མི་གསོན་པོ།
——-འབའ་བ་ཕུན་ཚོགས་དབང་རྒྱལ་གཤེགས་པ་ཐོས་རྗེས།
ཤག་ཤག་ཆར་པ་རྒྱུ་བའི་ཅ་ཅོའི་སྒྲ།།
གྲང་རེག་བསིལ་པོ་ལྡང་བའི་གྲོགས་དང་ལྷན།།
ལྷིང་འཇགས་གཉིད་ལ་འཇབ་རྒོལ་ཐེབས་པའི་དུས།།
སེམས་རྩ་གྲང་བས་མནར་བའི་ཟུག་རྔུས་གདུངས།།
རབ་རིབ་རྨི་ལམ་འཚུབ་པའི་བག་ཆགས་བདུད།།
གདོན་གཟུགས་སྙིང་ལ་འཐིབས་པའི་བདེན་ཞེན་གྱི།།
སེམས་ཁམས་ན་ཟུག་རྒོད་པའི་ཚོར་སྣང་དེས།།
ཐོ་རེངས་དུས་ཀྱི་དགའ་སྟོན་ལྷག་མེད་ཟོས།།
དྲན་རྟོག་ཐེ་ཚོམ་འགྲོགས་པའི་བཀོད་བྱུས་ཀྱིས།།
སྒྱུ་འཕྲུལ་དྲ་ལམ་འགྲིམས་པའི་ཁུག་སོ་ནས
རླབས་ཆེན་སྐྱེས་བུ་ཞིག་གི་ཚེ་སྲོག་འགྲོས།།
ནུབ་ཕྱོགས་བདེ་ཆེན་བཞུད་པའི་ལོ་རྒྱུས་མཐོང་།།
དུས་ཀྱི་འཁོར་ལོ་བསྐྱོད་པའི་ཀྱོག་མཚམས་ནས།།
གསར་རྙིང་བརྗེ་ལེན་སྤྲོ་བའི་རིགས་ཞེན་གྱི།།
ལོ་རྒྱུས་སྣང་བ་འཛུམ་པའི་སྒྲོན་མེ་ཞིག།
གློ་བུར་གཟིམས་པའི་སྐྱོ་གདུང་སྙིང་དུ་ལྕི།།
བདེན་དོན་སེམས་ལ་ཉར་བའི་ཀུན་སྤྱོད་ཀྱིས།།
གཉའ་གནོན་གཤེད་མའི་ཚོགས་ལ་བརྒོལ་བའི་གཏམ།།
མི་འཇིགས་དུས་སུ་སྒྲོག་པའི་སྙིང་ཁམས་ཅན།།
འབའ་བའི་དཔའ་བོ་བཞུད་འདི་བདེན་ནམ་ཅི།།
འཚོ་གནས་དགོས་མཁོ་འཚོལ་བའི་རྟོགས་སད་ཀྱིས།།
ཡོད་ཚད་རང་དབང་བདེན་པའི་འཐབ་རྩོད་རྙེད།།
རང་དབང་ཆེད་དུ་རང་དབང་ཤོོར་བ་ཡི།།
ལོ་རྒྱུས་རྡོ་རིང་བཞེངས་པའི་དཔའ་བོ་དྲན།།
ཆིན་ཁྲེང་བཙོན་དུ་མི་ལོ་བཅོ་བརྒྱད་རིང་།།
གཅིག་པུ་གྱང་ལ་གཟིགས་པའི་ཀུན་རྟོག་ཁྲོད།།
རྩོད་སྒྲུབ་རིག་པ་འབུམ་གྱི་ཆ་ལག་ཅན།
རྟོག་དཔྱོད་མེ་ཏོག་འཛུམ་པའི་ལོ་རྒྱུས་བྲིས།།
དུས་གསུམ་མཁྱེན་པའི་ཐུགས་ལས་འགོངས་པ་དང་།།
ངོ་མཚར་ཚན་རིག་རྩལ་ལས་བརྒལ་བ་ཡི།།
བརླན་གཤེར་ཕུང་པོ་བསྐྱིལ་བའི་ཡ་མཚན་དཔྱིད།།
ཆུ་ཤེལ་ཟླ་བའི་མཛེས་སྡུག་ཁྱེད་ཀྱིས་མཐོང་།།
མི་རིགས་ཆེན་པོ་ཁྲོས་པའི་མཆེ་སྡེར་འོག།
གྲངས་ཉུང་མི་རིགས་བཙིར་བའི་གདུག་རྩུབ་གར།།
མར་ལེ་རིག་པའི་གཞུང་གི་གཏན་ཚིགས་ཀྱིས།།
གཡོ་སྒྱུ་མངོན་མཚང་འབུམ་གྱི་རྫུན་རྐུབ་བརྟོལད།།
བློ་སེམས་ཆོས་དང་མཐུན་མིན་དོན་ཆེན་མིན།།
དམར་པོའི་རིང་ལུགས་བཟུང་མིན་གལ་ཆེན་མིན།།
བསམ་བློའི་སྦུག་ཏུག་ཏུ་ཉར་བའི་འདུ་ཤེས་ཀྱི།།
བརྩེ་སེམས་བོད་ལ་ཟབ་པ་བདེན་དོན་དངོས།།
ཆོས་ཉིད་དུས་ཀྱི་རྒྱལ་མོའི་བཀའ་ལུང་གིས།།
མི་རྟག་ལྔ་པའི་མགྲོན་བརྡ་གྱེར་བའི་སྟབས།།
ཚེ་སྲོག་དྲོན་མོའི་གྱེས་ཕྱག་ཞུ་བའི་དུས།།
གདུང་བའི་མིག་ཆུས་ཁྱེད་ལ་སྐྱེལ་མ་ཞུ།།
མི་རིགས་ཀྱི་དཔའ་པོ་ཁོང་ལ་མྱ་ངན་ཞུ།
རྗེས་སུ་ཡིད་རང་ཞུ།
ངོ་མ་དོན་དང་མཐུན་པའི་་རྗེས་དྲན་གནང་འདུག