཁྱེད་ལ་དགོས་པའི་སྒོ་རིགས་དེ་ཡང་དེ་ན་འདུག་པས་ཐུགས་ཕན་གསོ་བའི་རེ་བ་ཡོད། འོན་ཀྱང་ཡིད་ལམ་ལ་ཡོད་པ་ཇི་ལྟར་བྲིས་པ་ལས་ཡིག་ཐོག་ནས་བཤུས་པ་མིན་པར་བརྟེན་ཆད་ལུས་ནོར་འཛོལ་བྱུང་ན་དགོངས་འགལ་མེད་པ་ཞུ།
ཡོང་ཁུངས་བན་ཡིན་ན་འདྲ། བོན་ཡིན་འདྲ། དཔེ་ཆ་དེ་ནམ་ཞིག་ལ་བྱུང་བ་རེད། སུས་བྲིས་པ་རེད། མི་དེའི་ཁུངས་སྐྱེལ་གང་ལ་བརྟེན་པ་རེད། དམིགས་ཡུལ་གང་གིས་བྲིས་པ་རེད། དེ་ཚོ་གསལ་པོ་ཡོད་ན་གསེར་ས་འོག་ན་ལུས་རུང་འོད་ནམ་མཁའ་ལ་རང་ཤུགས་ཀྱིས་འཕགས་ཀྱི་རེད།
སེམས་ཆུང་ཆུང་རང་གིས་མ་ཁུར་དང་།།
རྡོ་གཡའ་མ་རླུང་གི་ཁུར་ལེ་མིན།།
བན་དེ་མཆོག་གིས་དུས་ཐོག་ཏུ་ལན་ཕེབས་པར་དགའ་བསུ་ཞུ། སྔོན་ཆད་ཀྱང་ཉིད་ཀྱིས་བདག་ལ་ཡིག་ཆ་དུ་མ་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ། ཉེ་ཆར་སྒོ་ཤུལ་བློ་བཟང་གཤེགས་པ་ལས་འཕྲོས་ནས་གནས་ཚུལ་འདི་ཤེས་སྙིང་འདོད་པ་བྱུང་། བོད་ཀྱི་ལོ་རྒྱུས་པལ་མོ་ཆེར་མིའུ་རིགས་དྲུག ཞང་པོ་སྒོ་དང་བདུན་བྱས་དུས་སྒོ་སྒ་རིགས་ལས་ལོགས་སུ་གྱུར་བ་ཡོད་ཅིང་། གོ་ཐོས་ལྟར་ན་ཁམས་ཟླ་རྒྱུད། མི་ཉག ཅོ་ནེ་དང་། ཁྲོ་ཁོ་སོགས་སུ་མི་བརྒྱུད་འདི་གཡང་རྟེན་ལྟ་བུར་བརྩི་སྲོལ་ཡོད་པ་དང་། རིགས་འདིས་ད་བར་བན་བོན་གཉིས་ཀྱི་ཆོས་ལུགས་བྱེད་པ། ཡུལ་དེའི་སྲིད་པའི་ལྷ་གསོལ་དུས་སྒོ་རིགས་གཙོ་བོར་འཛིན་ཚུལ་ཡོད་ཟེར་བའི་གཏམ་རྒྱུད་ཅིག་གོ་ནས་དྲིས་པ་ཡིན། དབུས་ཕྱོགས་སུའང་བོན་རིགས་ཁྲོད་དེ་འདྲ་རེ་ཡོད་ཚོད་རེད། ཕྲན་གྱི་འདོད་པ་ནི་བོད་ཀྱི་དམངས་ཁྲོད་རིགས་གཞུང་དང་། མི་རིགས་ཀྱི་རྩ་བ་བོན་ལ་གཏུག་དགོས་པས་བོན་གྱི་གླེགས་བམ་དག་བསྟན་བཅོས་དག་ལ་དགའ་བོ་བྱེད་མཁན་གྱི་ཕྱོགས་སུ་གཏོགས། སླར་ཡང་ཐུགས་རྗེ་ཆེ་ཞུ། །
སེམས་ཆུང་ཆུང་བསམ་ནས་ཐུབ་ཚོད་བཏང།
རྡོ་གཡའ་མར་བསམ་ནས་མེ་ཆུར་སྐུར།
ཁུངས་གང་ནས་ཡིན་མིན་བརྟག་ལོང་མེད།
མིང་གོ་བ་ཙམ་གྱིས་སྙིང་རླུང་ལངས།
མི་དེའི་རིགས་རྣམས་སྣོད་མིན་པས།
ཐ་རམ་བརྒྱ་ཡིས་གདབ་སྟེ་ཞུགས་པར་མཛོད།
བསྐལ་བ་བརྒྱ་ཡི་བར་དུ་མ་ཤོར་ཅིག
རྭ་མེད་སྲུང་མ་རྣམས་ཀྱིས་བསྲུང་ཤིག་ཀྱེ།
དྲི་མེད་ལགས་སྒོ་ལྷ་རིགས་ཀྱི་གདུང་རྒྱུད་འདི་ད་ལྟ་རྒྱལ་རོང་ཕྱོགས་སུ་ཡོད་འདུག རྒྱལ་མོ་རོང་དམུ་རྡོ་ལྷ་གཉན་ཕྱོགས་སུ་ཡོད་ཅིང་དེར་བོན་གྱི་མཁས་གྲུབ་ཆེན་པོ་འགྲོ་མགོན་ཤེས་རབ་གཡུང་དྲུང་ཞུ་བ་ཁོང་གི་ཡུམ་གྱི་མཚན་ལ་སྒོ་རིགས་བཟའ་ཤཀྱ་བུ་ཁྲིད་ཅེས་གསུངས་འདུག
་་་་དེ་ནས་༼མ་སངས་སྤུན་དགུས་༽དབང་བྱས་ཏེ་ཡུལ་མིང་ཡང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། གཞན་ཡང་་་་བོན་རྗེ་འཛོམ་འབྲང་དང་གཉན་ལྕམ་དཀར་མོ་གཉིས་བཤོས་པ་ལས་་་་༼སྲས་སུ་བོད་མི་བུ་གཉན་ཚ་སྤུན་དྲུག་༽བྱུང་སྟེ། ་་་་་་
# 22 བན་དེ་བ།་ལགས་ཀྱིས།
མཚན་ཉིད་པོད་ཆེན་དྲུག་ནི།
༡༽ བསྡུས་གྲ
༢༽ བློ་རིག
༣༽ མཛོད་གནས་བཅུ་བདུན།
༤༽སོ་ཐར་རིགས་བཞིའི་འདུལ་གཞུང་།
༥༽ ཐེག་ཆེན་ས་བཅུ་དང་ལམ་ལྔའི་ཤེར་ཕྱིན་གྱི་གཞུང་།
༦༽ བདེན་གཉིས་དབུ་མའི་གཞུང་དང་དྲུག་གོ
# 22 བན་དེ་བ་ལགས་ཀྱིས། པོད་ཆེན་དྲུག གྲངས་འདྲེན་གནང་བར་བཀའ་དྲིན་ཆེ།
དྲི་མེད་ལགས་དེ་ག་རང་རེད། སྒ་དང་སྒོ་གཉིས་དབར་ལ་ལོ་རྒྱུས་ནས་སོ་སོར་བཤད་ཡོད་འོན་ཀྱང་ཁ་རྒྱུན་དུ་གཅིག་པ་ཡིན་པའི་བཟོའདྲ་བཤད་མཁན་འདུག གང་ལྟར་བོད་མིའུ་གདུང་དྲུག་གི་སྐོར་ལ་འདི་འདྲ་རེད།
དབུ་ནག་མིའུ་གདུང་དྲུག་ལ།
ཁ་ཁར་རྩིས་ན་སོ་སོར་ཆེ།
གྱེས་པ་སྟོང་ཀུན་ལ་ཡོད།
བོད་ལ་ཡིག་ཚང་བདུན་ཡོད་པ།
སྲིད་པ་གུང་སྤེལ་དེ།
སྨུག་པོ་ལྡོང་གི་ཡིག་ཚང་ཡིན།
སྨུག་ནག་ཟིལ་བ་དེ།
སེ་ཁྱུང་དབྲ་ཡི་ཡིག་ཚང་ཡིན།
སྟོང་སྒྲ་དམར་དེ།
ཁྲི་གཟི་འགྲུའི་ཡིག་ཚང་ཡིན།
སྐྱ་བོ་མཐའ་ཡས་དེ།
དམུ་ཚ་སྒ་ཡི་ཡིག་ཚང་ཡིན།
ཁྲིམས་དང་ཚིག་གི་ཡིག་ནག་དེ།
དབའ་ལྡ་གཉིས་ཀྱི་ཡིག་ཚང་ཡིན།
ཡ་མཚན་གཡུ་ཡི་མཆིག་གུ་དེ།
བློན་པོ་རྣམས་ཀྱི་ཡིག་ཚང་ཡིན།
ལྕགས་ཀྱི་བྲ་བ་མགོ་ནག་དེ།
མཐའ་ངན་པ་ཤག་གི་ཡིག་ཚང་ཡིན།
མིའུ་རིགས་བཞི་ཞེས་པ་ནི།
མི་ལ་མིའུ་རིགས་བཞི་སྲིད།
བྱ་ལ་བྱའུ་རིགས་གསུམ་སྲིད།
མིའུ་རིགས་བཞི་ནི།
སྨྲ་དང་ཞང་ཞུང།
སྟོང་དང་སུམ་པ།
ལྡོང་དང་མེ་ཉག
སེ་དང་འ་ཞ་བཅས་བཞི་དང་་་་དེ་ཡི་སྟེང་དུ་ཞང་པོ་སྒོ་བརྩིས་པས་མིའུ་རིགས་ལྔ་རུ་འབྱུང་བའོ།
དྲི་མེད་ལྷག་བསམ་མཆོག་དང་བན་དེ་བ་མཆོག་སོགས་ལྷན་རྒྱས་ལ་ཆེད་ཞུ་གསལ་བཤད་མཛད་པར་བཀའ་དྲིན་ཆེ། འདྲི་དགོས་པའི་རྒྱུ་མཚན་ཡང་། གྲུབ་མཐའ་སོ་སོའི་དབང་གིས་གཞུང་ལུགས་གཞན་དག་རེ་ཡོད་དམ་སྙམ་པ་བཅོས་མིན་ཡིན། ད་རེས་ཀྱི་གསལ་བཤད་ལ་བརྟེན་ནས། རྒྱ་གར་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་བརྟེན་པ་ཡུལ་གངས་ཅན་པའི་གྲུབ་མཐའ་སྨྲ་བ་ཀུན་ཞལ་མཐུན་པར་ཡོད་པ་དང་། མཁས་མཆོག་་དེ་རྣམས་ཀྱི་གཞུང་ལུགས་ཀྱི་དཔེ་ཆ་འགའ་རེ་བློ་ལ་བཟུང་ཡང་ཕལ་ཆེ་བ་བརྗེད་ངས་ཀྱི་རྐུན་པོས་ཁྱེར་འདུག་ཀྱང་། ཚིགས་བཅད་འགའ་རེ་ད་དུང་ཡང་་མཇལ་དུ་སྣང་བས་དགའ་བ་ཆེར་བྱུང་ངོ་།
བན་དེ་བ་ལ་ཐུགས་རྗེ་ཆེ་ཞུ། ཡང་དྲི་བ་ཞུ་རྒྱུ། བོན་ལ་རུས་མཛོད་འཁོར་ལོར་བཅུག་ནས་སྐོར་ཚུལ་ཞིག་ཡོད་དམ། དེ་རིང་་ཡིག་ཟམ་བརྒྱུད་གྲོགས་པོ་ཞིག་གིས་ལན་བྱུང་བར། སྒོ་ལྷ་རིགས་དཀར་པོའི་རུས་མཛོད་ཟེར་བའི་འཁོར་ལོ་གཡོན་ཏུ་སྐོར་རྒྱུ་ཞིག་འདུག་ཟེར། མི་རིགས་འདི་མང་ཆེ་བས་རང་ཉིད་བོན་པོའི་བླ་ཆེན་ཞིག་གི་གདུང་བརྒྱུད་དུ་འདོད་པ་དང་། བཤད་སྲོལ་རེ་གཉིས་ན་དམ་ཅན་རྡོ་ལེགས་ཀྱི་བརྒྱུད་པ་ཡིན་ཟེར། བན་དེའི་གཞུང་དུ་དམ་ཅན་ཐེའུ་རང་གི་རིགས་ཡིན་པར་བཤད། བོན་གྱིས་དམ་ཅན་སུ་ཞིག་གི་རིགས་སུ་གཏོགས་པར་འདོད། དམ་ཅན་གྱི་གདུང་བརྒྱུད་ཟེར་བ་ཡོད་དམ། བོད་མི་བུ་གདོང་དྲུག་གི་རུས་མཛོད་ལས། སྒོ་རིགས་ཀྱི་མཚུན་ལྷ་བཤད་པའི་རྗེས་སུ། དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མཆེད་མཆོད་བསྟོད་ལ་བརྩོན་དགོས་ཞེས་བཤད་པ་དང་། སྒོ་ཡི་བླ་ཟོག་ར་ཡིན་པར་བཤད་པ་དང་། དམ་ཅན་གྱི་ཆིབས་པ་དང་བསྐང་རྫས་ཡང་ར་ཡིན་པར་བཤད་པ་སོགས་ལ་འབྲེལ་བ་ངེས་ཅན་ཞིག་ཨེ་ཡོད་སྙམ། ཡང་དེ་ལས། མདོ་ཁམས་འདིར་ཐོག་མར་སྒོ་ལྷའི་རིགས་ངོས་འཛིན་ལ། སྒོ་ལྷའི་རིགས་དང་ཞེས་པ་ནས་ལྷ་མིའི་བར་གྱི་དམུ་ཐག་བརྒྱུད་ནས་བྱུང་བ་དང་། ཉིད་ཀྱིས་བཞེད་པ་ལྟར། དྷུ་རྒྱལ་མོ་ཚོ་ཆེན་བཅོ་བརྒྱད་ཀྱི་མི་རིགས་ཐམས་ཅད་དེའང་སྒོ་ལྷ་རིགས་ཡིན། ཅེས་གསུངས་འདུག །དབུ་ནག་མིའུ་འདྲ་ཆགས་ལས། །སྒོའུ་ཐུག་མོ་པྲོམ་པྲོམ་སྲིད། །དམུ་རྒྱུད་ཐམས་ཅད་གྲོལ་ཐབས་ལགས། །ཞེས་དམུ་རིགས་དང་སྒོ་རིགས་གཅིག་ཏུ་བཞེད་པ་དང་། ཡང་། བཙུན་དར་དཀར་དྲི་མས་མ་གོས་པ། །ཆེ་བཙུན་གཉན་པོ་ཞང་པོ་སྒོ། །ཞེས་ཁྱད་ཆོས་དེ་ཁྲིམས་ལྡན་དང་གཙང་མ་ཡིན་པར་བཤད་པ་དང་། མི་བུ་གདོང་དྲུག་ལོ་རྒྱུས་ལས། སྒོ་རིགས་འཁྲུལ་མེད་དུ་འཁྲུངས་པ་བའི་ཚོགས་ནིཡ་རབས་དང་ཡོན་ཏན་གྱི་སྤྱོད་ཚུལ་ཀུན་ལྡན་པ། དེ་སྟེང་པོ་རྩལ་སྣ་དགུ་དང་ཡང་དགུ་འཛོམས་པ། ཁྱད་པར་བླ་མ་རྣམས་ནི་བྱང་ཆུབ་སེམས་དཔའི་བློ། ཚད་ལྡན་གྱི་རིགས། སྐྱེས་བུ་དམ་པ་བླ་མ་ལྷའི་རིགས་ཁོ་ན་ཡིན། ཞེས་གསུངས་སོ། །སྒོ་རིགས་འགའ་ཞིག་གིས་རང་ཉིད་བོན་གྱི་གདུང་རྒྱུད་ཆེན་པོ་ཞིག་ཡིན་པར་གླེང་ཀྱང་སུ་ཡིན་མ་ཤེས། ཅོ་ནེ་རྒྱལ་པོའི་མཁའ་ཁོངས་དམུ་རི་སེང་གེ་རྫོང་དང་། སྐུ་ལ་རྩེ་རྒྱལ་ནམ་མཁའ་རྫོང་སོགས་ཀྱི་བླ་རབས་མང་པོ་ཞིག་སྒོ་རིགས་ལས་བྱུང་ཞེས་རིགས་དེའི་བགྲེས་པོ་རྣམས་སྨྲ་བ་དང་། སྒོ་ཤུལ་ཚང་ལ་བུ་གཉིས་བྱུང་ན་གཅིག་བན་དེ་དང་། གཅིག་བོན་པོ་བྱེད་པའི་སྲོལ་ད་བར་ཡོད་ཟེར། དེ་འདྲའི་ཡ་མཚན་ཞིག་རེད། ཇོ་ནེའི་བོན་དགོན་རྣམས་ཀྱི་ལོ་རྒྱུས་ཐོབ་ན་དཔྱད་གཞི་ཞིག་ཨེ་ཡོད་སྙམ།
དྲི་མེད་ལགས་ཁྱེད་ལ་ངོ་ཐོག་གི་ཐུགས་འདོད་མཁྱེན་འདོད་ཡོད་ན་གདུང་རྒྱུད་འདི་ཡི་ཆོ་འབྲང་མདོར་ཙམ་ཞུས་ན་བསམ་བྱུང་རྒྱས་པར་ནི་ཞུ་ཁོམས་མི་འདུག
རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་ཐུགས་རྗེའི་འོད་ལས་སྤྲུལ་པའི་གནམ་ནས་ས་ལ་བྱོན་པའི་གདུང་རྒྱུད་ཁྱད་པར་ཅན་ཅིག་ཡིན་ཅིང། ལྷ་ཆེན་གཤེན་ལྷ་འོད་དཀར་གྱིས་འགྲོ་དྲུག་ཐུགས་རྗེས་འདྲེན་པའི་ཁྱད་པར་དུ་སྐུ་གསུང་ཐུགས་ཀྱི་ཀློང་ལས་འོད་ཟེར་སྤྲོས་པ་ལ་བརྟེན་ནས་་་་སྐུ་ཡི་འོད་ལས་གྲུབ་པའི་སྒོང་ང་ནི་ནམ་མཁའ་དངས་པའི་དབྱིངས་རུམ་ལྷ་རི་འོད་དཀར་གྱི་རྩེ་མོར་བབ་ནས་བརྡོལ་བའི་ཕྱི་ཤུན་ལས་དགུ་ཁྲི་གླིང་མཁར་ལྷ་ཡི་མཁར་དུ་སྲིད། ནང་གི་སྙིང་པོ་ལས་རྫུ་འཕྲུལ་ཐུགས་ཀར་ལྷ་ཡི་རྒྱལ་པོར་སྲིད། གསུང་ལས་སྤྲུལ་པའི་སྒོང་ང་ནི། བར་སྣང་རི་རབ་ཁ྄་ཁྱེར་ཡོད་རི་དེའུ་དཀར་གྱི་རྩེ་མོར་བབ་ནས་བརྡོལ་བའི་ཕྱི་ཤུན་ལས་ཁྲོ་ཆུའི་དམུ་རྫོང་སྒྲ་བླའི་མཁར་དུ་སྲིད། ནང་གི་སྙིང་པོ་ལས་་་ཡེ་མཁྱེན་སྒྲ་བླའི་རྒྱལ་པོར་སྲིད་དོ། ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་སྒོང་ང་ནི། ས་གཞི་འཛམ་གླིང་གནས་མཆོག་དམུ་རི་སྨུག་པོའི་རྩེ་མོར་བབ་ནས། བརྡོལ་བའི་ཕྱི་ཤུན་ལས། ལོ་ཕྲོམ་སྨུག་པོ་བསེ་ཡི་མཁར་དུ་སྲིད། ནང་གི་སྙིང་པོ་ལས། དམུ་རིགས་བཙུན་པོ་མི་ཡི་རྒྱལ་པོར་སྲིད། རྒྱལ་པོ་དེ་གསུམ་ལས་ཡེ་ནས་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་གསུང་གི་གདངས་དབྱངས་ཐོག་འབྲུག་ལ་སོགས་བར་སྣང་གི་སྒྲ་ཆེན་སྒྲོགས་པས་བརྡོལ་ཞིང། སྲིད་པ་གསུམ་གྱི་བླ་རུ་མཆོད་ཅིང་བཟང་དགུ་ལེགས་བཅུའི་བླ་རྟགས་སུ་ཤར་བའི་ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང་་འབྲུག་ལྕམ་དར་མ་ཀུན་གྲགས་མ་གཉིས་བཤོས་པའི་སྲས་སུ། སྒྲ་བླ་དགུ་རྒྱུད་སྤྲུལ་ཏེ། དེའི་དགུ་ཚིགས་ལ་ཡེ་ཤེས་ལྷ་ཡི་དབང་བཞི་རྫོགས་པར་བསྐུར་ཞིང། སྒོ་བ་རྔམ་ཆེན་ཁྲོ་བོ་བཞི་ཡི་མཐུ་རྩལ་ཆེན་པོ་འདུས་པའི་དབལ་བོན་དེ་ནི། སྲིད་པའི་སྒོ་བོན་མཐུ་ཆེན་ནམ་་་་སྒོ་བོན་ལྷ་སྲས་ཡིན་ཏེ། དེ་དག་གིས་ཡོད་ཁམས་ལྷ་དང་གཤེན་གྱི་ཁ་འཛིན ། མེད་ཁམས་བདུད་དང་སྲིན་པོའི་གཉའ་གནོན་དུ་མཛད། དེ་ནས་སྲིད་པའི་སྒོ་བོན་མཐུ་ཆེན་དེས། སྒམ་པོ་ཕྱ་ཡི་ཡུལ་དུ་འགྲོ་དོན་རིང་པོར་མཛད་པའི་མཐར་ཡེ་ཤེས་ལྷ་ཡིས་ལུང་བསྟན་ནས་གངས་ཅན་བོད་ཁམས་འདུལ་བའི་གཤེན་པོ་རུ་བསྐོས་ནས་གཉའ་ཁྲི་བཙད་པི་མང་པོས་བཀུར་བའི་རྒྱལ་རྒྱུད་དབུ་ནག་བོད་ཀྱི་རྗེ་བོར་བཀུར་ན་ལེགས་ཞེས་པ་སོགས་ཀྱི་བོད་ལ་ལུང་བསྟན་མཛད་པའི་ཕྱིར་དུ་སྒོ་བོན་འདི་ནི། གནམ་ནས་ས་ལ་གཤེགས་ཤིང། ཡར་ལྷ་ཤམ་པོའི་མགུལ་དུ་བབས་པས། བོད་ཁམས་མི་རྣམས་འདུས་ནས་ཕྱག་དང་མཆོད་པས་མདུན་ནས་བསུས་པའི་སྐབས་སུ་ཁོང་གིས་གོང་ལྟར་ལོ་རྒྱུས་རྣམས་གསུངས། དེའི་དོན་ལ་སྦྱར་ནས་ཀུན་གྱིས་མཚན་གསོལ་བ་ནི། སྒོ་ལྷ་བོ་ལྷ་སྲས་པོ། ལྷ་སྲས་དེའི་སྐུ་ལ་སྤྲུལ་པའི་སྲས་དང། ཐུགས་ལ་སྤྲུལ་པའི་སྲས་གཉིས། སྐུ་ལས་སྤྲུལ་པའི་སྲས་ནི་དམུ་ལྕམ་ངང་རིང་མ་དང་བཤོས་པའི་སྲས་ནི། སྒོ་སྟོན་ལྷ་བོན་ནོ། ཐུགས་ལས་སྤྲུལ་པ་ནི། གནམ་གདོང་དཀར་པོ་ལས་གྲོལ་བ་གཡས་བོན་ལྕགས་ཀྱི་བྱ་རུ་ཅན་ཞེས་པ་དབང་ལྡན་ཞུ་ཚང་གི་གྲོལ་ཕུགས་སོ། དེ་ཡང་སྒོ་སྟོན་ལྷ་འབུམ་ནི། བོད་རྗེ་གཉའ་ཁྲི་སོགས་བོད་ཀྱི་རྒྱལ་རྣམས་ཀྱིས་གཙུག་གི་མཆོད་གནས་གསོལ་འདེབས་ཀྱི་རྟེན་དུ་གྱུར། ད་གང་ལྟར་ཕྱིས་སུ་གདུང་རྒྱུད་པ་ཞིག་གི་མཚན་དུ་སྐམ་གྱི་ལྷ་བོན་ཐོད་དཀར་ལས་སོགས་རིམ་གྱིས་བརྒྱུད་པའི་ནང་དུ་ཁྲི་བདུན་དང་ལེགས་དྲུག་ལས་སོགས་རྒྱལ་རབས་སོ་ལྔའི་རིང་ལ་རྒྱལ་པོའི་དབུ་བླར་བཀུར་མྱོང་བ་མང་དུ་བྱོན། དེ་ནས་སྒོ་ལྷ་སྡེ་དཀར་པོ་སྐ
་འོད་གསལ་ལྷ་ཡི་གདུང་རྒྱུད་ཅེས་མཚན་གསོལ་ནས་གདུང་རབས་སུམ་ཅུ་བར་བྱུང། གང་ལྟར་དེ་རྗེས་སྒོ་བོན་གཡུང་དྲུང་བདུད་འདུལ་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པའི་གྲུབ་ཐོབ་ཞིག་བྱུང། དེ་ལ་སྲས་གསུམ་དུ་བྱུང་བའི་སྲས་ཆེ་བ་ནི། ཀརྨ་པ་དུས་་གསུམ་མཁྱེན་པ་ཡིན་ཏེ། དེ་ལ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས། མཁའ་འགྲོ་མ་འབུམ་གྱི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་ཅོད་པཎ་དབུ་ལ་གསོལ་ནས། སངས་རྒྱས་ཀུན་གྱི་འཕྲིན་ལས་མཛད་དགོས་ཕྱིར། ༧ཀརྨ་པ་ཞེས་མཚན་གསོལ་ནས། དག་པ་ཟླ་འོད་གཞོན་ནུའི་དྲུང་དུ་གཏུག་ནས་དབང་དང་གདམས་ངག་ཞུས་ཤིང་བཀའ་རྒྱུད་ཆོས་ཀྱི་བསྟན་པ་སྤེལ་དགོས་པའི་ལུང་བསྟན་བྱུང་བཞིན་ཆོས་སྒོར་ཞུགས། ད་དེ་འདྲ་རེད་ད་དུང་མང་དུ་ཡོད་ཀྱང་དུས་ཚོས་ཀྱིས་རྐྱེན་པས་ཞུ་ཁོམ་མ་བྱུང་བས་དགོངས་འགལ་མེད་པ་དང་འདི་ཡིས་ཅུང་ཙམ་ཁྱེད་ལ་ཐུགས་ཕན་གསོས་རེ་ཡོད།
