བྲེ་ནག
སྨག་རུབ་ཀྱི་འཇིག་རྟེན་ཞིག་རྡོལ་ལ་ཁད་དུ་མཆིས།
བརྩེ་མདངས་དང་ལྡན་པའི་ཉ་གང་གི་ཟླ་བ།
སུ་ཞིག་གི་ཆེད་དུ་དེ་ལྟར་འཛུམ་ཞིང་།
གང་ཞིག་གི་སླད་དུ་དེ་ལྟར་སྒེར་ཏེ།
གྱེན་དུ་འཕྱོ་བའི་ཟེགས་མའི་རླབས་འཕྲེང་དག་ལ་འཕར་ལྡིང་གི་ངར་ཤུགས་གསོན་པོ་ཞིན་བྱིན།
འཇིག་རྟེན་འདི་མུན་དུ་རུབ་པ་བདེན་ཡང་།
ས་གཞི་འདི་གཉིད་དུ་ཡུར་བ་ཆོག་ཀྱང་།
གང་ཞིག་ད་དུང་ཡང་ཀྲོང་ངེར་ལངས་བར་ཅིའི་ཕྱིར་ལན།
མུན་ནག་དེའི་ཁྲོད་དུ་ད་དུང་ཅི་ཞིག་མཆིས་སམ།
གང་ལྟར་ཀྱང་།
སྟེང་འོག་མགོ་རྟིང་སློག་པའི་གསར་བརྗེ་ཞིག་གི་ཧྲག་དབར་ནས།
རེས་གསལ་རེས་མུག་གི་མངོན་དུ་འོང་བ་ནི།
འཛུམ་འཛུམ་གྱིས་འཕྲོ་བའི་ཉ་གང་གི་ཟླ་བ་དེ་མིན་ན་ཅི།
སྒྱུ་འཕྲུལ་ལ་ཕྱོགས་པའི་འདབ་གཤོག་གི་འཕུར་རྩལ་དེ།
མཁའ་དབྱིངས་སུ་ལྡིང་བའི་ཐང་དཀར་གྱི་རང་དབང་དེ་ཡིན་ན།
ལམ་ལམ་དུ་འཚེར་བའི་སྐར་ཚོགས་ཀྱང་།
མུན་ནག་འདིའི་མིག་ཟུང་ཅི་ལ་མིན་ཞིང་།
སྒེའུ་ཁུང་ལས་འཕྲོས་པའི་དངུལ་མདོག་གི་ཟླ་ཟེར་འདི།
གང་ཞིག་གི་བདེ་སྐྱིད་དེ་མིན་པ་ཡང་ཅི་ནས་སྲིད།