ཟླ་བ་ཆོས་གྲགས།
ངས་དེ་རིང་དྲ་བའི་ལམ་ནས་ཕ་ཡུལ་རྡོ་རྗེའི་བྲག་ཡང་བསྐྱར་མཐོང་སོང་། འདི་མཐོང་བ་དང་། ངའི་སེམས་ཁོང་ནས་བརྩེ་བའི་སྤུན་མཆེད་དམ་པ་སྒོམ་ཆེན་ཀརྨ་གྲགས་བཟང་ལགས་ཞིང་དུ་གཤེགས་ཚུལ་དེ་དྲན་སོང་། ནམ་ཟླ་སྟོན་དུས་ཤིག་གི་ཞོགས་པ་ཡར་ལ་ལངས་ཏེ། ཕ་ཡུལ་འབྲོག་ས་ཞིག་ལ་འུ་ཚང་གི་རྟ་ནོར་རྣམས་འཚོ་བསྐོར་ལ་འགྲོ་གྲབས་ཡོད། ཁྱིམ་ནས་ཅུང་མི་འགྱང་བའི་ལམ་འཕྲང་ཞིག་ཏུ། སེར་མོ་བ་ཞིག་རྦག་རྦག་གིས་བརྡབས་ཡོད་སྐད་ཐོས་ཀྱང་། སེམས་ནས་དངངས་ཚབས་ཆེར་མ་སྐྱེས། རྒྱུ་མཚན་ནི། རང་གི་གཅེན་པོ་ཉི་མ་འདྲ་བ་དེ། བསམ་ཡུལ་ལས་འདས་པ་ཕྱི་མའི་ཡུལ་དུ་ཕེབས་ཡོད་པར་མ་སེམས། དལ་བུར་རི་ལ་ཕྱིན་ཏེ་རྟ་ནོར་སོགས་ལ་ཞིབ་བལྟ་བྱས་རྗེས། ཁྱིམ་དུ་ལོག་ཡོང་བ་ན། ཨ་མའི་གདོང་ལ་སྲིབ་རི་གྲིབ་ནག་གིས་ཁེབས་པ་ལྟ་བུའི་རྣམ་འགྱུར་ཞིག་བསླེབས་ནས་འདུག །ངས། ཨ་མ་རང་ག་རེ་བྱས་སོང་། ཞེས་དྲིས་པ་ན། ཨ་མས། བུ་ངེད་ཚང་ཚར་སོང་འདུག །ཟེར། ད་དུང་ངས་སྤུན་མཆེད་ཕྱི་མའི་ཡུལ་དུ་གཤེགས་ཡོད་པ་མ་ཚོར། ཡང་བསྐྱར་ངས་ཨ་མར་སྔོན་གྱི་དྲི་བ་དེ་དྲིས་པ་ན། གྲགས་བཟང་རྦག་རྦག་གིས་བཀྲོང་ཚར་འདུག །ཟེར། ངས་དྲན་མ་མྱོང་བའི་གཏམ་ངན་དེ་རྣ་ལམ་དུ་ཐོས་པ་དང་། ཉི་མའི་དྲོད་ཡལ་སོང་། ཟླ་བའི་མངངས་ཤོར་སོང་། གནམ་ས་མགོ་སྟེང་ལོག་སོང་། ཡོད་ཚད་སྟོང་པར་གྱུར་ནས། སྙིང་གསོན་པོ་རྡོ་ལ་ཐོགས་པ་དང་། སྤྲིན་ནག་པོས་བར་སྣང་ཁེངས་པ། སྡུག་མུན་པས་ཕྱོགས་བཞི་གང་བ་ལྟ་བུའི་ཅི་བྱ་དང་འདི་བྱེད་མེད་པའི་ཆུ་ཚོད་ཅིག་བསླེབས་ནས། བུ་ཆུང་ངས་བསམ་མནོ་གཏོང་ཐེངས་བརྒྱ་བྱས་ཀྱང་། འདི་ནི་རྨི་ལམ་མ་རེད་ལ། འཁྲུལ་སྣང་དེ་བས་ཀྱང་མ་རེད། ཨ་མའི་ཁ་ནས་ཚིག་ངན་གྱི་མགོ་སྐོར་དེ་འདྲ་ནི་གཏོང་མི་སྲིད། དངོས་གནས་སེམས་སྐྱོ་བ་ལ།
སྤྱིར་རང་ཡུལ་ཚོ་དྲུག་སྡེ་བ་དང་། སྒོས་མཆེད་པོ་ཁོང་གི་སྒོམ་ཁྲིད་ཉམས་ལེན་ལ་བརྟེན་ནས་ཆོས་ལམ་དུ་ཞུགས་པའི་ཇོ་སེར་རྣམ་པ། མ་ཟད་འུ་ཚང་ལ་བཀའ་དྲིན་ཆེ་བའི་བླ་མ། རེ་བ་བྱེད་སའི་དཔོན་པོ་དང་། ལས་བཟང་ངན་འདྲི་སའི་ཤེས་ལྡན། ཐབས་སྣ་ཚོགས་སྟོན་པའི་དཔུང་གྲོགས་དེ། དེ་རིང་འཇིག་རྟེན་འདི་ནས་ཁ་བྲལ་ཏེ། ཕྱི་མའི་ཡུལ་དུ་ཕེབས་ཡོད་དམ་སྙམས་ཏེ། བྲང་ལ་ལག་ཆུང་བཞག་སྟེ་ཇི་ལྟར་གཞིགས་ཀྱང་། སྐྱོ་བའི་སེམས་པ་བུ་ཡུག་བཞིན་འཚུབ་སོང་། འདི་དངོས་གནས་མ་ཡིན་པའི་ཚིག་འབྲུ་ཞིག་ཐོས་རྒྱུ་མི་འདུག །ཨ་མ་ད་འུ་ཚང་གིས་ཅི་ཞིག་བྱེད། ཅེས་དྲིས་ཀྱང་། ཨ་མའི་ངོ་གདོང་ནས་མིག་ཆུ་ལྷབ་ལྷུབ་ཏུ་བཞུར་བ་ལས། འདི་བྱེད་ཅེས་པའི་ལན་ཞིག་ཐོབ་མ་སོང་།
ངས་ཕྱིར་དྲན་ཐེངས་རེ་བྱེད་དུས། གནས་རྡོ་རྗེའི་བྲག་གི་གཟིམ་ཆུང་དང་། སྒོམ་ཆེན་ཁོང་གི་གཟིམ་ཁྲི་སོགས་མིག་ལམ་དུ་ཡང་ཡང་ཤར་གྱིན་འདུག་ལ། མ་ཚད་ཁོང་གིས་ཞོགས་པའི་སྐྱ་རེངས་མ་གསལ་བའི་ཡར་སྔོན་དུ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་པའི་ཚིགས་བཅད་ཅིག་གིས་མགོ་བཙུག་སྟེ། ཕྱག་གཉིས་མཉམ་བཞག་དང་། ཞབ་གཉིས་དཀྱིལ་ཀྲུང་ངང་བཞུགས་ཏེ། ཡིད་སེམས་འགུག་པའི་སྒོམ་དང་ཉམས་ལེན་ལ་ཕྱིར་གཞིག་རེ་བྱས་ཚེ། དངོས་གནས་འུ་ཚོ་བསོད་ནམས་དམན་པ་ལ་སྙམས་པའི་སེམས་སྡུག་རི་བོ་ལས་ཆེ་སོང་། སྐྱོ་སེམས་རྒྱ་མཚོ་ལས་ཟབ་ཐལ། གལ་སྲིད་ཁོང་འཇིག་རྟེན་འདིར་མུ་མཐུད་ནས་འཚོ་བཞུགས་ཐོབ་ཡོད་ན། འུ་ཚོའི་ལུང་པར་སྔར་དང་མི་འདྲ་བའི་བཟང་ཕྱོགས་ཀྱི་འགྱུར་བ་དང་། ཆོས་ཕྱོགས་ཀྱི་མཛད་ཕྲིན་གང་མང་ཞིག །སྔོན་རབས་རྒས་པ་ཚོས་རྨི་ལམ་དུ་རྨིས་མ་མྱོང་བ་དང་། དེང་སང་ན་གཞོན་ཚོས་བསམ་ཡུལ་ལས་དྲན་མ་མྱོང་བའི་རླབས་ཆེན་གྱི་བྱ་བཞག་སྣ་ཚོགས་མགོ་འཛུགས་བཞིན་པ་དང་། བསྒྲུབས་ཟིན་པ་ཧ་ཅང་མང་བའི་མཆེད་པོ་ཁོང་ལྟ་བུ་ནི་ཡུལ་ལུང་པའི་ཡོད་ཚད་ཀྱི་རེ་བའི་མིག་ཟུང་ཡིན་ལ། སྙིང་གི་ནོར་བུ་ཡང་ཡིན། ཁོང་འཇིག་རྟེན་འདི་ནས་ཁ་བྲལ་བ་དེ་ནི་འུ་ཚོའི་ཕ་ཡུལ་ལ་མཚོན་ན་ལོ་ཟླ་ནག་པོ་ཞིག་དང་། ནམ་དུས་མག་མོག་ཅིག །སྐར་ཚོགས་ཀྱང་མདངས་མེད་དུ་གྱུར་པ་མ་ཟད། ཡོད་ཚད་སྟོང་པ་ཞིག་ཏུ་ཚོར་སོང་བས། ངས་དེ་རིང་འདི་ནས་སྒོམ་ཆེན་ཁྱེད་ཀྱི་འདས་རྐྱེན་ལ་ཕྱིར་མིག་འཕེན་ན་འདོད་ལ། ཁྱེད་ཀྱི་མཛད་ཕྲིན་ལ་རྗེས་དྲན་བྱེད་ན་འདོད།
ཐ་མ་ཨ་རག་ཤོ་དང་རྒྱན་ལ་སོགས། །
ཚིག་ངན་ངག་འཁྱལ་མནའ་དང་མཐུ་བཅས་པ། །
མི་དགེའི་བྱ་བ་མཐའ་དག་བཅོམ་མཛད་པ། །
སྒོམ་ཆེན་ཀརྨ་གྲགས་བཟང་སྙིང་ནས་དྲན། །