་་་་་ ཀརྨ་པ་དུས་་གསུམ་མཁྱེན་པ་ཡིན་ཏེ། དེ་ལ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས། མཁའ་འགྲོ་མ་འབུམ་གྱི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་ཅོད་པཎ་དབུ་ལ་གསོལ་་་་་་ ཞེས་སོགས་ཀྱི་མཁའ་འགྲོ་འགས་མཚན་སྨོས་ཐུབ་བམ། དངོས་མཁའ་འགྲོ་མ་གཅིག་གི་དབུ་སྐྲ་ཡོད་པའི་ཁུངས་ག་ནས་རྙེད་དམ། ལགས།
ཡང་། དབུ་ཞྭ་གནམ་འཕུར་ངེས་ཞེས་པའང་རྫུན་དུ་མཐོང་སྟེ། དབུ་ཞྭ་རྙིང་པ་དང་། དབུ་གསར་པ་གཉིས་ཀྱི་ཆེ་ཆུང་མ་གབ་ནས་དབུ་ལ་མཆོད་དུས་ཕྱག་གིབཟུང་དགོས་པ་ཙམ་མོ།
ཡང་དིང་ཞྭ་དམར་པས་ཀྱང་དབུ་ཞྭ་དམར་པོ་ཅིག་ཕྱག་བཟུང་ནས་མཆོད་བགྱིད། ང་ནི་དབུ་ཞྭའི་གསང་རྣམ་དེ་ཚོར་བརླག་འགྲོ་བགྱིད་འདུག་པས་སུས་གསལ་བྱེད་ཐུབ་བམ། ལགས།
ཀརྨ་པའི་དབུ་ཞྭ་ནག་པོ་དེ་ནི། འབྲས་ལྫོངས་དགོན་ནང་བཙོན་པ་འདྲ་པོ་མཐོང་བགྱིད། ཀརྨ་པའི་ཡང་སྲིད་དངོས་གནས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དང་། རྫུན་མ་མཐའ་ཡས་རྡོ་རྗེས་གཉིས། སུ་གང་གི་དབུ་ལ་མཆོད་དབང་མེད་དགོས་དོན་ཅི་ཡིན་ནམ། ལགས།
བན་དེ་མཆོག་གིས་སྐུ་ཚེགས་ལ་མ་འཛེམས་པར་གསལ་བཤད་གནང་པར་ཐུགས་རྗེ་ཆེ། ༡༽བོད་མི་རིགས་ཀྱི་གདུང་རུས་བོན་ལ་ཐུག་ཡོད་པའི་ཕྱོགས་ཙམ་ཤེས་ནས་དེའི་སྐོར་ཤེས་འོད་ཧ་ཅང་ཆེན་པོ་བྱུང་། ཅོ་འདྲི་བ་ནམ་ཡང་མི་སྲིད། འབྲེལ་ཡོད་ཀྱི་ཡིག་ཆ་རེ་ཡང་ངོ་སྤྲོད་གནང་བར་ཞུ། ། ༢༽ཀརྨ་པའི་དབུ་ཞྭ་འདིའང་བོནལས་བྱུང་མིན་ལོ་རྒྱུས་བཞུགས་སམ། ༣༽གོང་གསལ་ལོ་རྒྱུས་ལྟར་ན། ཞུ་ཚང་། གཤེན་ཚང་། སྐམ་ཚང་། སྒོ་ཚང་འདི་དག་གཤེན་ལྷ་འོད་དཀར་གྱིས་སྤྲུལ་བའི་གདུང་ཞེས་བརྗོད་ཀྱང་རུང་བར་སྣང་། ཐུགས་རྗེ་ཆེ།
གོང་དུ་མཁྱེན་དཔྱོད་མཚུངས་མེད་དྲི་མེད་ལྷག་བསམ་མཆོག་གིས། “ཕྲན་གྱི་འདོད་པ་ནི་བོད་ཀྱི་དམངས་ཁྲོད་རིགས་གཞུང་དང་། མི་རིགས་ཀྱི་རྩ་བ་བོན་ལ་གཏུག་དགོས་པས་བོན་གྱི་གླེགས་བམ་དག་བསྟན་བཅོས་དག་ལ་དགའ་བོ་བྱེད་མཁན་གྱི་ཕྱོགས་སུ་གཏོགས།” ཞེས་པ་ལ་ཁུངས་ལུང་དང་དགོས་པ་དགོངས་གཞི་རྒྱ་ཆེར་ཡོད་ངེས་པས་འགྲེལ་བཤད་ཅིག་ཡོད་པ་ཞུ། བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཁུངས་བོད་ཀྱི་དམངས་ཁྲོད་རིག་གནས་རང་རང་གི་འབྱུང་ཁུངས་དེད་ནས་འཚོལ་བ་མ་གཏོགས་བོན་ལ་ག་འདྲ་བྱས་ནས་ཐུག་པ་ཡིན་ནམ། བོན་སྟག་གཟིག་ནས་བྱུང་ཚུལ་བོན་གཞུང་གི་བཞེད་པ་རེད། སྟག་གཟིག་གང་ཡིན་ད་དུང་རྙེད་མེད། བོན་གཞུང་དེ་ཚོ་སྟག་གཟིག་སྐད་ནས་བོད་དུ་བསྒྱུར་ཚུལ་ནི་བོན་གཞུང་མང་པོའི་མགོར་སྟག་བོད་ཤན་སྦྱར་དུ་བཀོད་ཡོད་པ་ལས་ཀྱང་ཤེས། བོད་ཀྱི་མི་རིགས་ཀྱི་ཁུངས་ནི་དེ་ལས་ཀྱང་བོན་ལ་གཏུག་ཐབས་ག་ལ་ཡོད། བོན་ནི་ཆོས་ལུགས་ཤིག་རེད། མི་རིགས་ནི་རིགས་རུས་ཤིག་རེད། དུས་རབས་བཅུ་པའི་སྔོན་ལ་བོན་ཡོད་པའི་ཁུངས་སྐྱེལ་གཙོ་བོ་གང་ལ་བརྟེན་ཡོད་པ་དེ་ཡང་གསལ་བཤད་ཅིག་ཡོད་པ་ཞུ།
ཀ་རྡོ་གཉེར་ཕྱག་ལེགས། མཁའ་འགྲོའི་དབུ་སྐྲ་ཀརྨ་པའི་དབུ་ཞྭ་ནག་པོ་དེ་འབྲས་སྤུང་བྱམས་པ་མཐོང་གྲོལ་གྱི་ནང་རྟེན་དུ་སྔ་མོའི་དུས་ནས་བཞུགས་པ་དཀར་ཆག་རྙིང་པ་ལག་བྲིས་མ་དང་། འབྲས་སྤུང་དཀོན་པའི་རྟེན་ཐོ་པར་མ། དགོན་པའི་ལོ་རྒྱུས་སོགས་ན་ཤིན་ཏུ་གསལ་བོར་བཞུགས། འབྲས་ལྗོངས་ཀྱི་ཞྭ་ནག་མིང་གཡུང་ལོས་ཕུལ་བའི་ཐོབ་ཞྭ་རེད། ཀརྨ་པ་གཅིག་པོ་མིན་པར་བྱམས་ཆེན་ཆོས་རྗེ་དང་། ཐེག་ཆེན་ཆོས་རྗེ་གཉིས་ལ་ཡང་ཕུལ་ཡོད། རྒྱ་ནག་གི་ལས་རིམ་ནང་ནས་ཅུང་ཟད་མཐོན་པོའི་རིགས་ཡིན་པ་རྒྱ་ཡིག་ཏུ་གསལ། འོན་ཀྱང་བཀའ་འགྱུར་གྱི་པར་ཕུལ་འབུལ་དུས་ཀུན་གྱི་ཐོག་མ་བསྔགས་བརྗོད་དང་བཅས་ས་སྐྱ་ལ་ཕུལ། གཉིས་པ་འབྲས་སྤུང་། གསུམ་པ་སྟག་ལུང་། ཀརྨ་པ་ཨང་བཞི་བར་བཞག་འདུག གནས་ཚུལ་འདི་ཡང་བཤད་དཀའ་བར་འདུག ད་ནི་སྤྲུལ་སྐུའི་དུས་རབས་རྫོགས་ལ་ཉེ། སྟེང་ནས་བཀའ་གནང་ཀྱང་འོག་ན་ཉན་མཁན་པས། འདྲ་མཉམ་གྱི་ཐུགས་བསྐྱེད་གནང་འོས་པ་དང་། ཀརྨ་པ་གཉིས་ཀ་མཐུན་ཐབས་ཞིག་ཡོང་ན་དེ་བསྟན་པའི་ལྷག་འཕྲོ་འདི་ལ་བྱས་རྗེས་ཆེན་པོ་ཞིག་རེད་སྙམ།ཕྲན་ནི་གཉིས་ཀར་དག་སྣང་སྦྱོང་མཁན་ཞིག་ཡིན། ཞྭ་རྩོད་ཐོབ་རྩོད། གདན་རྩོད་ཀྱིས་བསྟན་དང་འགྲོ་བ་གང་ལའང་ཕན་པ་ཞིག་མ་མཐོང་། དཔེར་ན་རྒྱལ་དབང་ལྔ་བ་ལ་སྤྲུལ་སྐུ་གསུམ་བྱུང་བའི་རྩོད་པས་རྐྱེན་བྱས་བོད་ཀྱི་བསྟན་ཆབ་སྲིད་ཀྱི་དབང་ཆ་རྦད་དེ་གཞན་ལ་རྩིས་སྤྲད་པ་རེད། ཀརྨ་ཆགས་མེད་དང་འཇམ་དབྱངས་མཁྱེན་བརྩེ་སོགས་ལ་སྤྲུལ་སྐུ་ལྔ་རེ་བྱུང་བ་དང་། རྡོ་གྲུབ་སྤྲུལ་སྐུ་རྣམས་བླ་བྲང་གཅིག་ཏུ་མཛའ་བའི་སྤུན་བཞིན་བཞུགས་པ་འདི་ཚོ་ལ་ཁ་མིག་ཡར་ལྟོས་རེ་བྱེད་དགོས་པར་སྣང་། དེ་འདྲ་མ་ཐུབ་དུས་ཀརྨ་པའི་སྤྲུལ་སྐུ་སུ་ཞིག་ཡིན་ཀྱང་མི་དམངས་ལ་སློབ་གསོ་བྱེད་པའི་ཆ་རྐྱེན་བརླགས་པ་རེད། ཁོང་གཉིས་ཀྱིས་འཛམ་གླིང་ཞི་བདེ། དེ་བཞིན་མི་རིགས། ཁྱིམ་ཚང་། ཆོས་ལུགས་སོགས་འཆམ་མཐུན་གྱི་སྐད་ཆ་བཤད་དུས་གཞན་གྱིས་ལྐོག་ནས་འཕྱ་བ་ནི་སྨོས་མི་དགོས་སོ། །ཀ་རྡོ་ཕྱག་གཉེར་ལགས་ནི་གནད་ཡོད་ཀྱི་མི་ཞིག་ཡིན་པ་དང་། བློ་རྒྱ་ཡངས་པ། རྣམ་དཔྱོད་ལྡན་པ་ཞིག་ཡིན་པས་ཕོག་ཐུག་མི་འགྲོ་བའི་ཡིད་ཆེས་ཀྱིས་་གསལ་བོར་ཞུས་པ་ལགས། འདི་ནས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་གྱིས་གདུང་པས། མི་རིགས་དང་ཆོས་ལུགས་ལ་བཅང་བའི་རེ་འདུན་དེ་ཙམ་མོ། །
# 42 དྲི་མེད་ལྷག་བསམ།་ལགས་ཀྱིས་གསལ་བཤད་ཁུངས་རོབ་གསུངས་པ་བཀའ་དྲིན་བླ་མེད་དུ་ཆེ། འོནད་ཀྱང་། ང་ཆུང་དུས་ཕ་མ་སོགས་ཀྱིས་ང་ལ་རྒྱལ་དབང་ཀརྨ་པའི་ སྐུ་པར་སྐེ་ལ་བཏགས་མྱོང་བ་དང་། འདྲ་སྐུ་ཆུང་ཆུང་དེ་ཡང་དབུ་ཞྭ་ཕྱག་གིས་བཟུང་འདུག་པས།
དེ་ལྟར་བཟུང་དགོས་དོན་ནི། དེ་ལྟར་བཟུང་དགོས་ནི། མ་བཟུང་ན་མཁའ་འགྲོ་མ་འབུམ་གྱིས་བཟོས་པའམ། ཕུལ་བའི་དབུ་ཞྭ་ཡིན་ཙང་། གནམ་ལ་འཕྱུར་བགྱིད་རེད་ཟེར།
