____དུར་བྱང་།
ཁ་སང་དེ་རིང་། ཕྲན་པར་མཚོན་ན་དངོས་གནས་བག་ཕེབས་ངང་གཞན་དང་གཞན་ལ་གཏམ་སྨྲ་ཞིང་བགྲོ་བའི་ཁོམ་ལོང་ཆེར་མེད། དེ་རིང་དྲོས་ཇ་འཐུང་ཞོར་ལ། གྲོགས་ག་གེ་མོ་དང་ལྷན་མགོ་མེད་མཇུག་རྡུམ་གྱི་སྐད་ཆ་ལ་བཤད་ལུང་བཤད་མང་པོ་བྱས་པའི་གཞུག་ཏུ། སྐུ་ཞབས་སེང་རྡོར་གྱིས་བརྩམས་ཤིང་ལེའུ་བཅུ་དྲུག་གིས་གྲུབ་པར་བྱས་པའི་«བཅད་གསར་སྙན་ངག་གི་སྤྱི་དོན་མངར་སིལ་འཐིལ་བའི་བྱེ་རུལ»ཞེས་པ་ཞིག་འཕྲུལ་དེབ་ཏུ་བཟོས་འདུག་པའི་སྐོར་ནས་སྐད་ཆ་ཤོད་རེས་བྱས་པ་ཡིན། ཕྲན་པས་དཔེ་ཆ་དེ་འདྲ་ཞིག་གོ་ལོ་ཐོས་ལོ་ཙམ་ལས་རྒྱུས་མངའ་ཁྱོན་ནས་མེད། སྟབས་ལེགས་པ་ཞིག་ལ་དཔེ་ཆ་དེ་ཆེད་དུ་རིན་བྱིན་ནས་ཉོ་མ་དགོས་པར་ཚེགས་མེད་དུ་གྲོགས་གང་གིས་སྐད་འཕྲིན་བརྒྱུད་མཁོ་སྤྲོད་གནང་བར་དགའ་བོ་བྱུང་།
དཔེ་ཆ་དེ་ཀློག་འགོ་བརྩམས་པ་ཡིན། ཀློག་གིན་ཀློག་གིན་ང་ནི་རྩོམ་པ་པོ་ཁོང་ལ་སྔར་ལས་ཡིད་མགུ་བ་བྱུང་། དེ་ནི་གཞན་ཅི་ཡང་མ་ཡིན། ན་ཚོད་ཧ་ཅང་ཆུང་བ་ཞིག་གི་རྣམ་དཔྱོད་ལ་ཧ་ལས་པ་ཙམ་པོ་ཡང་མ་ཡིན། མེ་ལོང་ལ་གཟུགས་བརྙན་འཆར་བ་ལྟར་དུ་འཆད་པར་བྱ་བའི་ཁོག་འབུབས་གསལ་གསལ་རྗེན་རྗེན་བསྟན་བཞག་པ་དེ་ཙམ་པས་ཀྱང་མ་ཡིན། ཚིག་ཉུང་དོན་འདུས་ཀྱིས་བརྩམས་ཆོས་ཡག་པོ་ཞིག་བྲིས་པ་ཁོ་ནས་ཀྱང་མ་ཡིན། བཅད་གསར་སྙན་ངག་ལ་གཞུང་ལུགས་ཀྱི་རྨང་བཏིངས་པ་དེ་གས་ཀྱང་མ་ཡིན། ཡིན་ངོ་མ། ཁོ་བོས་མཐོང་ཞིང་བཀླགས་མྱོང་བའི་སེང་རྡོར་གྱི་རྩོམ་ཡིག་ཡིན་ནོ་ཅོག་གི་ཐོག་མཐའ་བར་གསུམ་དུ། བརྩམས་ཆོས་འདིར་ཆ་བཞག་ན། མགོ་བཟུང་བ་ནས། དཀྱུས་ལ་ཞུགས་པ་ནས། མཇུག་བསྡུ་བའི་ཚུན་ཆད་ནས་བོད་སྐད་རྣལ་མའི་བྲོ་བ་མ་བོར་བའི་སྐད་ཆ་དག་ཚར་དུ་བསྒྲིགས་པས་ལོས་ཡིན། ཁོས་བསྙད་པའི་བོད་སྐད་ཀྱི་གཏིང་ཟེར་བའང་འདི་ཡིན་འགྲོ། མང་ཚོགས་ལ་འབྱམས་པའི་བོད་སྐད་ཀྱི་རྩམ་དྲི་མར་དྲི་ཟེར་སྐད་ཅིག་ཐོས་པའང་འདི་མིན་འགྲོ།
ད་དུང་སྐད་ཆ་གཅིག་རང་འཆད་རྒྱུར་ལྷག་ཡོད། རྩོམ་པ་པོས་རྣ་བ་གླགས་ཏེ་ཉོན། ད་སྔ་བར་དུ། སྐྱོན་ཕྲ་མོ་ཙམ་ཡང་བྲལ་ཞིང་དབེན་པའི་བསྟན་བཅོས་ཧྲིལ་བོ་ཞིག་ཨེ་ཡོད། ཟུར་ཡོངས་ནས་ཚད་མར་འཛིན་འོས་ཤིང་ཆོག་པའི་གླེགས་བམ་ཞིག་ཨེ་ཡོད། ངས་ནི་དངོས་གནས་མི་དྲན་ནོ།། མ་མཐོང་ངོ་།། དེ་ལྟར་ལབ་ན། ཁ་བདག་མེད་ནས་ཚིག་ཚོད་མེད་སྨྲ་མཁན་དག་གིས། “མ་མཐོང་ཕྱིར་ན་མེད་པ་མིན”ཞེས་པའི་ལུང་ཚིག་འདིས་ང་ལ་འགྲམ་ལྕག་ཚ་བེར་བེར་ཞིག་བཞུ་ན་ཐང་མོད། མི་སྐྱོན།
སྐད་ཆ་དོན་པོ་དེ། ཡང་ན་ང་འཁྲུལ་འདུག ཡང་ན་ཁྱོད་གོལ་འདུག སྤྱིར་ན་དེ་ལྟར་རེད། གཅིག་བྱས་ན་སྔོན་ཆད་གཤེགས་ཤིང་ད་ལྟར་བཞུགས་པའི་མཁས་པ་ཕལ་མོ་ཆེ་ལ་གོམས་ལོབས་སུ་སོང་བའི་ངན་རྟགས་ཀྱང་ཡིན་ལས་ཆེ། མ་བརྟག་ཉམས་དགའི་ངོར་འགྲིག་འགྲིག་བདེ་བདེ་ལྟར་སྣང་བ་ཡང་། འཕྲལ་གྱིས་བལྟས་ན་སྣང་མཁན་རང་ལའང་སྐྱོན་ཕྲན་བུ་ཡོད་པ་ཤ་སྟག་ཡིན་རུང་། ཡིན་རྒྱུ་ནི། གང་ཞིག་འབྲི་བ་པོར་ཞིབ་ལྟ་དང་། ནན་ཏན་དང་། ཚེགས་ལ་གཡོལ་བར་གོམས་པའི་ངན་རྟགས་ཟང་མར་བསྟན་པ་ལས་ཅི། གསར་རྩོམ་པ་ཚོར། གོལ་འཛོལ་ཟེར་ན་རེད། ཚད་མ་ལོན་ཟེར་ན་ཆོག གོ་ལོག་དང་བརྡ་ལོག སྡེབ་སྦྱོར་ཉམས་པ་དང་ཁུངས་མ་ཆོད་པ་ཕྲན་ལ་ཕྲན་བུ་ཡོད་རུང་། ཅི་ཁག མི་སྐྱོན། ཅི་ནོངས་སོགས་ཡར་སྐྱེད་ཡོང་བའི་སླད་དུའམ། སེམས་ཤུགས་སྐྱེ་བའི་ཕྱིར་དུའམ། འཚར་ལོངས་ཀྱི་ལམ་བུ་ཕྲ་མོ་དག་འཕྲེད་ཀྱིས་མི་གཅོད་པ་ནི་དགོས་དབང་ཡིན་སྐད་འདུག་ན། རེ་ཞིག་གུ་ཡངས་སུ་གཏང་ན་གཞར་ཡང་མི་སྐྱོན་སྙམ། དེ་ལས་ལྡོག་སྟེ། ང་སྙན་ངག་པ་ཡིན། རྩོམ་པ་པོ་ཡིན། མཁས་པ་ཡིན། སློབ་དཔོན་ཡིན། གྲངས་ཚད་ལོངས་པ་དེ་དག་གིས། ཤིན་ཏུ་གཟབ་ཅིང་རབ་ཏུ་གཅེས།