ངས་ཀྱང་ཡུན་རིང་བར་ཕྱག་གིས་མ་བཟུང་ན། དབུ་ཞྭ་གནམ་ལ་འཕུར་ཤོག་བྱས་པ་ཡིན་ཏེ། ད་དེ་ལྟ་བུའི་ཡིད་ཆེས་བརླགས་ནས། མཁའ་འྒྲོ་མ་འབུམ་དེ་ཚོའི་ནང་གི་གཅིག་དང་དད་འབཻལ་མ་བྱང་། ད་ཡིད་ཆེས་སླར་ཡང་རྙེད་དཀའ་བ་འདུག་པས། གོང་དུ་དེ་ལྟར་བྲིས་ནས་དྲིས་པ་ཡིན།
ཡང་བསྐྱར་གསལ་བཤད་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ད་དུང་ཁུངས་གང་དང་གང་ཡོད་དམ། དྲ་གྲོགས་ཚོས། གསུངས་རོགས་གནོངས།
ད་ལན་ཡིག་ནོར་བཅོས་ལོང་མི་འདུག དགོངས་དག་གོ
དྲི་མེད་ལགས་དུས་ཁོམས་འདྲ་བྱུང་ཚེ་ཡིག་ཆ་སོགས་འབུལ་ཐབས་ཞུ་ཆོག
ཁྱེད་ཀྱིས་གསུངས་པ་ལྟར་ལོས་བདེན། ཀརྨ་པའི་འོད་ཟེར་ཕོག་ཚད་ལ་ངོས་རང་ལྟ་བུ་དག་སྣང་དང་གུས་ཞབས་ཡོད། ནམ་ཡང་དགྲ་གཉེན་གཉིས་སུ་བཟུང་མི་རིགས་ལྷག་པར་དུ་ནང་པའི་ཆོས་སྤྱོད་པར་ཁས་འཆེ་བ་དག་གིས་གཟབ་ནན་མ་གནང་ན་ཉིན་ཅིག་འཇིགས་བསྐུལ་རིང་ལུགས་པར་མི་སྒྲོགས་པའི་ངེས་པ་མེད། དེས་རྐྱེན་བྱས་དེ་ནང་ཆོས་ལ་ལོག་པར་བལྟ་སྲིད་པ་རེད། གུ་གེའི་རྒྱལ་རབས་ལོ་རྒྱུས་དང་བདུད་འཇོམ་གྱི་རྒྱལ་རབས་འཇིག་རྟ྄ེན་མགོན་པོའི་ཆོས་འབྱུང་སོགས་ཕྱིར་བསྒྲགས་མང་དུ་བྱུང་ཚེ་བོད་ཀྱི་ནང་ཆོས་འདི་ཡང་འཇིགས་བསྐུལ་རིང་ལུགས་པའམ་ཐལ་སྤྱོད་རིང་ལུགས་པར་མི་འགྱུར་བའི་ངེས་པ་མེད།
སྤོབས་པ་མཐའ་ཡས་མཆོག་ལ་གུས་གསོལ། ཕྲན་གྱིས་རྨོངས་བློར་ཤར་ཚོད་བཤད་པ་དེ་གཅིག་བྱས་ན་འཁྲུལ་བ་ཡང་ཡིན་སྲིད། ལོ་ཤས་བར་ཏུ་བསམ་བློ་གཏོང་སྟངས་འདི་འདྲ་ལགས། ༡༽བོད་རྒྱལ་གོང་མ་རྣམས་ཀྱིས་བོན་པོ་བརྟེན་པ་བོད་ཀྱི་ལོ་རྒྱུས་ཀུན་ནས་མགྲིན་གཅིག་ཏུ་བཤད་པ། ༢༽དམངས་ཁྲོད་ཀྱི་ལེགས་ཉེས་སྤོང་ལེན་མང་པོ་ཞིག་བོན་དང་མཐུན་པ། ༣༽ནང་ཆོས་སྤེལ་དུས་བོན་ཤུགས་ཆེ་བས་འགལ་རྐྱེན་བྱུང་ཚུལ་ཡིག་ངག་གཉིས་ཀའི་ཐོག་ན་ཡོད་པ། ༤༽བོད་ཀྱི་སྲིད་པའི་ལྷ་རྣམས་ཀྱི་ལོ་རྒྱུས་བོན་གྱི་བཤད་པ་འབའ་ཞིག་ཏུ་འདུག་པ། ༦༽བོན་འདི་བོད་ཀྱི་ལོ་རྒྱུས་ཁྲོད་ཡུན་རིང་སྤྱོད་པའི་ཆོས་ལུགས་ཡིན་པ། ༧༽རྒྱ་ནག་དང་བལ་ཡུལ་སོགས་ལ་བོན་དང་འབྲེལ་བའི་ཆོས་ལུགས་ཤིག་དུས་རབས་བཅུ་བའི་སྔོན་ནས་དར་ཡོད་པ། ༨༽གནའ་རྫས་དང་ཡི་གེ་མང་པོ་ཞིག་དུས་རབས་བདུན་པའི་སྐབས་ལ་སླེབས་ཐུབ་ཡོད་པ། ༨༽མི་རིགས་ཀྱི་རིགས་རུས་ཀྱི་རྣམ་བཞག་མང་པོ་ཞིག་ཆོས་ལུགས་ལས་བྱུང་བ། ༩༽རིགས་རུས་ཀྱི་ཐ་སྙད་ཕལ་མོ་ཆེ་བྱ་བ་ལས་ཀྱིས་སྒོ་ནས་བཏགས་པས་བོན་བྱེད་པ་ལ་བོན་རིགས་ཞེས་གདགས་སུ་རུང་བ། ༡༠༽སྐད་བསྒྱུར་ཙམ་གྱིས་གཞན་ཀྱིས་རིགས་གཞུང་དུ་མི་འགྱུར་ཏེ་ད་ལྟ་ཡང་ཨ་མདོ་ཐེ་པོ་དང་། རྒྱལ་རོང་སོགས་ཀྱི་སྐད་ཕྲན་ལྟ་བུའི་སྐད་བསྒྱུར་མེད་པར་གོ་དཀའ་བ། ༡༡༽ཡི་གེ་གཅིག་ལ་ཡུལ་སྐད་གཉིས་ཤན་སྦྱར་བ་རྒྱ་ནག་གི་ཀོང་ཏུང་དང་། མུའུ་ནན་གཉིས་ཀྱི་སྐད་ལ་བྱུང་བ་བཅས་སོ། ། བོན་ཀྱི་ཆོས་དང་རིག་གཞུང་ཚང་མ་ད་ལྟ་ནང་བཞིན་མཐུས་གཙང་ཞིག་ཡོད་མིན་མ་ཤེས་ཀྱང་བོན་ཞེས་པའི་ཆོས་ལུགས་ཤིག་སྔ་མོའི་དུས་ནས་ཡོད་པ་གདོན་མི་ཟའོ། །ཆོས་ལུགས་གང་ཡིན་ཀྱང་གདོད་མའི་དུས་ནས་ཚུགས་ཐུབ་ཅིག་ཡོད་པ་ཤིན་ཏུ་དཀའ་ལ། རིམ་བཞིན་འཛིན་སྐྱོང་བྱས་པས་མཏུས་ཚང་དུ་གྱུར་བ་དག་། ཆོས་རྒྱུན་དེ་མི་རིགས་ཞིག་གིས་ཡུན་རིང་སྤྱད་པས་དེའི་རིག་གཞུང་དུ་འགྱུར་བ་ཡིན་པ་ནི་སྨོས་མེད་དོ། །ཕྲན་གྱིས་མ་ཎིའི་ཆོས་ལུགས་དང་རྒྱ་ནག་གི་དྭ་ཆོའི་ཆོས་ལུགས་ལ་ཟླ་ཤས་བར་ཞིབ་འཇུག་བྱས་པས་བོད་ཡུལ་དུ་ས་གནས་རང་གི་ཆོས་ལུགས་ཤིག་ཡོད་པའི་སྣེ་ཙམ་རྙེད་དེ། བོན་པོས་གང་བཤད་རྫུན་མ་དང་། འདྲ་བཤུས་ཁོ་ནའོ་ཞེས་བཤད་པའི་སྤོབས་པ་ཞི་སོང་། །མདོ་སྔགས་ཀྱི་གཞུང་ལ་ཞིབ་འཇུག་མ་ནུས་པས་ད་དུང་གསལ་བཤད་ཞུ་མ་ཐུབ། དུས་ཚོས་ཀྱི་དབང་གིས་དེ་ཙམ་ཞུ། །
ང་ཚོ་ཕ་མེ་ཡང་མེས་བོན་གཤེན་ཚོས་དབུ་ཞྭ་མཆོད་བགྱིད་ཡོད་དམ་མེད་ངས་གསལ་པོར་མི་ཤེས། རྒྱ་གར་གྱི་པཎ་གྲུབ་རྒྱན་དྲུག་ཕྱོགས་གཉིས་ཚང་མའི་དབུ་ལ་འཐོམ་ཞྭ་རེར་ཕུལ་ནས།
རྙིང་བཀའ་ས་དགེ་ད་ལྟའི་བོན་དང་བཅས་པས་འཐོམ་ཞྭ་ཧུར་ཐག་རྦད་མཆོད་བགྱིད་འདུག དེ་ལྟར་མ་མཆོད་ན། བྱིན་རླབས་མི་འཇུག་དཔ་ང་། རིག་པ་མི་གསལ་བའི་༸སྐུ་ངལ་ཅིག་ཡོང་བགྱིད་ཡོད་དམ། ལགས།
དྲི་མེད་ལྷག་བསམ་ལགས་ཀྱིས་དྲིས་ལན་རྟ་ཐོག་མ་གནང་བར་ཐུགས་རྗེ་ཆེ། ༡་བོད་ལ་རང་གི་ཆོས་ལུགས་ཤིག་ཡོད་མོད་དེ་ནི་དེང་དུས་སུ་རུ་སུའི་ཁོངས་ཀྱི་སོག་རིགས་སྤྱི་ཚོགས་ལ་ལར་དར་བ་ཆོས་ལུགས་ཏེ། དབྱིན་སྐད་དུ། ཤ་མན་ཆོས་ལུགས་སུ་འབོད་པ་དེ་དང་འདྲ་བ་དང་། དམར་མཆོད་སོགས་ཀྱང་བྱེད་པ་མ་གཏོགས་དེང་དུས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་བོན་དང་མི་མཚུངས་པ་ནི་ལྷ་སའི་རྡོ་རིང་དུ་དམར་མཆོད་བྱས་ཚུལ་སོགས་བཀོད་པ་ལས་ཤེས་ནུས། ༢་དུས་རབས་བདུན་པའི་གོང་དུ་ཡི་གེ་ཡོད་ཚུལ་སོགས་ནི་ད་དུང་དཔྱད་གཞི་ཙམ་མ་གཏོགས་གནའ་ཤུལ་སྔོགས་འདོན་གྱི་དཔང་རྟགས་ཁུངས་འཁྱོལ་བསྟན་ཐུབ་མེད་པས་ཡིད་ཆེས་སྔ་མི་དྲགས་སམ། ༣་བོད་ཀྱི་ལོ་རྒྱུས་རྒྱལ་རབས་ལ་ལར་བོད་ཀྱི་བཙན་པོ་ཚོས་བོན་གྱི་དབུ་བླ་བསྟེན་ཚུལ་བྲིས་པ་དེ་དག་ནི་གཙོ་བོ་སྔགས་པ་ཚོས་བྲིས་པའི་ལོ་རྒྱུས་ལས་འབྱུང་གིན་ཡོད། དེ་ནི་བསྟན་པ་ཕྱི་དར་སྐབས་སུ་སྔགས་པ་བོན་པོ་གཉིས་ཀ་རབ་བྱུང་ཚོའི་བརྙས་བཅོས་འོག་ཏུ་ཚུད་མྱོང་སྟབས་ཁོང་གཉིས་འབྲེལ་བ་བཟང་བས་ཆེད་དུ་རྫུན་བཟོ་བྱས་པ་འདྲ། ༤བོད་ཀྱི་དམངས་ཁྲོད་དུ་དར་བའི་ལྷ་གསོལ་འདྲེ་བཀར་སོགས་ཀྱི་བྱེད་སྒོ་དག་ནི་བོན་དང་འབྲེལ་བ་ཆེར་མི་འདུག དེང་སང་བོན་གྱི་དགོན་པ་དེ་ཚོས་ལྷ་གསོལ་འདྲེ་བཀར་དེ་གལ་ཆེན་པོར་འཇོག་སྲོལ་གཏན་ནས་མི་འདུག ༥་དེང་དུས་ཀྱི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་བོན་དང་ཤཀྱ་ཐུབ་པའི་ཆོས་ལུགས་གཉིས་ནི་ཚིག་ཁ་ཤས་ཙམ་ལས་དོན་གྱི་ཆ་ནས་ཆུ་ལ་ཆུ་བཞག་ཏུ་སོང་ཡོད་པས་བན་ཆོས་སྤེལ་ན་བོན་པོ་མི་དགའ་དོན་མེད་པས་ལོ་རྒྱུས་དེའི་རྫུན་རྐུབ་དེ་རང་གིས་ཕུད་ཞོར་རེད། མཐའ་སྡོམ། བོན་ནི་དུས་རབས་བཅུ་པའི་རྗེས་སུ་བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་བརྒྱུད་འདྲ་མིན་སྣ་ཚོགས་ཤིག་དར་བ་དེའི་ཁྲོད་ཀྱི་གཅིག་མིན་ནམ་སྙམ་པའི་དོག་ཆེ་རུ་འགྲོ་བཞིན་ཡོད་པས་གཅིག་བྱས་ན་འཁྲུལ་ཡོད་སྲིད་པས་རྗེས་སུ་དཔང་རྟགས་ཚད་ལྡན་གྱི་ལམ་ནས་བདེན་རྫུན་ཡིད་ཆེས་ངེས་ཤེས་འདྲོངས་པ་ཡོང་བའི་རེ་བ་ཡོད།
ཁྱེད་ལྟ་བུའི་རྣམ་དཔྱོད་དང་ཐོས་རྒྱ་ཆེན་པོ་དང་ལྷན་དུ་བཀའ་མོལ་བྱེད་ཐུབ་པར་སྐལ་པ་བཟང་པོར་སེམས་བཞིན་ཡོད་ལགས།
དྲི་མེད་ལགས་ཀྱིས་དགོངས་འཆར་དེ་ནི་རྣམ་དཔྱོད་དང་ལྟ་རྒྱ་མཐོང་རྒྱ་ཡོད་པའི་དཔྱད་གཏམ་ཞིག་རེད། དེ་མིན་དྲ་འབུ་འགའ་ཞིག་ནི་རང་ཕྱོགས་ཀྱི་ལྟ་བས་བཟི་བའི་བཟི་གཏམ་དེའི་རིགས་ནམ་ཡང་གཡག་ཞར་གྱིིས་ཙ་ཟ་ཚུལ་གྱི
ངང་ཚུལ་དུ་དུས་འདའ་རྒྱུ་རང་རེད། དེ་ཚོར་ཡ་ལན་བྱེད་འདོད་མེད། དྲ་རྒྱ་འདིར་རིས་མེད་ཀྱི་རྣམ་དཔྱོད་ཅན་ཁྱེད་ལྟ་བུ་དང། མི་བུ་དྲང་ཤིང་ལྟ་བུ་ཅོ་རི་དང་ཨ་ནུ་ཞོལ་གཡག་ལས་སོགས་ཕེབས་ནས་འདི་ལྟར་ཅ་འདྲི་མོལ་འདྲི་བྱེད་རྒྱུའི་གོ་སྐབས་ཤར་བ་དེར་སེམས་ཡིད་དགའ་ནས་བསྡད་ཡོད།
དྲི་མེད་ལགས་ཁ་སང་ངོས་ཀྱི་མཆན་༣༧གྱི་འཕྲོ་ནས་འཐུད་རྒྱུ་ཡིན།
ཀརྨ་པ་དུས་གསུམ་མཁྱེན་པ་ཉིད་དགུང་ལོ་དོན་བཞིར་ཕེབས་སྐབས་སུ་་་གླིང་ཐུས་ཀརྨ་གཙུག་ལག་ཁང་བཞེངས། དེ་ནས་ཡར་ཕེབས་དག་ལ་སྒམ་པོར་གླེགས་བམ་བརྒྱ་གསེར་བྲིས་སུ་བཞེངས། དགུང་ལོ་དོན་བདུན་སྟེང་སྟོད་ལུང་མཚར་བུའི་དགོན་པ་བཏབ་ནས་དགུང་ལོ་གྱ་བཞིར་དབྱིངས་སུ་གཤེགས་ནས། ཐུགས་ལྗགས་སྤྱན་གསུམ་ལས་སོགས་སྐུ་གདུང་རིང་བསྲེལ་མང་དུ་བྱོན། བླ་མ་དེའི་སྐུ་ཚ་ནི། སྐམ་ནང་སོ་བསྟན་པའི་རྒྱལ་མཚན་བྱ་བ་ཤིན་ཏུ་མཐུ་ནུས་གྲུབ་རྟགས་ཆེ་བ་ཞིག་བྱུང་བ་དང་དེ་དུས་བོད་གངས་ཅན་གྱི་ཞིང་དུ་གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའ་ནས་བཟུང་སྟེ་གཏེར་སྟོན་མང་དུ་བྱུང་ནས་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ནས། བོན་གྱི་བསྟན་པ་དར་རྒྱས་སུ་བྱུང་སྐབས། སྐམ་ནང་སོ་བསྟན་པའི་རྒྱལ་མཚན་ཉིད་དང་ལྷ་བླ་མཚན་ལྡན་གཡུང་དྲུང་བླ་མ་གཉིས་ཏེ། བླ་ཁག་གཉིས་པོ་ནི། བོན་བེ་རི་རྒྱལ་པོ་གཡུང་དྲུང་སྟོབས་རྒྱས་རྒྱལ་པོའི་གདན་ཞུས་ཀྱིས་སྤྱན་དྲངས་བ་དང་གོང་གསལ་ལུང་བསྟན་བཞིན་ཁམས་ཡུལ་ལྷོ་རྫ་འི་སྒང་དུ་ཕེབས་ཏེ། རྐེ་སྟོད་རྒྱལ་ཆེན་ཕོ་བྲང་བྱ་བ་རུ། བེ་རི་རྒྱལ་པོས་བླ་རུ་བཀུར་ཞིང། སྐམ་ནང་སོ་བསྟན་པའི་རྒྱལ་མཚན་དང་ལྷ་བཞིར་གཏེར་སྟོན་གཡུང་དྲུང་བླ་མ་གཉིས་ཀྱིས་ཐབས་ཐུགས་ཟུང་འབྲེལ་གྱིས་ཁམས་ཀྱི་དགོན་ཆེན་བཅོ་བརྒྱད་བཏབ་པ་དང། གཞན་ཡང་དགོན་ལག་བེ་རི་རྒྱལ་པོའི་མངའ་རིས་སུ། བླ་མ་ལ་སྐམ་ཚང་དང། ལྷ་བླ་གཉིས་ ཞེས་པ་སོགས་ཤིན་ཏུ་ནས་དར་ཞིང་རྒྱས་པར་ཞུགས་མོད་དེ་རྗེས་སོག་པོ་རྟ་ཁྲ་ཅན་གྱི་དམག་དཔུང་ལྡང་ནས་བྱུང་སྐབས་སུ། ཐབསདང་རྟེན་འབྲེལ་གང་ནས་ཀྱང་འཐུས་སྒོ་མ་ཚང་ནས། སོག་དམག་དང་འཁྲུགས་ཏེ་བེ་རི་རྒྱལ་ས་ཡང་ཤོར། དགོན་སྡེ་ཆེ་ཆུང་ཐམས་ཅད་གཏོར་བཤིག་བྱས། ཡབ་རྒྱལ་པོ་དོན་ཡོད་ནི་བཀྲོངས། སྲས་སྟོབས་རྒྱལ་གཙོས་པས་བེ་རི་མི་བརྒྱ་རྟ་བརྒྱ་ལི་ཐང་ཕྱོགས་སུ་བྲོས། འོན་ཀྱང་སྐམ་ཚང་འདི་ནི་སྡེ་དགེའི་རྒྱལ་པོ་དང་མི་རྒྱུད་ཤིན་ཏུ་ཉེ་བས་ཡོན་མཆོད་ཡིན་པའི་དོན་གྱིས་མཐར་ལེགས་པར་བྱུང་སྟེ། སོག་པོའི་མི་དབང་བསྟན་འཛིན་ཆོས་རྒྱལ་གྱིས་ཁམས་ཀྱི་སྡེ་དགེ་ལྷ་ཐོག་རི་བོ་ཆེ་དང། ཆབ་མདོ་སོགས་ས་བགོས་སྡེ་བགོས་བྱས་ནས་སོ་སོར་བགོས་སྐབས། སྡེ་དགེའི་རྒྱལ་པོས་སོག་པོ་ལ་ཞུས་རྒྱུད་བྱས་ཏེ། བླ་མ་སྐམ་ཚང་ཞེས་པ་འདི་བོད་ཀྱི་བླ་རྒྱུད་ཁྱད་པར་འཕགས་པ་ཚང་མིང་ཐོབ་པ་ཞིག་ཡིན་པས། བླ་མ་འདི་ཡི་རིང་ལུགས་བསྒྱུར་དུ་མེད། འདི་ལ་དགོན་ས་གཅིག་འབུལ་དགོས་ཞུས་པས། སོག་པོས་ཀྱང་དེ་ལྟར་གསན་ནས་བཀའ་ཐམ་ཤེ་བམ་གནང་ནས། ཁྱེད་རང་གི་ཐུགས་ལ་གར་བབས་ཀྱི་ས་ཞིག་སྤྲོད་གསུངས་བས། དགོན་ས་ཕུལ་འདུག གཞན་ཡང་གོང་ས་ལྔ་པས་ཀྱང་ཤེ་བམ་ལས་སོགས་ཀྱང་གནང་རབས་འདུག
གང་ལྟར་སོག་པོ་དྲིན་དུ་ལྟ་བའི་བོད་མི་ཚོས་འདི་དག་གོ་ན་བསམ་ནས་བྲིས་པ་ཡིན། ད་ལྟའང་བོད་མི་རྣམས་ཀྱིས་སོག་པོ་དྲིན་དུ་བརྩི་ནས་་་བོད་ཟླ་ཞེས་པའི་དོད་དུ་་་་ཧོར་ཟླ་་་ཞེས་ལོ་གསར་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱིན་ཡོད། བོད་པ་ཟེར་མཁན་འདི་ཨང་གསར་ཆེ་བ་་་་སྡོད་ས་པྲལ་བར་བསྡད་ནས་་་་མིག་ལ་ཐལ་བ་འདེབ་མཁན་ཞིག་ཏུ་མི་འདུག་གམ
སྤོབས་པ་མཐའ་ཡས་ལགས་ལ་ཞུ་བ། གཞན་རྣམས་གནས་ཚུལ་ཁ་གསལ་ཞུ་ཐུབ་མ་སོང་། ཤ་མན་ཆོས་ལུགས་བོན་གྱི་ཆ་ཤས་ཞིག་ཡིན་པར་འདོད། གཅིག་བྱས་ན་ཐོག་མའི་བོན་ཡང་ཡིན་སྲིད། སོག་ཡུལ། འཇང་ཡུལ། རྒྱ་ནག་སོགས་ཀྱི་ཤ་མན་ཆོས་ལུགས་ཀྱི་མཆོད་རྫས་ཁྲོད་དུ་རུས་པ་ལ། བྷྱོ༔ ཟེར་བ་དང་། ཎི་ཟེར་བའི་ཡི་གེ་སོགས་བོད་ཡིག་དངོས་བྲིས་པར་བརྟགས་པས་དུས་རབས་༥་བ་དང་༦་པའི་སྐབས་རེད་ཟེར་བའི་རྒྱ་ནག་གི་རྩོམས་ཡིག་ཅིག་མཐོང་མྱོང་ཡང་སྐབས་འདིར་འབུལ་རྒྱུ་རྙེད་མ་སོང་། ཡི་གེ་གསར་བ་ཞིག་གིས་ཆོས་ལུགས་སྒྱུར་ཐུབ་པའི་ཆུ་ཚད་ལ་སླེབས་རྒྱུར་ལོ་དྲུག་ཅུས་མི་ཡོང་པ་ཐག་ཆོད། དེས་ན་སུ་ཞིག་གི་ཡི་གེ་ཡིན་ན་འདྲ་བོད་ལ་ཡི་གེ་ཞིག་ངེས་པར་ཡོད་རྒྱུ་རེད་སྙམ་པའི་དོགས་པ་བདག་ལ་བདོག །ཐུགས་རྗེ་ཆེ།
ལགས་སོ། དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱིས་ཁྱེད་ཀྱི་ས་ནས་བོན་ལ་ཞིབ་འཇུག་གྱིས། ངས་ངའི་ས་ནས་བོན་རྩད་གཅོད་བྱེད། ཉིན་ཞིག་ཁ་གསལ་པོ་རེ་ཡོང་བའི་རེ་བ་ཡོད།
བན་དེ་ལགས་ཀྱིས་གནས་ཚུལ་མཁོ་འདོན་གནང་བར་ཐུགས་རྗེ་ཆེ། ཞུ་དགོས་པ་ཞིག སོག་རྟ་ཁྲ་ཅན་དེ་བེ་་རུའི་དགྲ་མ་རེད། གུ་ཤྲི་ཧན་དང་ནོར་བ་འདྲ། སོག་རྟ་ཁྲ་ཅན་ལ། སོག་སྐད་དུ་ཨ་ལག་མུར་ཏ་ཟེར། ། རྟ་དམར་ཅན་ལ། ཨོས་ལན་མ་ལག་ཝ་ཐུ་ཟེར་དེ་གཉིས་ཀ་ཆོག་ཐུའི་མཚན་གྱི་རྣམ་གྲངས་རེད། ཆོག་ཐུ། ཚོགས་ཐེ་ཇུ། མུ་རུ་ཧན་སོགས་ཡང་དོན་གཅིག་མིང་གི་རྣམ་གྲངས་སོ། །ཆོག་ཐུ་དང་བེ་རུ་ལ་གཉེན་འབྲེལ་ཡོད། ཆོག་ཐུ་ལ་བུ་བརྒྱད་ཡོད། བཙུན་མོ་མིང་ཡོད་པ་ལྔ་ཡོད་པ་ལས་གཉིས་བོད་རིགས་རེད། ཆོག་ཐུའི་བཙུན་མོ་བེ་རུ་ཟའི་བརྒྱུད་པ་རྡོ་རྗེ་བློ་གྲོས། རྡོ་རྗེ་གྲགས་ལྡན། རྡོ་རྗེ་དབང་ཆེན། སྲས་མོ་ཀུན་དགའ་མཚོ་སོགས་ཡོད། རྡོ་རྗེ་བློ་གྲོས་སམ་སོག་སྐད་དུ་མུ་ཁང་ཐོ་རའི་བུ་རྒྱ་སེར་དུ་ཕེབས་པའི་བརྒྱུད་པ་ད་ལྟ་ཡང་ཨུ་རུ་སུ་ན་ཡོད། བུ་རྒྱུད་གཞན་རྣམས་ནང་ཆེན་དང་། མཚོ་སྔོན། མགོ་ལོག འཇང་ཡུལ་གྱི་མི་རིགས་ནང་དུ་ཐིམ། སོག་ཟའི་བརྒྱུད་པ་སྲས་ཆེ་ཁག་ཨར་ལང་སན་སོགས་མཚོ་སྔོན་དམག་འཁྲུགས་ནང་ཤི། དེའི་ལོ་རྒྱུས་རྒྱལ་དབང་ལྔ་བའི་ལོ་རྒྱུས་དང་ཆོས་འབྱུང་། མདོ་སྨད་ཆོས་འབྱུང་སོགས་སུ་གསལ་ཐག་ཆོད་ཡོད། །ཐུགས་རྗེ་ཆེ།
སྤོབས་མཐའ་ལགས། ལྷ་སའི་རྡོ་རིང་ངོས་སུ་དམར་མཆོད་བྱས་པའི་ལོ་རྒྱུས་གསལ་པོ་ཞིག་ཡོད་པ་མ་མཐོང་ཡང་རྡོ་རིང་དེ་འཛུགས་སྐབས་བན་དྷེ་ཞིག་གིས་དམར་མཆོད་བྱས་ཤིང་ཆོ་ག་བཏང་བའི་ཚུལ་ཐང་ཡིག་ཏུ་གསལ་པོར་འཁོད་འདུག དུས་རབས་བཅུ་བའི་སྔོན་དུ་བོན་ཡོད་མེད་མཁྱེན་འདོད་ན་ཧྤ་རན་སིའི་དཔེ་མཛོད་ཆེན་མོར་ཉར་ཚགས་བྱས་པའི་ཏུན་ཧོང་ཡིག་རྙིང་ལ་ལྟོས་དང་གསལ་པོར་འདུག དེའི་ཁ་སྣོན་ལྟ་བུར་མཁས་དབང་མཁར་རྨེའུ་ཡིས་བྲིས་པའི་༼དུས་རབས་བཅུ་བའི་སྔོན་དུ་བོན་ནི་ཆོས་ལུགས་ཤིག་ཡིན་པ།༽ཞེས་པར་གཟིགས་ན་གསལ་པར་ཆགས་ངེས་འདུག གཞན་སྨྲ་བ་ལ་དགའ་བ་ཙམ་གྱིས་བླུན་པོ་དང་ཕྱོགས་ཞེན་ཅན་ཚོར་དགའ་བ་འདྲ་བསྐྱེད་ཐུབ་ན་མ་གཏོགས་གཏིང་ཟབ་རྒྱུ་ཅང་མི་འདུག་པས་དེ་ཙམ་དུ་འཇོག་གོ
ཏུན་ཧོང་ཡིག་རྙིང་ན་བོན་ཟེར་བའི་ཆོས་ལུགས་ཤིག་ཡིན་པའི་སྐོར་ལ་མཁར་རྨེའུ་ཡིས་ཚིག་གཅིག་ཁོ་ནར་བརྟེན་ནས་བཤད་ཡོད། དེ་ནི་འཕགས་པ་ལྗོན་ཤིང་གི་མདོའི་ནང་དུ། མོ་བོན་དག་ལ་སྲིད་མ་ལྟོས།། ཞེས་པ་དེ་རེད། སྤྱིར་ན་ཏུན་ཧོང་ཡི་གེར་ཡོད་པ་ཙམ་གྱིས་དུས་རབས་བཅུ་པའི་སྔོན་ཡིན་པའི་ངེས་པ་མེད། ཏུན་ཧོང་ཡིག་རྙིང་གི་ནང་དུ་དུས་རབས་བཅུ་གཅིག་པའི་སྟོད་བར་གྱི་ཡིག་ཆ་ཡོད་པས་མཁར་རྨེའུ་ཡིས་བཤད་པ་དེ་བསྒྲུབ་བྱ་མ་གཏོགས་སྒྲུབ་བྱེད་དུ་འགྲོ་ཁག་པོ་རེད་བསམ།
བན་དེས་དམར་མཆོད་བཏང་ཞེས་གསལ་འདུག དེ་ནི་སྐབས་དེའི་བཙན་པོའི་སྲིད་གཞུང་གི་ཆོས་ལུགས་ངོ་མ་དེ་རེད། དེར་བརྟེན་ངས་ནམ་ཡིན་ཡང་། བཙན་པོའི་ཆོས་ལུགས་ནི་དེང་དུས་ཀྱི་བོན་དེ་མ་ཡིན་པར་གཞན་ཞིག་ཡིན་པར་བཤད་པའི་སྒྲུབ་བྱེད་ཅིག་ཡིན།
ཧྥ་རན་སིའི་དཔེ་མཛོད་ན་ཅི་ཞིག་འདུག གསལ་པོ་བཤད་རྒྱུ་ཡོད་ན་ཤོད་དང་ང་ཚོས་རྩད་གཅོད་ཆོག་གི་རེད།
ཏུང་ཧོང་ཡི་གེར་གཤེན་ཞེས་པ་ལྟ་བུའི་ཚིག་ཁ་ཤས་རེ་མཐོང་སོང་། ཡིན་ན་ཡང་། ཚང་མ་གཤིན་ཆོག་སོགས་ཤི་བ་དང་འབྲེལ་བ་ཡོད་ས་རེད་བསམ་བསམ་མ་གཏོགས་ད་ལྟའི་བོན་འདི་ལ་བསྡུར་ན་གནམ་སའི་ཁྱད་པར་ཡོད་ས་རེད་བསམ་བསམ་ཞིག་འདུག ཏུང་ཧོང་ཡི་གེ་འདི་ངས་ཀྱང་རྒྱ་ཆེན་པོ་ལྟ་ཀློག་སོགས་བྱས་མ་ཐུབ་པས་མི་ཤེས་ཤེས་མདོག་བྱེད་མི་རུང་། ཨོག་སི་ཧྥོར་ཌའི་རྒད་པོ་ཞིག་གིས་ལི་ཡུལ་གྱི་བོད་ཀྱི་སོ་མཁར་ཞིག་རོའི་ཤུལ་དུ་’བོན་’ཞེས་འཁོད་ཡོད་པའི་ཤིང་དུམ་བུ་ཞིག་འདུག་ཟེར། དེ་དུས་རབས་བརྒྱད་པའི་ནང་ཙམ་ཡིན་དགོས་པས་དེ་ལ་བརྟག་དཔྱད་རེ་བྱེད་རིན་ཡོད་ན་སུས་ཤེས།
སྤྱི་ལོ་་821ལོར་བོད་རྒྱ་གཉིས་ཀྱིས་ཁྲང་ཨན་དུ་མནའ་གན་བཞག་པོ་དང་། སྤྱི་ལོ་822ལོར་བོད་རྒྱ་གཉིས་ཀྱིས་བོད་རྒྱལ་ས་ལྷ་སར་མནའ་གན་བཞག་འདུག་པ་དང་སྤྱི་ལོ་823ལོར་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་ཇོ་བོའི་དབུ་ཟེར་བའི་འཁྲིས་སུ་རྡོ་རིང་བཙུགས་འདུག
རྡོ་རིང་དེར་་བཙུགས་མཁན་ནི་བོདཀྱི་རྒྱལ་པོ་ཁྲི་རལ་པ་རེད་འདུག རྡོ་རིང་དེའི་ནུབ་ངོས་ཀྱི་གཡོན་ཕྱོགས་སུ་འདི་ལྟར་བཀོད་ཡོད་འདུག
ཡིག་ཕྲེང་་་༥༨་་་ནས་འདི་ལྟར་བཀོད་འདུག
བོད་བོད་ཡུལ་ན་སྐྱིད།
རྒྱ་རྒྱ་ཡུལ་ན་སྐྱིད་སྐྱིད་པའྀ་སྲིད་ཆེན་པོ་
སྦྱར་ནས་གཙིགས་བཅས་པ་འདྀ།།
ནམ་ཞར་མྱི་འགྱུར་བར། དཀོན་མཆོག་གསུམ་དང་།།
འཕགས་པའྀ་རྣམས་དང་གཉྀ་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་གསོལ་ཏེ།།
ཐ་ཚྀག་གྀ་རྣམས་པས་ཀྱང་བཤད།།
སྲོག་ཆགས་བསད་དེ་མནའ་ཡང་བོར་ནས།
གཙིགས་བཅས་སོ།། ་ཞེས་བཀོད་འདུག་པས་་་སྤོབས་པས་བཤད་པ་ལྟར་སྲོག་ཆགས་བསད་ནས་དམར་མཆོད་ཕུལ་འདུག ཉི་ཟླ་སྐར་གསུམ་སྐྱབས་གནས་འཛིན་འདུག ཁྲི་རལ་པའི་་སྐབས་སུ་བཙན་པོའི་སྲིད་གཞུང་གི་ཆོས་ལུགས་དེས་དམར་མཆོད་བྱས་ཀྱི་ཡོད་པར་གསལ་པོ་རེད་འདུག ཁྱོད་ཚོས་བྱས་ན་་་དེ་དུས་ཆོས་ལུགས་བོན་པོ་རེད་དམ་་ཤཀྱའི་ཆོས་ལུགས་རེད།།་་་་ཧཧཧཧ་་དྲི་བ་ཡིན་ད། དྲང་པོ་ཤོད་ཤོག་ཨ།
ངས་བསམ་ཚུལ་བྱས་ན་བོད་ཀྱི་རྒྱལ་པོ་ཚང་མ་བོན་པོ་ཡིན་ས་རེད་བསམ་གྱི་འདུག
ཆོས་རྒྱལ་ཁྲི་རལ་པ་ཤཀྱའི་ཆོས་ལུགས་པ་རེད་མི་འདུག ཉི་ཟླ་སྐར་གསུམ་སྐྱབས་གནས་འཛིན་མཁན་ཞིག་རེད་འདུག དེའི་་གོང་གི་བོད་ཀྱི་རྒྱལ་པོ་རྣམས་ནི་དེ་བས་ཀྱང་བཤད་མ་དགོས་པར་ཤཀྱའི་ཆོས་ལུགས་པ་ཡིན་གྱི་མ་རེད་བསམས་ཀྱི་འདུག་གོ་་་་དཔང་རྟགས་རྡོ་རིང་ངོས་སུ་བྲིས་འདུག དེང་རབས་བརྒྱད་པའི་ལོ་རབས་༢༠་ནང་རེད་འདུག
དྲ་གྲོགས་བན་དེ་བ་ལགས། ངས་མ་ཤེས་པ་ཞིག་ལ་དེང་སང་གི་བོན་པོ་ཚོས་ཉི་ཟླ་སྐར་གསུམ་སྐྱབས་གནས་བརྩི་ཡི་རེད་དམ་མ་རེད། དམར་མཆོད་བྱེད་ཀྱི་རེད་དམ་མ་རེད།
ཨོ་རེད་་་་བཙན་བྱོལ་བའི་དབུ་མའི་ལམ་པ་བ་ཚོས་རྡོ་རིང་ངོས་ས་བཀོད་པའི་མནའ་ཚིག་འདིར་ཡང་ཟ་གི་ཡོད་རེད། རྒྱ་བོད་ཡུལ་ན་སྐྱིད་་་རྒྱ་བོད་མཉམ་གནས་བྱེད་ན་སྐྱིད་པའི་སྲིད་ཇུས་འཛིན་ཡོད་རེད། བོད་བཙན་པོའི་ཕ་མེས་ཚོའི་རུས་རྐང་ཟ་མཁན་གྱི་རྒྱ་ཁྱི་ངོ་མ་ཁྱོད་རང་ཚོ་རེད་མི་འདུག་དམ།
དྲ་གྲོགས་ཅོ་རི་ལགས་་་་བོན་པོས་ཉི་ཟླ་སྐར་གསུམ་ལ་སྐྱབས་སུ་བཟུང་གི་མ་རེད་ཅེས་ཞུ་ཡ་ཡིན། ཉི་ཟླ་སྐར་གསུམ་ལ་གནས་པའི་ལྷ་མིན་གཡེན་ཁམས་ཀྱི་ཚོགས་རྣམས་ལ་བསྟན་པ་བསྲུང་ཕྱིར་དང་ཚེ་འདི་ཡི་མཐུན་རྐྱེན་ལ་དམིགས་ནས་ནད་བཟློག་རྐྱེན་སེལ་གྱི་ཆེད་དུ་མཆོད་པ་འབུལ་བ་དང་ཕྱག་འཚལ་བ་དེ་འདྲ་ཡོད། དཔེར་ན་གནས་ཆུང་དང་བསྲུང་མ་དམར་ནག་བཞིན་རེད།
བོན་པོས་དམར་མཆོད་ནི་ནམ་ཡང་བྱས་མྱོང་མེད་ལ་སྔར་དང་ད་ལྟ་གང་དུའང་བྱུང་མྱོང་མེད། ཡོད་ན་བོན་པོ་རང་གི་ལོ་རྒྱུས་དང་ཆོས་འབྱུང་བོན་གཞུང་སོགས་ལས་གསལ་དགོས་པ་ལས་དེ་འདྲ་གསལ་བ་ཡི་གེ་ན་གཅིག་ཀྱང་སྟོན་རྒྱུ་མེད། དེ་འདྲ་ཞུ་ཡ་ཡིན།
ཆོས་རྒྱལ་མེས་དབོན་རྣམ་གསུམ་ཟེར་ནས་འབོད་བསྡད་མཁན་ཚོས་ཉོན་བྱོས། དམར་མཆོད་ཕུལ་གྱི་ཡོད་པའི་དཔང་རྟགས་རྡོ་རིང་ངོས་ནས་གསལ་འདུག ད་་་ཁ་བཙུམ་ནས་མ་སྡོད་པར་དྲང་པོ་ཤོད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ཆོས་རྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན་སོགས་གང་གི་ཆོས་རྒྱུད་ཀྱི་ཁུངས་སུ་བརྩི་གི་ཡིན་ནམ།
དམར་མཆོད་ཕུལ་གྱི་འདུག་ཟེར་དུས་ཕར་ཕྱོགས་ཀྱིས་་ཡང་མིན་མདོག་མདོག་དང་། ཚུར་ཕྱོགས་ཀྱིས་ཀྱང་མིན་མདོག་མདོག་བྱས་ནས་་་ངོ་ཚ་ཡ་འདྲ་ཡོད་པེ། སྔོན་མ་བོད་ཀྱི་རྒྱལ་བློན་ཚོས་ལོ་གསུམ་རེའི་མཚམས་ལ་མནའ་ཆེན་རེ་བཞག་དུས་་་དམར་མཆོད་ཕུལ་བ་དང་བན་དྷི་ཞིག་གིས་ཆོ་ག་བཏང་གི་ཡོད་པར་དགེ་ཆོས་ཀྱི་དེབ་དཀར་ལ་གསལ་གསལ་དག་དག་བྲིས་འདུག
ཤཀྱའི་ཆོས་ལུགས་པ་ཚོས་དམར་མཆོད་ཕུལ་མྱངས་མེད་པའི་དཔང་རྟགས་ག་རེད་དམ། ཡོད་ན་ཁྱེར་ཤོག ཁྲི་རལ་པ་ཤཀྱའི་ཆོས་ལུགས་པ་ཡིན་མདོག་མདོག་བཤད་བསྡད་པ་མིན་ནམ། བོན་པོ་ཚོས་ཡང་མེས་དབོན་རྣམ་གསུམ་བོན་པོ་ཡིན་མིན་གསལ་པོ་བཟོ་རོགས་བྱོས། མདོ་ན་་བོན་དང་ཤཀྱའི་ཆོས་ལུགས་ཀྱི་འགལ་ཟླ་གཙོ་བོ་དམར་མཆོད་ཕུལ་གྱི་ཡོད་མེད་ཀྱི་གནད་དོན་འདི་རེད་འདུག འཚེ་བ་ཆོས་སུ་འདོད་མཁན་མེས་དབོན་རྣམ་གསུམ་རེད། ཉི་ཟླ་སྐར་སྐྱབས་སུ་འཛིན་མཁན་་མེས་དབོན་རྣམ་གསུམ་རེད། དཀོར་གཟན་ཚོ་དགའ་ན་རེད། མ་དགའ་ནའང་་རེད།
བན་དེའི་ལུགས་ལ་་་་མངོན་སྤྱོད་དྲག་པོའི་འཕྲིན་ལས་་་་ཟེར་བ་དེ་གཞུང་ལུགས་དང་ལྟ་གྲུབ་ཅིག་གི་ཐོག་ནས་ཡོང་བ་ཡིན་དུས་འཚེ་བ་ཆོས་སུ་སྨྲ་བ་དང་འཚེ་བ་ཆོས་སུ་འདོད་པ་གཉིས་ཆ་རེད། དམར་མཆོད་ཚང་མ་་་་་འཚེ་བ་ཆོས་སུ་སྨྲ་བ་་་ཟེར་བ་དེ་ཡིན་པའི་ངེས་པ་ཡོད་མ་རེེད། འཚེ་བ་ཆོས་སུ་སྨྲ་བ་ཟེར་བ་དེ་གཞུང་ལུགས་དང་ལྟ་གྲུབ་ཅིག་གི་ཐོག་ནས་ཡོང་བ་ཡིན་དུས། གདོད་མའི་ཡུལ་ལྷར་དམར་མཆོད་འབུལ་བ་དེ་ལ་གཞུང་ལུགས་དང་ལྟ་གྲུབ་གང་ཡང་ཡོད་པར་མི་སེམས་སོ། ད་ལྟ་བྲེལ་བས་དེ་ཙམ་ཡིན་རྗེས་སུ་ཞུ་ཆོག་པ་ཞུ། །
སྤོབས་མཐའ། ཧྤ་རན་སིའི་དཔེ་མཛོད་ཀྱི་ཏུན་ཧུང་ཡིག་རྙིང་ཁྲོད་དུ་ཡོད་པའི་གཉའ་ཁྲིའི་ལོ་རྒྱུས་སོགས་དུས་རབས་དགུ་བའི་སྔོན་གྱི་ཡིན་པ་ཡོངས་གྲགས་རེད། དེའི་ནང་ན་བོན་པོ་དང་བོན་ཞེས་པ་མང་པོ་མཐོང་རྒྱུ་འདུག་པ་དེར་ཞིབ་གཟིགས་མཛོད། ཁྲི་སྲོང་གི་སྐབས་སུ་དམར་མཆོད་འབུལ་མཁན་དེ་དོན་དང་ཐ་སྙད་གཉིས་མཐུན་གྱི་བནྡེ་ཡིན་པ་གསལ་པོ་ཡིན་ཏེ་མིང་གི་ཆ་ནས་བཤད་མི་དགོས། དོན་གྱི་ཆ་ནས་ཀྱང་སྐབས་དེར་བོན་པོའི་མི་སྣ་ལ་བནྡེ་ཟེར་སྲོལ་མེད་ཅིང་། ཐ་སྙད་འདི་བཅོམ་ལྡན་འདས་ཀྱི་ཆོས་ལུགས་བོད་དུ་བྱུང་བ་དང་དུས་མཉམ་དུ་བོད་ལ་བྱུང་བ་ཞིག་ཡིན་པས་ཀྱང་ཤེས་ནུས་པ་རེད། ད་དུང་ཨུ་ཚུགས་འདྲ་བྱེད་ན་དེ་ལྟར་མཛོད་ཅིག་གོ
ཤཱཀྱ་ཐུབ་པས་དམར་མཆོད་འབུལ་བའི་ཆོས་ཤིག་གསུངས་ཡོད་པའི་དཔང་རྟག་ཡོད་ན་དེཤཱཀྱ་ཐུབ་པའི་ཆོས་ལུགས་དེ་འཚེ་བ་ཆོས་སུ་སྨྲ་བ་ཡིན་པར་ཐག་ཆོད་པ་རེད། དེ་མེད་ན་སྐྱོན་དེ་འཇུག་གི་མ་རེད། ཐང་ཡིག་གི་ནང་ན་བན་དེ་ཞིག་གིས་དམར་མཆོད་བཏང་ཞེས་པ་དེ་རྒྱ་ཡིག་ལས་བསྒྱུར་བ་ཡིན་པས་བསྒྱུར་གཞིའི་སྐད་དོད་གང་ཡིན་ལྟ་དགོས། ཡུལ་ལྷ་གསོལ་བ་སོགས་ཆོས་ལུགས་མིན་ན་ཆོས་ལུགས་རྙེད་དཀའ།
ཡིན་ན་ཡང་། དུས་རབས་བཅུ་པ་བཅུ་གཅིག་པའི་ནང་དུ་བན་དེ་ཟེར་བའི་མིང་ཁུར་མཁན་གྱི་གྲས་སུ་དམར་མཆོད་གཏོང་མཁན་གྱི་ཚོ་ཁག་ཅིག་བྱུང་བ་དོན་དངོས་ཡོད་རེད། དེ་དག་གིས་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་སུ་འདི་གསུངས་འདུག་ཟེར་བའི་ཁུངས་སྐྱེལ་གི་མི་འདུག སྔགས་མ་རྒྱུད་ཀྱི་ཆོས་ཡིན་ཟེར་ནས་དམར་མཆོད་བཏང་འདུག དམར་མཆོད་གཏང་སྟངས་སོགས་ཞིབ་པར་མ་མཐོང་ཡང་མི་བསད་ནས་དམར་མཆོད་བཏང་ཚུལ་འདུག མི་གསོད་གི་ཡོད་ས་ནས་སྲོག་ཆགས་སེམས་ཅན་གསོད་གི་ཡོད་པ་རྗེས་སུ་དཔག་ནུས་པ་ཞིག་རེད། དེ་ནི་བོད་ཀྱི་ནང་པ་ཚོའི་ཡོངས་ཁྱབ་ཀྱི་བྱེད་སྟངས་མིན་པར་ཚོ་ཁག་གཅིག་རེད་འདུག
འདི་ལ་བསམ་གཞིག་བྱ་རྒྱུ་འདི་འདུག སྤྱིར་ན་ལོ་རྒྱུས་ཡོངས་གྲགས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ནི་དམར་མཆོད་གཏོང་བ་སོགས་ལ་དགག་པ་མཁན་གྱི་ཆོས་ལུགས་ཀྱི་སྲོལ་བཏོད་མཁན་ཡིན་པ་དང་། རྒྱ་གར་གཙོས་པའི་ནང་པ་དར་ཡུལ་གཞན་ལ་ནང་པས་དམར་མཆོད་མཆོད་བཏང་ཚུལ་མི་འདུག ཡིན་ན་ཡང་། བོད་ལ་བན་དེ་དམར་མཆོད་གཏོང་མཁན་བྱུང་བ་འདི་ལ་རྒྱུ་མཚན་ཞིག་ངེས་པར་དུ་ཡང་ཡོད་དགོས།་དེ་ནི་བོད་རང་ལ་དམར་མཆོད་ཀྱི་སྲོལ་རྒྱུན་དེ་དར་ཤུགས་ཆེན་པོ་ཡིན་པའི་སྟབས་ཀྱིས་མིན་ནམ་ཡང་བསམ།
བོད་ཀྱི་ལོ་རྒྱུས་དསྟེང་ན་པནྜི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་དམར་མཆོད་བཏང་ཚུལ་གསལ་ཡོད། གོས་ཀྱི་ཁ་ཏོག་སྔོན་པོ་ལ་གཙིག་ཆེར་འཛིན་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ད་ལྟའི་བོན་ཞེས་གྲགས་པའི་ལུགས་འདི་ལ་འབྲེལ་བ་ཡང་ཅུང་ཙམ་འདུག བོན་གྱི་སྟོན་པ་གཤེན་རབ་ཟེར་བ་དེ་ཁོ་ལ་ཆེ་བསྟོད་བྱས་པའི་མིང་མིན་ནམ་ཡང་སྙམ་པས་དཔྱད་པར་ཞུ།།
སྤོབས་མཐའ། དམར་མཆོད་བྱེད་པའི་ལུགས་སྲོལ་དེ་བོད་ལ་མཚོན་དང་ཐོག་མར་བཀག་འགོག་བྱེད་མཁན་དེ་སྟོན་པ་གཤེན་རབ་རེད། དེའི་རྗེས་སུ་ད་དུང་བོད་ལ་དམར་མཆོད་བྱེད་མཁན་མང་པོ་ཞིག་བྱུང་ཡོད་ཅིང་། ལྷག་པར་དུ་སྤྱན་གཟིགས་ཀྱི་རྣམ་སྤྲུལ་དུ་གྲགས་པ་ཁྲི་སྲོང་ལྡེའུ་བཙན་གྱིས་དེའི་རྒྱུན་བསྐྱངས་ཡོད། ཁྱོད་ཀྱིས་བཤད་པ་ལྟར་མི་གསོན་པོ་དུར་དུ་སྦས་པ་དང་མེ་ལ་བསྲེགས་པ་ལྟ་བུ་རེད། ཤམ་ཐབས་སྔོན་པོ་ཅན་ཟེར་བའི་ཐུའུ་བཀཱན་གྱི་རང་བཟོས་སྒྲུང་གཏམ་དེར་ཁུངས་གཏུགས་ལུགས་ལ་བལྟས་ནའང་ཁྱོད་ཀྱི་འདོད་པ་ངོ་མ་དེ་ཅི་ཞིག་ཡིན་པ་གསལ་པོར་འདུག ཧ་ཧ་ཧ
མཁས་དབང་མཁར་རྨེའུ་ཡི་གསུངས་རྩོམ་་མདའ་དང་འཕང་་་ལྡེབ་མ་༡༨༨་ནས་འདི་ལྟར་བྲིས་འདུག །