ཅི་ཞིག་ལ་གཅེས་དགོས་ཟེར་ན། གང་ཞིག་ལ་གཟབ་དགོས་ཟེར་ན། འདི་ལྟ་སྟེ། རྩོམ་འབྲི་བའི་སྐབས་སུ། ལུང་འདྲེན་དག་ཏན་ཏན་ཏིག་ཏིག་བྱ་དགོས་ཡོད། རང་ཉིད་ཀྱིས་དཔྱད་གཞིར་བདམས་པ་དག་གི་རྩོམ་པ་པོ། བརྩམས་ཆོས། དཔེ་སྐྲུན་ཁང་། ལོ་ཚིགས། ཤོག་ངོས། ཐིག་ཕྲེང་སོགས་གསལ་བོར་དགོད་དགོས་པ་ལས། ཁུངས་ལུང་རང་གིས་མ་བཙལ། མ་རྙེད། མ་མཐོང་བར་འོལ་ཚོད་དམ། བྱུང་རྒྱལ་དུ་གཞན་རྗེས་འབྲངས་ཏེ་ཡིན་ཤག་ཤག་གིས་དེབ་ངོས་སུ་བཀོད་དང་འགོད་བཞིན་པ་དེ་དག་ལ་གཟོབས། དཔེར་ན། སྐུ་ཞབས་སེང་རྡོར་གྱིས་བརྩམས་པའི་་«བཅད་གསར་སྙན་ངག་གི་སྤྱི་དོན་མངར་སིལ་འཐིལ་བའི་བྱེ་རུལ»ཞེས་པའི་ལེའུ་བཞི་པ་སྟེ། བཅད་གསར་སྙན་ངག་བསྒྲུབས་པ་ཞེས་པའི་ནང་དུ། (“སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ”[1]) ཅེས་པའི་ལུང་ཚིག་ཅིག་དྲངས། མཇུག་ཏུ་མཆན་རྟགས་སུ་འདི་ལྟར་གསལ་ལོ།། (“[1] ས་པཎ་གྱིས་བརྩམས་པའི་«མཁས་པ་ལ་འཇུག་པའི་སྒོ»ལས་དྲངས། དེབ་གཞི། གློག་རྡུལ་pdfཡི་རྣམ་པ་ཅན།”) ཞེས་ས་པཎ་གྱི་མཁས་པ་ལ་འཇུག་པའི་སྒོ་ལས་དྲངས་པར་བཤད། ལུང་ཁུངས་འདི་དངོས་གནས་ཡིན་ནམ། ཁྱོད་ཀྱིས་བཀླགས་པའི་མཁས་འཇུག་ནང་དུ་ཁྱོད་ཀྱིས་དྲངས་པའི་ཚིག་དེ་འདྲ་ཞིག་ཡོད་དམ། གཅིག་བྱས་ན་དུར་བྱང་འཁྲུལ་འདུག གཅིག་བྱས་ན་སེང་རྡོར་གོལ་འདུག དངོས་གནས་ཡིན། ཕྲན་པས་བཀླགས་མྱོང་བའི་ས་པཎ་གྱིས་མཛད་པའི་«མཁས་པ་རྣམས་འཇུག་པའི་སྒོ»(སྡེ་དགེ་དཔར་མ) རུ་ཚིག་དེ་འདྲ་ཞིག་གཏན་ནས་མཐོང་ཡུལ་དུ་མ་གྱུར། ཞིབ་དང་ནན་གྱིས་བལྟས་ཀྱང་མ་རྙེད། ད་དུང་ཁོ་བོས་ས་པཎ་གྱི་གསུང་རྩོམ་བཀླགས་པ། «རོལ་མོའི་བསྟན་བཅོས།» «ཡི་གེའི་སྦྱོར་བ།» «སྨྲ་སྒོའི་ས་བཅད།» «སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ།» «སྒྲ་ལ་འཇུག་པ།»སོགས་སུའང་མི་གསལ། ཁྱོད་ཀྱིས་གང་ནས་རྙེད་ཅིང་དེར་བཀོད་པ་ཡིན། ཡ་མཚན།
གཞན་དུ་ན། ཁོ་བོར་རྣམ་རྟོག་གི་དྲི་མས་བསླད་པ་མིན་ན། ས་པཎ་གྱིས་མཛད་པའི«མཁས་པ་ལ་འཇུག་པའི་སྒོ» ཟེར་བ་དེའང་ཁྱོད་ཀྱིས་རྟོག་བཟོ་ཙམ་ཁས་འཆེ་ན་ནི་ཅི་ཆ། དེ་མིན་ཁོང་ལ་བསྟན་བཅོས་དེ་འདྲ་ཡོད་པ་ཐོས་ལོ་ཙམ་ཡང་མེད་དོ།། མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་«མཁས་པའི་ཚུལ་ལ་འཇུག་པའི་སྒོ»དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི«མཁས་པ་རྣམས་འཇུག་པའི་སྒོ»ཞེས་པ་གཉིས་ལས་ཁྱོད་ཀྱིས་ལུང་ཁུངས་གཏུག་པའི«མཁས་པ་ལ་འཇུག་པའི་སྒོ»ཟེར་བ་ཞིག་ཡེ་ནས་མ་མཐོང་། ཞིབ་ཏུ་སོམས་དང་། «མཁས་པ་ལ་འཇུག་པའི་སྒོ»དང་«མཁས་པ་རྣམས་འཇུག་པའི་སྒོ»གཉི་གའི་ཚིག་ངོས་ནས་སམ། མཚན་བྱང་གི་ངོས་ནས་དཔྱད་ནའང་། འཇུག་མཁན་གཉིས་ཀ་རྦད་དེ་ཁ་ཁ་སོ་སོ་མ་ཡིན་ནམ། དང་པོ་ལྟར་ན། མཁས་པར་འདོད་པ་དག་གིས་གང་ལ་ཇི་ལྟར་འཇུག་དགོས་པའི་སྒོ་དང་། གཉིས་པ་ལྟར་ན། མཁས་པ་རྣམས་གང་ལ་ཇི་ལྟར་འཇུག་དགོས་པའི་སྒོ་གཉིས་ཇི་ལྟར་འདུམ་འགྲིག་བྱ། ཁྱོད་ཀྱིས་གོ་བ་ཉི་ཚེ་བའམ་ཕྱོགས་རིས་པ་ཞིག་ལ་ཨུ་ཚུགས་ཀྱིས་བཀྲལ་ཞིང་ཨ་འཐས་ངང་འཛིན་པར་འདོད་ན། བདག་གིས་ཐུན་བཟུང་ནས་འདུག་རྩིས་ཡིན། དེ་ལས་ལྡོག་ན་མོལ་བར་བྱའོ།།
ད་ནི་གསལ་འདེབས་བྱ་སྟེ། «མཁས་པ་རྣམས་འཇུག་པའི་སྒོ»ཞེས་པའི་ནང་དུ། ཁྱོད་ཀྱིས་དྲངས་མྱོང་བའི“སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ”ཅེས་པ་ཞིག་སྔར་བཤད་པ་ལྟར་ཁྱོན་ནས་མི་གསལ། གསལ་ཐག་ཆོད་ནི། “བོད་འདི་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས་སྤྲོས་པ་དེ་ཙམ་ཞིག་ལས་རེ་ཞིག་བཞག་གོ”ཟེར་བ་ཁོ་ནའོ།། འབྲུག་ཁམས་སྤྲུལ་བསྟན་ཆོས་ཀྱི་ཉི་མས་མཛད་པའི་«རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ»འི་ནང་དུ། “བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པ་དང་། བོད་ཀྱི་སྐད་ལ་ཚིག་སྡུད་དང་། སྡེབ་སྦྱོར་ལྕི་ཡང་གི་པྲསྟཱ་ར། གལ་གསོའི་སྡོད་མཚམས། སྦྱར་རྒྱན་ཕལ་ཆེར་དང་། སྒྲ་རྒྱན་གྱི་བྱ་དཀའ་བ་སོགས། ལ་བའི་ཐག་ལ་ས་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ་པས་ཉེར་མཁོ་ཆུང་བར་དགོངས་ནས་གོ་དོན་ཚང་བར་ཁྲོལ་བའི་བཤད་པ་མ་མཛད་པས་སྦྱར་བྱང་དུ”[1] ཞེས་ས་པཎ་གྱི་ཡིན་ཐག་ཆོད་པའི་“བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས། སྤྲོས་པ་དེ་ཙམ་ཞིག་ལས་རེ་ཞིག་བཞག་གོ”ཞེས་པར་དོན་འགྲེལ་སྐབས་སུ། “ལ་བའི་ཐག་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ”ཅེས་པ་འདི་གཞི་ནས་བྱུང་བ་ཡིན་འདྲ། དེ་སྔའམ། ཁམས་སྤྲུལ་གྱི་སྔོན་དུ་ཚིག་དེ་ལྟ་བུ་ཞིག་གཏན་ནས་མེད་ཅེ་ན། ཕལ་ཆེར་དོན་དང་མཐུན་ལ་བཤད་པ་ཡང་དག་ཡིན་སྣང་སྐྱེ།
སླར་ཡང་སྨྲ་ན། ལ་བའི་ཐག་ལ་ས་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ་ཅེས་པ་འདི་ས་པཎ་གྱི་ཚིག་མ་རེད། ཁོང་གི་ལྗགས་རྩོམ་གང་དུའང་མི་གསལ། འདི་ནི་ཁམས་སྤྲུལ་གྱི་ཚིག་ཡིན་པར་གོང་དུ་བཤད་བཞག་ཡོད། ཁམས་སྤྲུལ་གྱིས་དོན་འགྲེལ་དེ་དག་ས་པཎ་གྱི་ཡིན་ཤག་གནང་མཁན་སྔོན་ཆད་ཀྱང་ཡོད་པ་འདྲ། ཨ་ལགས་ཚེ་ཏན་ཞབས་དྲུང་གིས་མཛད་པའི་«སྙན་ངག་སྤྱི་དོན»དུ། “མཁས་པ་འཇུག་པའི་སྒོར་འདི་སྐད་གསུང་སྟེ”ཞེས་གོང་དུ་དྲངས་པའི་ཁམས་སྤྲུལ་གྱི་ཚིག་ཆ་ཚང་བཀོད་པ་དེ་ས་པཎ་གྱི་ཚིག་ཡིན་པ་གཞིར་བཞག་གནང་། ངས་བལྟས་ན་ཁོང་གིས་ཀྱང་«མཁས་པ་རྣམས་འཇུག་པའི་སྒོ»དཔར་གཞི་ངོ་མ་དེ་གཟིགས་མྱོང་མེད་ཚོད། གལ་ཏེ་ཡོད་ཟེར་ན། དེའི་ནང་དུ་དེ་ལྟ་བུའི་ཚིག་ཅིག་གཞི་མ་གྲུབ་པ་ངེས་པར་མཁྱེན་དགོས་ལ། མ་མཁྱེན་པ་ཇི་ལྟར་ཡིན་གྲང་། གཅིག་བྱས་ན་ནམ་གཡེང་གི་དབང་དུ་སོང་བ་ཡིན་འགྲོ། ཁམས་སྤྲུལ་གྱིས“ལ་བའི་ཐག་ལ”ཞེས་སྦྱར་འདུག་པ་ལ། ཞབས་དྲུང་གིས“སྣམ་བུའི་ཐགས་ལ”ཞེས་བྲིས་འདུག དོན་གཅིག་ཏུ་འགྲོ་བ་ཆ་ཞོག སེང་རྡོར་གྱིས་“སྣམ་བུའི་ཐགས་ལ”ཞེས་བྲིས་པར་བརྟག་ན། ཇོ་ཇོ་ཁྱོད་ཀྱིས་«སྙན་ངག་སྤྱི་དོན»རང་ལ་བློ་ཁེན་པ་ཨེ་ཡིན། ས་པཎ་གྱི་མཁས་འཇུག་རང་ལ་མ་གཟིགས་པ་ཡིན་འདྲ། ཨེ་བདེན། བདེན་ན་བློ་སྟོབས་ཆེ་ཨང་།
ད་ནི་རེ་སྐུལ་ཞིག་གི་མཇུག་འདྲིལ་ཆོག་སྟེ། སྤྱི་ཚོགས་ཁྱོན་ཡོངས་ལ་བཀྲམ་ཞིང་གྲགས་སྐད་ཆེ་བའི་དཔེ་ཆ་དག་དུས་ཇི་སྲིད་བར་དུ་གནས་པ་ཡིན་པས། དེ་བྱེད་པོ་ཀུན་གྱིས་མ་དཔྱད་པའི་བབ་ཅོལ་དང་། ཞིབ་ཆ་མ་ཐོན་པ། དོན་ནོར་འབྱུང་བ་སོགས་སྨོས་ཅི། དག་ཆ་ཚུན་ཆད་ནན་ཏུར་གྱིས་ལྟོས། འདི་རིགས་ལ་ངལ་བ་ཆེ་ལོང་ཙམ་ཞིག་བསྟེན་པས་ཚིམ་པ་མ་བྱེད་ཅིག བདག་གིས་ཞུ་སྙིང་འདོད་པ་འདི་དག་གོ། ཤིན་ཏུ་གཟབ་དགོས་པ་འདི་དག་གོ། རབ་ཏུ་གཅེས་དགོས་པ་འདི་དག་གོ། ཅི་ནས་ཀྱང་མི་ཤེས་སུ་མི་རུང་བའི་ཆ་ནི་འདི་དག་གོ། གལ་ཏེ། བགྲོ་བ་ཡོད་ཚད་པོའི་གོ་འཛོལ་བྱུང་ཡུལ་ང་ཡིན་ན། གཅིག་གཅིག་གཉིས་གཉིས་བྱས་ནས་ཤོད་དང་། ཕྲན་པས་དགའ་བས་དང་དུ་བླང་ཆོག བློ་བསྐྱེད་ཆེ་ཨང་།
2014.3.27
[1]ཁམས་འབྲུག་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི«རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ»ལས་ཤོག་གྲངས 18 ཐིག་ཕྲང 5__10 ལས་དྲངས། ཕྱི་ལོ 1986 ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།
རྩོམ་ཡིག་འདི་སེང་རྡོར་ཞིབ་འཇུག་གི་རྗེས་གསབ་ཏུ་འགྱུར་བའི་སྨོན་ལམ་ཡོད།