དཔེ་ཆ་དེའི་ནང་དུ་མངོན་པའི་གཏམ་རྒྱུད་སྐོར་གྱི་ནང་དོན་རྣམས་ནི་་་ཐོ་མ་སིས་་ཞིབ་འཇུག་གནང་བའི་དཔེ་ཆའི་ནང་དུའང་འཁོད་ཡོད། འདིར་བརྗོད་རིན་ཆོག་པ་ཞིག་ནི་་་ཐོ་མ་སིས་་་ཞིབ་འཇུག་གནང་བའི་དཔེ་ཆའི་ནང་དུ། གླུད་ཀྱི་ཆོ་གའི་ལྷ་དགུ་ཞེས་པ་དེ་དག་ཚང་མ་རི་ལྷ་ཡིན་ཞེས་པ་དེའོ། ལྷ་དེ་དག་ནས་བརྒྱད་ནི་་་གཙང་ལྷ་ཕུ་དར་དང་། གནུབ་ལྷ་ཐོན་དྲུག ཐང་ལྷ་ཡར་བཞུད། ཀླུམ་ལྷ་ཐུགས་པོ། སྐྱི་ལྷ་བྱ་མང་། ཡར་ལྷ་ཤམ་པོ། དབྱེ་ལྷ་སྤྱི་གང་། རྙེགས་ལྷ་བྱ་མང་བཅས་ཡིན་ལ། དེ་དག་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་༼༧༤༢་་་་་༧༩༧༽གྱིས་བཀའ་གཙིགས་བསྒྲགས་སྐབས་ཀྱི་ལྷ་དགུ་དཔང་པོར་འབོད་པ་དག་ཡིན་པར་སེམས། ༼ཏུན་ཧོང་ཡིག་རྙིང་ནང་ལྷ་དགུ་པ་དེ་ཆད་འདུག༽ རྒྱལ་པོ་འདིེས་བསྒྲགས་པའི་བཀའ་གཙིགས་གཞན་ཞིག་ནང་། སྐུ་ལྷ་༼རི་ལྷ་རྣམས༽གསོལ་བའི་ཆོ་ག་དེ་ནི་བོད་ཀྱི་དད་མོས་རྙིང་པ་ཞིག་ཡིན་པ་དང་། དེ་ནི་སངས་རྒྱས་ཆོས་ལུགས་དང་མི་འདྲའོ་ཞེས་གསུངས་ཡོད།
ཆོ་ག་དེ་དག་སྤེལ་མཁན་འགའ་ཞིག་གི་མཚན་ནི་་ཐོ་མ་སིས་་ཞིབ་འཇུག་གནང་བའི་དཔེ་ཆའི་ནང་དུ་འཁོད་པ་ལྟར་ཏུན་ཧོང་ནས་ཐོན་པའི་དཔེ་ཆ་གཞན་ནང་དུའང་སྣང་ལ། ཕྱིས་ཀྱི་བོན་གྱི་ལོ་རྒྱུས་ཀྱི་ཡིག་ཆའི་ནང་དུའང་མཐོང་རྒྱུ་ཡོད། །
ཐོ་མ་སིས་ཞིབ་འཇུག་གནང་བའི་དཔེ་ཆ་ལྟར་ན། རྩི་ཤིང་དང་དངོས་རྫས་གཞན་ལས་སྒྲུབ་པའི་རྫས་ཆས་ཡུལ་ལྷ་རྣམས་གསོལ་བ་ལས་་་ཤ་ཁྲག་གི་དམར་མཆོད་ནི་མི་འབུལ་་་ཞེས་གསལ། དེ་ལས་སངས་རྒྱས་ཀྱི་ཆོས་ལུགས་བོད་དུ་དར་རྗེས་དམར་མཆོད་འབུལ་བའི་སྲོལ་དེ་རིམ་བཞིན་གཟུགས་བརྙན་གྱིས་ཚབ་བྱས་སོ་ཞེས་པའི་གཏམ་ནི་བབ་ཅོལ་གྱི་གཏམ་ཞིག་ལགས། རྟག་ཏུ་ཤེས་རིག་གི་དབེན་པའི་བོད་རིགས་སམ་བོན་པོ་རྣམས་ཀྱིས་དམར་མཆོད་ཅེས་སེམས་ཅན་བསད་ནས་མཆོད་པ་འབུལ་བ་ཡིན་ཞེས་སྒྲོག་ཅིང་དམད་ར་གཏོང་བའི་སྲོལ་ཞིག་ཆགས་ཡོད། ཐང་བོད་གཉིས་ཀྱི་ཞི་བའི་ཆིངས་འགྲིག་༼༨༢༡་་་་༨༢༢༽བྱེད་སྐབས་ཀྱི་མཛད་སྒོའི་ནང་དོན་ལས་དམར་མཆོད་ཕུལ་བའི་ལུགས་སྲོལ་དེ་རིགས་ཡོད་པར་མངོན། འོན་ཀྱང་། ཉེ་བའི་ཆར་བོད་རིག་པ་མཁས་ཅན་་་སེ་ཏན་་་གྱིས་་དམར་མཆོད་འབུལ་བའི་སྲོལ་དེ་ནི་གནའ་བོའི་རྒྱ་མི་རིགས་ཀྱི་ལུགས་སྲོལ་ཡིན་པ་གང་ཞིག་བོད་པས་ལད་ཟློས་བྱས་པ་ཞིག་དང་། ཐང་བོད་ཞི་བའི་ཆིངས་འགྲིག་བྱེད་སྐབས་སྲོལ་དེ་སྤྱད་པའི་རྒྱུ་མཚན་ཡང་བོད་པས་ཆིངས་སྒྲིག་གི་བྱེད་སྒོར་བརྩི་བཀུར་དང་རྒྱལ་ཁབ་གཉིས་དབར་ཕན་ཚུན་བསམ་ཤེས་དང་ཕམ་འཁུར་རེས་བྱས་པའི་འབྲས་པ་ཞིག་ཡིན་ཞེས་གསུངས། འོན་ཀྱང་། ལྟ་ཚུལ་དེ་ནི་བོད་བཙན་པོའི་དུས་སུ་བོད་དུ་དམར་མཆོད་བྱེད་སྲོལ་རྩ་བ་ནས་མེད་ཚུལ་བསྟན་པ་འབའ་ཞིག་མ་ཡིན་ལ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཀྱང་བོད་དུ་དམར་མཆོད་བྱེད་པའི་སྲོལ་ནི་སངས་རྒྱས་ཆོས་ལུགས་ལའང་ཡོད་དོ་ཞེས་གསུངས། །
འདི་འདྲ་ཞིག་བྲིས་འདུག་དགོངས་ཚུལ་གང་ཡོད་དམ། །
་འབྲས་པ་ཞིག་ཡིན་ཞེས་གསུངས་་་ཅེས་པར་དག་ནོར་ཤོར་བ་འདི་་་འབྲས་བུ་ཞིག་ཡིན་ཞེས་གསུངས་་་སུ་བཅོས་པ་ཡིན། །
མཁས་དབང་བན་དེ་བ་ལགས་ཀྱི་ཕྱག་བྲིས་མཆན་༣༧་པ་དེ་དང་མཆན་བུ་༥༠་པ་གཉིས་ཆ་ཚང་བཀླགས་པ་ཡིན། དེ་ལ་བརྟེན་ནས་ཚོར་སྣང་གསར་པ་ཞིག་བྱུང་བ་ནི་འདི་ལྟར། བན་དེ་ཚང་གིས་ག་དུས་ཡིན་ནའང་བོད་རང་སའི་བོན་དང་འབྲེལ་ནས་བྱུང་བའི་ལོ་རྒྱུས་ཤིག་ཡོད་ན་དེ་རྒྱ་གར་ནས་བྱུང་བ་ལྟ་བུར་བཅོས་བསྒྱུར་བྱས་པ་་ཧ་ཅང་མང་པོ་རེད། དེ་འདྲ་ཡིན་དུས། སྒོ་ལྷ་བོན་དཀར་པོའི་གདུང་བརྒྱུད་ཡིན་པའི་སྐམ་མིང་ཅན་གྱི་གདུང་བརྒྱུད་དེ་ལ་སྐམ་ཚང་ངམ་ཡང་ན་སྐ་འོད་གསལ་ལྷ་ཡི་གདུང་བརྒྱུད་དུ་འབོད་སྲོལ་བྱུང་བ་ནས། སྐམ་་དང་སྐ་་དེ་་་ཀརྨ་་་པ་ལ་བཅོས་བསྒྱུར་བྱས་པ་འདྲ་པོ་འདུག ། ཀརྨ་པ་ལ་བཅོས་བསྒྱུར་བྱས་ཚར་དུས་སྔོན་གྱི་བོན་བརྒྱུད་་སྐམ་་དང་སྐ་འོད་གསལ་ལྷ་ཡི་གདུང་བརྒྱུད་ཀྱི་ལོ་རྒྱུས་ངོ་མཚར་ཅན་དེ་མི་མངོན་པར་བཟོས་པ་རེད། ད་དུང་ཀརྨ་པ་ཟེར་ཡོང་དུས་དུས་ཕྱིས་མི་རྣམས་ཀྱིས་རྒྱ་གར་སྐད་ཀྱི་ལས་འབྲས་ལ་གོ་བའི་ཀརྨ་ཟེར་བ་དེ་རང་ཡིན་བཞག་བྱེད་པ་མ་གཏོགས། སྔོན་གྱི་བོད་རང་གི་ལོ་རྒྱུས་ཡོད་པའི་སྒོ་ལྷ་བོན་དཀར་པོའི་གདུང་བརྒྱུད་ལས་བྱུང་བའི་་་སྐམ་ཚང་དང་སྐ་་འོད་གསལ་ལྷ་ཡི་གདུང་བརྒྱུད་ཀྱི་ལོ་རྒྱུས་དེ་མི་རྣམས་ཀྱི་ཡིད་ངོར་འཆར་མི་ཐུབ་པ་བན་དེས་བཅོས་བསྒྱུར་བྱས་པ་ཞིག་ཡིན་པར་སྙམ་མོ།
སྒོ་ལྷ་བོན་དཀར་པོ་གདུང་བརྒྱུད་དེ་ལ་སྐམ་དང་སྐ་་འབྲི་སྲོལ་ཇི་ལྟར་བྱུང་བ་ཡིན་སྙམ་ན་རང་གི་སྣང་ངོར་འདི་ལྟར་འཆར། དཔེ་ཆ་རྙིང་པ་ཁ་ཤས་ནང་་་སྒམ་ལྷ་བོ་ལྷ་སྲས་གནམ་ནས་བབས་་གསུངས་པ་ཡོད་པ་རེད། དེ་འདྲ་ཡིན་དུས་སྒམ་དེ་སྐམ་ལ་གྱུར་ནས་སྐ་་བཅས་འབྲི་སྲོལ་བྱུང་བ་ཡིན་ནམ་སྙམ་མོ། །
་་་་་་ གླུད་ཀྱི་ཆོ་གའི་ལྷ་དགུ་ཞེས་པ་དེ་དག་ཚང་མ་རི་ལྷ་ཡིན་ཞེས་པ་དེའོ། ལྷ་དེ་དག་ནས་བརྒྱད་ནི་་་གཙང་ལྷ་ཕུ་དར་དང་། གནུབ་ལྷ་ཐོན་དྲུག ཐང་ལྷ་ཡར་བཞུད། ཀླུམ་ལྷ་ཐུགས་པོ། སྐྱི་ལྷ་བྱ་མང་། ཡར་ལྷ་ཤམ་པོ། དབྱེ་ལྷ་སྤྱི་གང་། རྙེགས་ལྷ་བྱ་མང་བཅས་ཡིན་ལ། ་་་་་་་
དམར་མཆོད་བྱེད་པའི་ལུགས་སྲོལ་དེ་བོད་ལ་མཚོན་དང་ཐོག་མར་བཀག་འགོག་བྱེད་མཁན་དེ་སྟོན་པ་གཤེན་རབ་ཡིན་ན། མི་ལོ་༩༠༠༠དགུ་སྟོང་ལྷག་གི་གོང་ལ་ཡིན་པ་ཡང་ཁས་བླངས་དགོས་པས། ཅུང་ཟད་བློ་ལ་འགྲོ་དཀའ་ཙམ་མི་འདུག་གམ། ལགས།
བློར་བབ་མ་བབ་དག་སྣང་སྦྱོང་དགོས། ཡང་ན་ཚད་མ་གསུམ་གྱིས་བརྟག་དཔྱད་གཞིག་རྟོག་གནང་དགོས་དེ
མིན་ངེས་ཤེས་རྙེད་དཀའ།
འདི་ན་མི་ཞིག་གྲོངས་པའི་མྱ་ངན་ཞུ་སའི་རྩོམ་ཡིག་ཡིག་ཅིག་རེད། འདི་ལ་ང་ཚོའི་རྒྱགས་གཏམ་རྩོད་པ་དེ་ཚོ་བཤད་བསྡད་ན་འཚམས་པོ་དེ་ཙམ་མེད་པ་འདྲ། སྐབས་གཞན་དུ་བརྗོད་གཞི་སྤེལ་ནས་གླེང་ན་ག་འདྲ་འདུག ཡ་རབ་བཟང་སྤྱོད་ཀྱི་རྨངས་གཞིའི་སྟེང་ནས་བལྟས་པ་ཙམ་ཡིན།
འབྲེལ་བ་མེད་པའི་མཆན་ཉོག་གྱིས་བཀང་འདུག
ངས་ཧིན་ཆོས་རྒྱ་གར་པ་ལས་ལྷག་པ་ཤེས་བགྱིད་ཡོད་སྙམ་པའི་ང་རྒྱལ་འཆང་ཤིང་ཡོད་ཀྱང་། བོན་ཆོས་འདི་ད་ལྟ་ཡང་གསལ་པོ་བྱུང་མ་སོང་། ངས་ངོ་ཤེས་ཙམ་ཡོད་པའི་ལྷ་གཅིག་པུ་དེ་ནི། ཡར་ལྷ་ཤམ་པོ། འདི་ཡིན་སྙམ་ཡང་་་་་་་ དེ་ཡང་གོ་ནོར་ཐེབས་ཡོད་སྲིད་པས་་་་་་